ཨོ་ཇ་ཙི་རཱ་བརྙན་འཕྲིན་ཁང་གི་དབྱིན་སྐད་སྡེ་ཚན་གྱིས་ཉིས་སྟོང་བཅུའི་ལོ་མཇུག་ཏུ་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་ར་སྦི་ཡ་ཁཱ་ཌིར་ལགས་ལ་བཅར་འདྲི་བྱས་པའི་ནང་དོན་དབྱིན་ཡིག་ནས་བོད་ཡིག་ཏུ་ཕབ་བསྒྱུར་བྱས་པ་ཞིག་གཤམ་དུ་བཀོད་ཡོད།
སྐུ་ལྕམ་ར་སྦི་ཡ་ཁཱ་ཌིར་ནི། ༡༩༤༧ ལོར་ཤར་ཏིར་ཁི་སི་ཐན་ནམ་ད་ལྟའི་ཞིན་ཅང་གི་ཨོ་ཏེའི་ས་ཆར་སྐྱེས། ཁོ་མོ་ནི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཞིག་ཡིན་པ་དང་། ཁོ་མོས་ཚོང་ལས་ཚོགས་པ་བཙུགས་པ་དང་རྒྱ་ནག་ནང་གི་མི་ཕྱུག་ཤོས་བདུན་པ་ཆགས། ༡༩༩༩ ལོར་འཛིན་བཟུང་ཐེབས་ནས་བཙོན་དུ་ལོ་ ༦ བསྡད། ༢༠༠༦ ལོར་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཀྱི་འོས་མིར་མིང་འདོན་བྱས་མྱོང་ཡོད།
རི་ཛི་ཁན། ར་སྦི་ཡ་ཁཱ་ཌིར་ལགས། ཁྱེད་དང་གླེང་མོལ་བྱ་བར་དངོས་ནས་དགའ་བྱུང་།
རེ་སྦི་ཡ་ཁཱ་ཌིར། ཐུགས་རྗེ་ཆེ།
རི་ཛི་ཁཱན། ཁྱེད་ལ་མི་ཚེའི་གཏམ་རྒྱུད་ཕུལ་དུ་བྱུང་བ་འདུག འོན་ཀྱང་ངས་ཤེས་པ་ལྟར་ན་གཏན་ཚིགས་ཀྱི་རིགས་ལམ་དེ་ཁྱེད་ཀྱི་ཡབ་ཀྱིས་བཤད་པའི་སྒྲུང་ཞིག་སྟེ་གྲོག་མ་དང་བྱེའུ་ཡི་གཏམ་རྒྱུད་ཅིག་ལས་བྱུང་བ་ཡིན་པ་དང་། སྒྲུང་དེ་ང་ལ་གསུངས་དང་།
རེ་སྦི་ཡ་ཁཱ་ཌིར། ང་ཚོའི་ཁྱིམ་ཚང་ནི་ཁྱིམ་ཚང་ཕལ་བ་ཞིག་ཡིན། སྔར་ཨ་ཕས་དུས་རྒྱུན་དུ་ང་རང་ཐེ་བའི་ཕུ་བོ་ཕུ་མོ་དང་ནུབ་བོ་ནུ་མོ་ཚོ་ལ་གཤོག་སྒྲོ་ཡི་ང་རྒྱལ་གྱིས་འབུ་གྲོག་མ་ཆུང་ཆུང་ཞིག་ལ་མཐོང་ཆུང་བྱེད་མཁན་གྱི་བྱེའུ་ཡི་སྒྲུང་དེ་བཤད་མྱོང་བ་དང་། སྒྲུང་དེར་འབུ་གྲོག་མས་རང་གི་ཆོད་སེམས་དང་འདུན་པ་ལ་བརྟེན་ནས་མཐའ་མཇུག་བྱེའུ་ལས་རྒྱལ། བྱེའུ་ལ་གཤོག་ཟུང་ཡོད་ན་གྲོག་མ་ལ་སྟོབས་དང་ཡིད་ཆེས་དང་རེ་བ་ལྡན། ཁ་ཆེའི་སྟོན་པ་ཨ་ལཱ་ཡི་བྱིན་རླབས་ཀྱི་མཐུན་རྐྱེན་རག་པས་མཐའ་མཇུག་གྲོག་མའི་དམིགས་ཡུལ་གྲུབ། དེའི་དབང་གིས་ཡབ་ཀྱིས་ནམ་རྒྱུན་ང་ཚོར་དུས་དང་རྣམ་པ་ཀུན་ཏུ་འདུན་པ་བརྟན་པོ་དགོས་པ་དང་རང་ཉིད་ལ་ཡིད་ཆེས་དགོས་ཞེས་གསུངས་པ་ཡིན།
རི་ཛི་ཁཱན། ༢༠༠༦ ལོ་ནས་བཟུང་སྟེ་ཁྱེད་ཀྱིས་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་མུས་ཡིན་པ་དང་། ད་ལྟ་ཁྱེད་རང་གིས་གནང་བཞིན་པ་དེའི་ཕྱོགས་ལ་ཁྱེད་རང་གི་དུས་ཚོད་ཇི་ཙམ་གཏོང་དགོས་སམ།
རེ་སྦི་ཡ་ཁཱ་ཌིར། བཙོན་ལས་གྲོལ་བའི་རྗེས་ནས་ངས་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་དངོས་སུ་བླངས་པ་ཡིན། ཉིན་མོ་དེ་ནས་བཟུང་སྟེ་ངའི་དུས་ཚོད་དང་ནུས་ཤུགས་ཡོད་ཚད་ལས་འགུལ་འདིའི་ཕྱོགས་ལ་བཏང་བ་ཡིན་ཞེས་བཤད་ཆོག
རི་ཛི་ཁཱན། ཡུ་གུར་གྱི་རིག་གནས་དང་སྲོལ་རྒྱུན་གྱི་འཚོ་བ་རྒྱུད་འཛིན་བྱ་བར་དཀའ་ལས་ཇི་འདྲ་འདུག་གམ།
རེ་སྦི་ཡ་ཁཱ་ཌིར། རྒྱ་ནག་གཞུང་གིས་ང་ཚོར་ཆེད་ཏུ་དམིགས་ནས་རྒོལ་རྡུང་བྱས་པ་དང་ལྷག་པར་དུ་ང་ཚོའི་ཆོས་དད་དེ་རྩ་གཏོར་གྱི་དམིགས་འབེན་དུ་བཟུང་བའི་རྐྱེན་གྱིས་ཡུ་གུར་བ་ཚོས་རང་གི་རིག་གནས་དང་སྲོལ་རྒྱུན་རྒྱུད་འཛིན་བྱ་དཀའ་བར་འདུག རྒྱ་ནག་གཞུང་གིས་ཐོག་མར་ང་ཚོའི་ཆོས་དད་རྩ་མེད་གཏོང་བསམས་པ་དང་། ང་ཚོའི་ངོས་ནས་ཆོས་དད་ཉམས་ན་རང་གི་རིག་གནས་དང་སྲོལ་རྒྱུན་དང་བཟང་སྤྱོད་སོགས་ཤོར་འགྲོ་བ་ཡིན། དེ་ནས་ཁོ་ཚོས་ཡུ་གུར་བའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་མི་ཚོ་ཚེ་བཙོན་དུ་བཅུག་པའམ་སྲོག་ཆད་བཅད་ནས་རྩ་མེད་བཟོས་པས། ང་ཚོས་རང་ཉིད་ཀྱི་འཚོ་བའི་གོམས་སྲོལ་རྒྱུད་འཛིན་ཐུབ་རྒྱུ་ཕལ་ཆེར་དཔེ་མི་སྲིད། འདས་པའི་དུས་སུ་རྒྱ་ནག་གཞུང་གིས་འཆར་གཞི་དང་ལྡན་པའི་སྒོ་ནས་ང་ཚོ་ཁ་ཆེའི་ཆོས་དད་གཏོར་བཤིག་བཏང་བ་དང་། ཡུ་གུར་བ་ཚོ་ནི་རང་ཉིད་ཀྱི་ཆོས་ལུགས་དད་པ་ཅི་ཡིན་མི་ཤེས་པར་རྨོངས་སུ་བཅུག་ནས་བཞག ༢༠༠༡ ལོའི་ཟླ་ ༩ ནང་དུ་འཛམ་གླིང་ཡོངས་སུ་འཇིགས་སྐུལ་ལ་རྒོལ་བའི་འཐབ་འཁྲུག་བྱུང་བའི་རྗེས་སུ། རྒྱ་ནག་གཞུང་གིས་ང་ཚོ་ཁ་ཆེ་ཡིན་པར་ཁ་གཡར་བ་དང་ཁ་ཆེའི་ཆོས་དད་ལ་ངན་ཁག་བཀལ་ཏེ་ང་ཚོ་དགྲ་ཟླར་བཟུང་བ་དང་༼ཁ་ཆེ་དྲག་སྤྱོད་པ༽ལ་བརྩིས་ནས་གནོད་འཚེ་གཏོང་མགོ་བརྩམས་སོང་།
རི་ཛི་ཁཱན། ང་རང་གཉིས་ནས་ཁྱེད་ཀྱི་བྱིས་དུས་ཀྱི་འདས་དོན་ལ་གླེང་མོལ་ཞིག་བྱེད་དང་། ཁྱེད་ནི་ཤར་ཏིར་ཁི་སི་ཐན་ནམ་རྒྱ་ནག་གིས་བཟུང་བའི་རྗེས་སུ་ཞིན་ཅང་དུ་འབོད་པ་དེའི་ཨོ་ཏའེ་ས་ཆའི་ཁྱིམ་ཚང་དབུལ་བོ་ཞིག་ཏུ་སྐྱེས་འདུག ཁྱེད་ཀྱིས་དེ་དུས་ཀྱི་འདས་དོན་སྔ་ཤོས་གང་ཞིག་དྲན་ནམ། དེའི་དུས་སུ་ཡུ་གུར་བ་བཞི་ཆའི་གསུམ་ཡང་ས་ཆ་དེར་འདུག སྔར་གྱི་བྱིས་པའི་དུས་དེ་གླེང་རོགས་གནང་དང་།
རེ་སྦི་ཡ་ཁཱ་ཌིར། ན་ཆུང་བྱིས་པའི་དུས་སུ་ང་རང་ཆེས་ཡིད་འཕྲེང་པ་ནི་ཕ་ཡུལ་གྱི་རང་བྱུང་མཛེས་སྡུག་ཡིན། ངའི་ཕ་ཡུལ་དེ་ནི་ལྗོན་ཤིང་དང་ནགས་ཚལ་གྱིས་ཕྱུག་པ་དང་རྔམ་བརྗིད་ལྡན་པའི་རི་ཚོགས་ཀྱི་ཉེ་འཁོར་ན་བྱ་བྱེའུ་ཡིས་སྐད་སྙན་སྒྲོག་ཅིང་བྱ་རྒྱལ་རྒོད་པོ་དག་མཁའ་དབྱིངས་ན་གར་ལ་རྩེན་པའི་མཛེས་སྡུག་གི་ཡུལ་གྲུ་ཞིག་ཡིན། དེ་ནི་ཧ་ཅང་ལྷིང་འཇགས་ཀྱི་གནས་ཤིག་ཡིན། ད་དུང་གྲོང་གི་ཉེ་འཁོར་དང་རང་བྱུང་ཁོར་ཡུག་ན་གནས་པའི་གཤིས་བཟང་གི་ཁྱིམ་མཚེས་ཚོ་དང་སློབ་གྲོགས་ཚོའང་ཡིད་འཕྲེང་བ་ཞིག་ཡིན། ངའི་སེམས་པའི་ན་ཟུག་ཆེ་ཤོས་ནི་ང་བྱིས་པ་ཡིན་དུས་སུ་བཙན་ཤེད་ཀྱིས་འདི་ཡོད་ཚད་དང་ཁ་བྲལ་དུ་བཅུག་པ་དེ་ཡིན།
རི་ཛི་ཁཱན། ངས་གོ་ཐོས་ལ་ཁྱེད་ཀྱིས་བྱིས་པའི་དུས་ཕལ་ཆེ་བར་རྒྱ་མི་མཐོང་མྱོང་མི་འདུག ཁྱེད་ཀྱིས་ཐོག་དང་པོར་རྒྱ་མི་མཐོང་བ་དེ་དྲན་ནམ།
རེ་སྦི་ཡ་ཁཱ་ཌིར། ང་ཚོས་ཕ་མ་ཚོ་ལས་རྒྱ་མི་ཟེར་བ་ཞིག་ཡོད་པ་གོ་ཐོས་བྱུང་། ཕྱིས་སུ་རྒྱ་མི་སླེབས་པའི་ཚེ་ན། ཁོ་ཚོས་ང་ཚོ་ལ་ཁྲོམ་སྲང་འཕྱག་པ་དང་སྒེའུ་ཁུང་འཕྱི་རོགས་བྱས་པ་ངས་མིག་གིས་མཐོང་། ཐ་ན་ང་ཚོར་ནད་བཅོས་ཀྱང་བྱས་སོང་། ང་ཚོས་བསམ་པར་ཁོ་ཚོ་ནི་སྔར་ཐོས་པའི་སྒྲུང་ནང་གི་མི་དང་མི་འདྲ་བར་དཔེ་མེད་ཡག་པོ་འདུག་སྙམ། ཕྱིས་སུ་ང་ཚོའི་ཚེ་སྲོག་དུམ་བུར་བཏང་བ་དང་ཁྱིམ་མཚེས་རྣམས་ཁ་གཏོར་བ་དང་རུ་སྐོར་རྣམས་གཏོར་བཤིག་བྱས་པའི་ཚེ། ཁོ་ཚོ་དོན་ངོ་མར་གང་འདྲ་ཡིན་པ་ད་གཟོད་ཧ་གོ་སོང་།
རི་ཛི་ཁཱན། ཁྱེད་ཡིན་ན་བཟའ་མི་མང་བའི་ཁྱིམ་ཞིག་ཏུ་འཚར་ལོངས་བྱུང་འདུག ངས་ཤེས་པ་ལྟར་ན་ཁྱེད་ཀྱིས་རང་ལ་སྤུན་བདུན་ཡོད་པར་གསུངས། འོན་ཀྱང་དེ་ཚོའི་ནང་གི་ཁ་ཤས་ཁྱེད་ཀྱི་ཤ་རུས་གཅིག་པའི་ཕུ་བོ་ཕུ་མོ་དང་ནུ་བོ་ནུ་མོ་མིན་པ་དང་། ཁོ་ཚོ་ཁྱེད་ཀྱི་ཨ་ཕས་ཉར་བའི་ད་ཕྲུག་ཡིན་པ་དང་། ཁོང་བྱེས་སུ་བསྐྱོད་པའི་དུས་སུ་རང་དབང་སྦྱིན་བསམ་ནས་རང་ཁྱིམ་དུ་འཁྲིད་ཡོང་པའི་བྱིས་པ་ཡིན་འདུག ཁོ་ཚོའི་སྐོར་ང་ལ་གླེང་རོགས་གནང་དང་།
རེ་སྦི་ཡ་ཁཱ་ཌིར། ངས་རང་གི་ཕ་མ་གཉིས་ལས་རང་ཉིད་གཞན་དོན་དུ་བློས་གཏོང་བ་རྟོགས་སོང་ཟེར་ན་ཆོག རྒྱུ་མཚན་གང་ཡིན་ཞེ་ན། ཨ་ཕས་ད་ཕྲུག་ཚོ་རང་ཁྱིམ་དུ་འཁྲིད་ཡོངས་བ་དང་ང་ཚོ་ཁྱིམ་གཅིག་བྱས་ནས་བསྡད། ཅི་ཡོད་པ་ཚང་མ་འདྲ་མཉམ་གྱིས་ལོངས་སུ་སྤྱད། ཚང་མ་ཤ་ཁྲག་རུས་རྒྱུད་གཅིག་ཡིན་པའི་ཚུལ་གྱིས་འཚོ་བ་བསྐྱལ། ཁྱིམ་ཚང་ནང་ན་ང་ཚོར་གསོས་ཕྲུག་ཅེས་པའི་འདུ་ཤེས་མེད། ང་ཚོ་ཕུ་བོ་ཕུ་མོ་དང་ནུ་བོ་ནུ་མོ་རྣམས་ཕན་ཚུན་ལ་བྱམས་པ་ཡིན། ང་རང་གིས་ཀྱང་བྱིས་པ་གཞན་ཉར་བ་དང་ཁྱིམ་ཚང་ནང་དུ་ང་ཚོར་སྔར་བཞིན་གསོས་ཕྲུག་ཅེས་པའི་འདུ་ཤེས་མེད། དེའི་ཕྱིར་རང་ཉིད་འཚར་ལོངས་བྱུང་རིམ་ཁྲོད་ནས་གཞན་དོན་དུ་བློས་གཏོང་བའི་བསླབ་བྱ་རང་རྒྱུད་ལ་འབྱོར་སོང་། ངས་ཉར་བའི་ཕུ་ནུ་དང་ལྕམ་སྲིང་ཁ་ཤས་ཀྱིས་རང་གི་བུ་མོའི་མིང་ལ་ར་སྦི་ཡ་བཏགས་འདུག ང་རང་བྱིས་པ་དེ་ཚོར་ལྷག་ཏུ་སེམས་ཐག་ཉེ་བོ་འདུག
རི་ཛི་ཁཱན། སྤྱི་ལོ་ ༡༩༥༡ ལོར་ཐོག་དང་པོའི་རྒྱ་དམག་རྣམས་སླེབས་པ་དང་ཁྱེད་རང་ཕ་ཡུལ་དང་ཁ་བྲལ་དགོས་བྱུང་བ་དེ་དྲན་ནམ། དེའི་སྐབས་ཀྱི་འདས་དོན་བརྗེད་དཀའ་བ་འདྲ་ཡོད་དམ།
རེ་སྦི་ཡ་ཁཱ་ཌིར། རྒྱ་ནག་གིས་ངའི་ཁྱིམ་ཚང་མཐའ་སྐྲོད་བཏང་བའི་དུས་དེ་ཡིད་ན་གསལ་བོ་འདུག ཐོག་དང་པོར་ཁྱིམ་མཚེས་རྣམས་ས་གཞན་དུ་བསྐྱལ་བ་དང་། ང་ཚོས་དེ་མ་བཟོད་པར་ངུས་པའི་རྐྱེན་གྱིས་རྗེས་སུ་ང་ཚོའི་ཐོག་ཏུའང་དེ་འདྲ་བ་བྱུང་སོང་། ང་ཚོ་བཟའ་མི་རྣམས་དོས་སྐྱེལ་རླངས་འཁོར་ནག་པོ་ཆེན་པོ་ཞིག་གི་སྟེང་དུ་བཞག་ནས་ས་གཞན་དུ་བཏང་སོང་། གྲོགས་པོ་དང་ཁྱིམ་མཚེས་དང་ཕ་ཡུལ་སོགས་ལས་ཁ་ཕྲལ་བས་ངའི་སེམས་ལ་རྨ་ཁ་ཆེན་མོ་བཟོས་བྱུང་།
རི་ཛི་ཁཱན། དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་བའི་རིག་གནས་གསར་བརྗེའི་སྔ་གཞུག་ཏུ་བྱུང་བའི་མུ་གེ་ཆེན་མོའི་ཡུན་དེར་ཁྱེད་ལའང་དཀའ་སྡུག་གི་དུས་ཤིག་བྱུང་འདུག ངས་རྒྱུས་ལོན་བྱས་པ་ལྟར་ན། ཁྱེད་ཀྱིས་རང་གི་ནང་མི་རྣམས་མུ་གེ་ལས་སྐྱོབ་པའི་ཆེད་དུ་ཁྱོ་བོ་དང་པོ་དེ་དང་གཉེན་མ་བསྒྲིག་མཐུ་མེད་བྱུང་བའམ་ཡང་ན་རང་བཞིན་གྱིས་གཉེན་བསྒྲིགས་པ་འདྲ།
རེ་སྦི་ཡ་ཁཱ་ཌིར། སོ་སོའི་ཁྱིམ་ཚང་གི་ཆེད་དུ་བློས་གཏོང་ཕོད་པའི་མི་དེས་རང་གི་མི་དམངས་དང་རྒྱལ་ཁབ་ཀྱི་ཆེད་དུའང་བློས་གཏོང་ཕོད་པའི་གནས་ལུགས་འདི་ལ་ང་རང་ཡིད་ཆེས་ཡོད། ཁྱེད་ཀྱིས་གསུངས་པ་དེ་བདེན། ང་ལོ་ན་གཞོན་དུས་གཉེན་བསྒྲིགས་པ་ཡིན། དུས་དེར་ང་ལོ་ན་ཆུང་བ་དང་སློབ་གྲྭ་ལ་ཧ་ཅང་དགའ། གལ་སྲིད་ང་སྐྱེས་པ་དེ་དང་གཉེན་བསྒྲིགས་མེད་ན་ངས་རང་གི་ནང་མི་ཚོ་མུ་གེ་ལས་སྐྱབས་ཐུབ་མེད། རང་གི་ཁྱིམ་ཚང་སྐྱོབ་རྒྱུ་ནི་ངའི་འོས་འགན་ཡིན་པར་ཡིད་ཆེས་པའི་རྒྱུ་མཚན་དེ་ཡིན། རང་གི་ཁྱིམ་ཚང་སྐྱབས་ཐུབ་སོང་བས་ང་མི་དེ་ལ་གཉེན་བསྒྲིགས་པར་བློ་འགྱོད་མི་འདུག ང་མུ་མཐུད་ནས་སློབ་གྲྭར་སོང་སྟེ་རང་ཉིད་ཀྱི་སློབ་གསོ་རྒྱུན་འཁྱོངས་མ་ནུས་པ་ལ་བློ་འགྱོད་ཆེན་པོ་སྐྱེས།
རི་ཛི་ཁཱན། ཁྱེད་རང་གཉེན་བསྒྲིགས་ནས་ལོ་བཅུ་གསུམ་འཁྱོལ་བ་དང་། གཉེན་སྒྲིག་དེ་དངོས་སུ་མ་ཐོར་བར་དུ་ཁྱེད་ལ་བྱིས་པ་དྲུག་འདུག ཁྱེད་ལ་གཉེན་སྒྲིག་དཀའ་སྡུག་ཅན་ཞིག་བྱུང་བ་ཤེས། དུས་དེར་ཡུ་གུར་བའི་བུད་མེད་ཚོ་གཉེན་ཐོར་བ་མཐོང་རྒྱུ་ཧ་ཅང་དཀོན། དེ་དུས་སྤྱི་ཚོགས་འཁོར་ཡུག་གིས་ཁྱེད་ལ་རྣམ་འགྱུར་གང་འདྲ་བསྟན་སོང་ངམ།
རེ་སྦི་ཡ་ཁཱ་ཌིར། དུས་དེར་ང་ནི་བུད་མེད་ལང་ཚོ་དར་ལ་བབས་པ་ཞིག་ཡིན་ནའང་དྲི་བ་འདི་དག་གིས་རང་སེམས་ཁོང་དུ་ཆུད་པར་བྱས་སོང་། ངའི་མི་ཚེའི་ནང་དུ་ཆེས་སྐྱོ་སྡུག་གི་དུས་ཚོད་གཅིག་ནི་རང་གི་ཁྱིམ་ཚང་ཕ་ཡུལ་ནས་བསྐྲད་པའི་དུས་དེ་ཡིན། དེའི་འཕྲོ་ནས་ཆེས་སྐྱོ་བའི་དུས་ཚོད་ནི་ང་བྱ་ཐབས་ཟད་ནས་རང་གི་བྱིས་པ་དྲུག་པོ་བསྐྱུར་དགོས་བྱུང་བ་དེ་ཡིན། བྱིས་པ་ཚོ་དང་ཁ་བྲལ་དུས་སུ་ང་རང་ལོ་ན་ཧ་ཅང་གཞོན་པར་འདུག སྐབས་དེར་ང་ལོ་ ༢༩ ཙམ་ཡིན་པ་དང་དེའི་རྒྱུ་མཚན་ནི་ང་ལོ་ཆུང་ཆུང་སྟེང་ནས་གཉེན་བསྒྲིགས་པས་ཡིན། ང་ལོ་ ༢༦ ཟིན་རག་བར་དུ་བྱིས་པ་ ༦ སྐྱེས། དེ་དུས་ང་ལ་ད་དུང་ཧ་ཅང་གི་མཛེས་ཉམས་འདུག ང་ཁ་ཆེའི་ཆོས་ལ་དད་པ་སྨོས་མ་དགོས། བུད་མེད་ཅིག་ལ་སྐྱེས་པ་ཞིག་གི་དཔུང་རོགས་མེད་པར་སྤྱི་ཚོགས་ནང་དུ་འཚོ་གནས་ཐུབ་རྒྱུ་དཀའ་མོ་འདུག དེའི་ཁར་ང་ལ་ལས་ཀ་མེད། འཚོ་ཐབས་ཞིག་མེད་པས་མི་འགྲིག ངས་རང་གི་བྱིས་པ་ཚོ་གསོ་དགོས། ཁྱོ་བོའི་གླ་ཆ་ཉུང་དྲགས་འདུག ངས་ཐབས་ཤེས་ཞིག་འཐེན་ནས་རང་གི་བྱིས་པ་ཚོར་བདག་སྐྱོང་མ་བྱས་ཐབས་མེད་བྱུང་། ངས་ཐབས་ལམ་ཞིག་བཙལ་ནས་ཁོ་ཚོར་རོགས་རམ་བྱ་དགོས་བྱུང་། ཡང་ན་ངས་ལས་ཀ་ཞིག་འཚོལ་དགོས། ཡང་ན་ཚོང་གཉེར་དགོས། འོན་ཀྱང་སྤྱི་ཚོགས་ཀྱིས་ང་ལ་ལྟ་སྟངས་ཡག་པོ་འཛིན་མི་སྲིད། ང་ཚོ་ཁ་ཆེ་བའི་མི་རྣམས་ནི་བུད་མེད་ཚོས་རང་ཤེད་ཀྱིས་ཁྲོམ་སྲང་ནས་ཚོང་བྱེད་པའི་བསམ་ཚུལ་ལ་མི་དགའ། དེར་བརྟེན་ང་རང་གནོན་ཤུགས་ཧ་ལས་པ་ཞིག་གི་འོག་ཏུ་ཚུད། ངས་ཐོག་མར་གྱོན་གོས་འཁྲུད་པ་ནས་མགོ་བརྩམས་པའི་རྒྱུ་མཚན་དེ་ཡིན། ངས་རང་གི་ངོ་གདོང་བཀབ་ནས་ལས་ཀ་དེ་བྱས་པ་ཡིན། ཕྱིས་སུ་ངས་རིམ་གྱིས་རང་གི་ཚོང་ལས་རྒྱ་སྐྱེད་པ་དང་། རང་གི་དཀའ་སྤྱད་དང་བཟང་སྤྱོད་ལ་བརྟེན་ནས་མི་གཞན་རྣམས་ལ་བསླབ་བྱ་ཐེབས་ཏུ་བཅུག་པ་ཡིན།
རི་ཛི་ཁཱན། ཁྱེད་ནི་ཁེ་ལས་པ་དཔེ་མེད་ཅིག་ཡིན་པ་དང་དཀའ་སྤྱད་ཀྱི་འབྲས་བུ་ཕུལ་དུ་བྱུང་བ་ལྡན་པ་བཤད་མ་དགོས། སྤྱི་ལོ་ ༡༩༩༡ ལོར་བསྐྱར་དུ་གཉེན་བསྒྲིགས་པའི་དུས་དེར་ཁྱེད་ལ་གཉེར་བཞིན་པའི་ཚོང་ལས་ཆུང་བ་ཤིན་ཏུ་ལེགས་པ་ཞིག་འདུག་པ་དང་། ཁྱེད་རང་ཨུ་རུམ་ཆི་ལ་གཞིས་སྤོས་འདུག ཁྱེད་རང་གཞིས་སྤོས་པ་དང་ཚོང་ལས་ཀྱི་ཕྱོགས་ལ་ཇི་ལྟར་ནུས་ཤུགས་གཅིག་ཏུ་སྒྲིལ་ཐུབ་པའི་སྐོར་ང་ལ་གསུངས་དང་།
རེ་སྦི་ཡ་ཁཱ་ཌིར། ངས་ཚོང་ལས་མགོ་བཙུགས་པའི་དུས་དེར་རྒྱ་ནག་ནང་ཏུ་སྒེར་བ་ཚོང་གཉེར་མཁན་ནི་རྐུན་མ་དང་ཇག་པ་ལས་ཀྱང་ངན་པ་ཞིག་ཏུ་བརྩི་བར་འདུག ཐ་ན་མི་རང་ག་བ་རྣམས་ཀྱིས་ཀྱང་ཚོང་གཉེར་མཁན་ལ་བརྩི་འཇོག་མི་བྱེད། འོན་ཀྱང་ངས་ཚོང་ལས་ལ་བློ་གཟུར་བོས་གོ་བ་ལེན་ཐུབ་སོང་། དང་ཐོག་མི་རིགས་ཀྱི་ཁྱད་ཆོས་ཡོད་པའི་ཚོང་ལས་ཆུང་ངུ་ནས་བརྩམས་པ་ཡིན། ངས་ཚོང་ལས་བྱེད་པའི་དུས་དེར་ཡུ་གུར་བ་གཞན་པ་ཚོས་ཚོང་ལས་བྱ་མི་ཕོད་པས་ང་ལ་ཚོང་གི་འགྲན་ཡ་དངོས་ནས་མི་འདུག ངས་ཡུ་གུར་གྱི་ཞིང་པ་ཚོ་དང་རྒྱ་ནག་ཤར་ཕྱོགས་ཁུལ་གྱི་རྒྱའི་ཚོང་དག་དང་ཚོང་རྒྱག་ཐུབ་པ་མ་ཟད། རྗེས་སུ་ཨེ་ཤ་ཡ་དབུས་མའི་ས་ཁུལ་དུའང་ཚོང་རྒྱག་ཐུབ་སོང་། ཨུ་རུ་སུ་མནའ་མཐུན་རྒྱལ་ཁབ་འཐོར་ཞིག་ཏུ་སོང་བ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ཁག་རང་བཙན་བྱུང་བའི་རྗེས་སུ། ང་ལ་ཚོང་གི་གོ་སྐབས་ཤིན་ཏུ་མང་བ་རག་སོང་།
རི་ཛི་ཁཱན། རང་ལོ་སུམ་ཅུའི་སྟེང་ནས་ཁྱེད་བསྐྱུར་དུ་གཉེན་བསྒྲིགས་པ་དང་ཁྱོ་བོ་གཉིས་པ་དེ་ནི་དགེ་རྒན་ཆེན་མོ། སྙན་ངག་པ། གཞུང་དང་ཆབ་སྲིད་ལྟ་བ་མི་མཐུན་མཁན་ཞིག་ཡིན་འདུག སྐབས་དེར་ཁྱེད་ཀྱིས་རང་ཉིད་ལ་ཕ་ཡུལ་བཅིངས་འགྲོལ་བྱ་རྒྱུའི་འདུན་པ་ཡོད་ཅེས་ཁོང་ལ་གསུངས་འདུག དེར་བལྟས་ན་རང་དབང་དོན་གཉེར་གྱི་འདུན་པ་ནི་ཁྱེད་ལ་རང་ཆས་སུ་ཡོད་པ་གསལ། ཁྱེད་ཀྱིས་ཁོ་ལ་ཕ་ཡུལ་བཅིངས་འགྲོལ་བྱ་རྒྱུ་ཡིན་ཞེས་བཤད་པའི་དུས་དེར་ཅི་ཞིག་བསམ་ཡོད་དམ།
རེ་སྦི་ཡ་ཁཱ་ཌིར། བྱིས་པ་ཚོའི་ཨ་མ་ཡིན་པས་ན་ང་བསྐྱར་དུ་གཉེན་བསྒྲིག་འདོད་གཏན་ནས་མ་བྱུང་བ་དང་། རང་ཉིད་ཚེ་ལས་འདའ་རག་བར་དུ་བྱིས་པ་ཚོར་བདག་སྐྱོང་བྱ་རྒྱུའི་དྲན་ཚུལ་འདུག འོན་ཀྱང་ཡུན་རིང་པོ་མ་འགོར་བར་ངས་ན་ཚོད་གཞོན་པའི་བུད་མེད་མཛེས་མ་ཞིག་གིས་ཁེར་རྐྱང་དུ་ཚོང་གཉེར་རྒྱུ་ཧ་ཅང་དཀའ་བ་རྟོགས་སོང་། དེར་མ་ཟད་ནམ་རྒྱུན་རང་སེམས་ལ་ཐེ་ཚོམ་ལངས་ཏེ། རང་ཉིད་ཅིའི་ཕྱིར་ཕ་ཡུལ་དང་བྲལ་དགོས་བྱུང་ངམ། ཅིའི་ཕྱིར་བྱིས་པ་དྲུག་པོ་བསྐྱུར་དགོས་བྱུང་ངམ། ཅིའི་ཕྱིར་ང་སློབ་གྲོགས་ཚོ་དང་བྲལ་དགོས་བྱུང་ངམ། ང་ཚོའི་མི་རྣམས་གཉའ་གནོན་འོག་ཏུ་ཚུད་པའི་རྒྱུ་མཚན་ཅི། ཅིའི་ཕྱིར་ཁོ་ཚོ་རང་ཡུལ་ནས་བསྐྲད་དམ། ཅིའི་ཕྱིར་ང་ཚོ་རང་གི་ཁྱིམ་ནས་བཙན་གྱིས་ཕྱིར་བཏོན་ནམ། ཅིའི་ཕྱིར་ང་ཚོའི་མི་རྣམས་འཛིན་བཟུང་དང་མནར་གཅོད་དང་སྲོག་ཆད་བཅད་པ་ཡིན་ནམ། ང་ཚོའི་མི་རྣམས་ནི་གཙང་སྦྲ་ཚུལ་དང་མཐུན་པ་ལྡན་ཞིང་ལྷ་དཀོན་མཆོག་བརྩི་བའི་མི་ཡིན། འོན་ཀྱང་ཁོ་ཚོ་འདི་ལྟར་འཚོ་དགོས་དོན་གང་ཡིན་ནམ། གནས་སྟངས་འདི་བསྒྱུར་བར་ངས་ཅི་ཞིག་བྱ་དགོས་སམ་ལ་སོགས་པའི་དྲི་བ་འདི་དག་འཁོར་འོང་གིན་འདུག ངས་དེ་ཚང་མ་ལ་བསམ་བློ་ཞིབ་ཏུ་བཏང་བ་ཡིན། རང་གི་བྱིས་པ་དྲུག་པོ་དང་ཁ་བྲལ་བའི་རྗེས་སུ་ངས་འདི་དག་གི་ཕྱོགས་ལ་བསམ་བློ་ལྷག་པར་བཏང་བ་ཡིན། དེའི་དབང་གིས་ངས་འདི་སྙམ་དུ་སེམས་ཏེ། གཅིག་ནས་གཉེན་བསྒྲིགས་ཏེ་བྱ་བ་མཐའ་དག་སྐྱེས་པ་ཞིག་དང་ལྷན་དུ་བསྒྲུབ་པ་དང་། གཉིས་ནས་ང་དང་ལྷན་དུ་རང་གི་མི་དམངས་ཀྱི་ཆེད་དུ་འཐབ་རྩོད་བྱ་འདོད་ཡོད་པའི་གསར་བརྗེ་བ་སེམས་ཤུགས་ཅན་ཞིག་དང་གཉེན་བསྒྲིག་དགོས། དེ་འདྲ་བྱས་ན་ང་དང་འདྲ་བའི་མི་སྒེར་གྱི་དང་ང་ཚོའི་མི་དམངས་ཀྱི་མ་འོངས་པའི་ལས་དབང་དེ་ཐག་གིས་ཆོད་འགྲོ་བསམས་བྱུང་། ངས་རང་ཉིད་ལ་སྟོབས་ཤུགས་ཡོད་པ་ཤེས་སོང་། ཡིན་ནའང་ང་ལ་དཔུང་རོགས་བྱེད་པའི་སྐྱེས་པ་སྟོབས་དང་ལྡན་ལ་སེམས་དཔའ་བ་ཞིག་དགོས་འདུག དེ་ནས་ངས་མི་དེ་འདྲ་ཞིག་བཙལ་བའི་མཐའ་མར་ཁོ་རྙེད་བྱུང་།
རི་ཛི་ཁཱན། ཁྱེད་ཀྱིས་གཉེན་སྒྲིག་ཐེངས་གཉིས་པ་བྱས་པའི་དུས་སུ་ཚོང་ལས་རྒྱ་ཆེན་པོ་འཛུགས་མགོ་བརྩམས་པ་དང་། གོང་དུ་གསུངས་པ་ལྟར་ཨུ་རུ་སུ་མནའ་མཐུན་རྒྱལ་ཁབ་ཐོར་བའི་དུས་དེར་ཁྱེད་རང་རྒྱལ་ཁབ་གཞན་དུ་བསྐྱོད་ཐུབ་འདུག ཡིན་ནའང་རྒྱ་ནག་དམར་ཤོག་ཚོགས་པས་དང་པོར་ཁྱེད་ལ་དོགས་པ་ཆེན་པོ་ཟོས་པ་དང་། དེ་ནས་དངོས་སུ་ཁྱེད་ལ་རྒྱལ་ཁབ་ཀྱི་གསང་བ་གཡོ་འཚོང་བྱས་པའི་ཉེས་འཛུགས་བྱས། ཁོ་ཚོས་ཁྱེད་ལ་ལོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཆད་བཅད། ཁྱེད་བཙོན་ཁང་དུ་ལོ་ལྔ་ཙམ་བཞུགས་འདུག ཁྱེད་ལ་དོན་དག་དེ་རྣམས་ཇི་ལྟར་བྱུང་བ་གསུངས་དང་།
རེ་སྦི་ཡ་ཁཱ་ཌིར། རྒྱ་ནག་གཞུང་གི་གདུག་རྩུབ་ལ་ང་རང་རྒྱུས་མངའ་ཡོད་མོད་ཀྱང་། རྒྱའི་བཙོན་ཁང་གི་གནས་སྟངས་དེ་འདྲ་སྡུག་ཐག་ཆོད་པ་ཡིད་ལ་བསམ་པ་མ་བྱུང་། དེས་རྒྱ་ནག་གཞུང་གི་ཧྥ་སི་སའི་རིང་ལུགས་པའི་༼fascist༽ངོ་བོ་མཚོན་འདུག ལྷ་དཀོན་མཆོག་གིས་ང་རང་རྒྱ་ནག་གཞུང་གི་གདུག་རྩུབ་ཀྱི་ཆ་དེ་ལྟ་བུ་མྱོང་བར་མངགས་པ་འདྲ། དེ་སྔོན་ངས་བཙོན་པའི་དོ་དམ་དང་བཙོན་ཁང་གི་མཐུན་རྐྱེན་རྣམས་ནི་རྒྱ་ནག་གི་བཅའ་ཁྲིམས་ཇི་བཞིན་དུ་བསྒྲུབས་ཡོད་པར་བསམས། ངོ་མ་བཤད་ན། བཙོན་ཁང་དུ་ང་རང་ཉིད་ལ་གང་འདྲ་བྱེད་སྲིད་པ་དེའང་རྒྱ་ནག་དབང་འཛིན་པ་ཚོས་བཤད་སོང་། རྒྱ་ནག་གི་བཅའ་ཁྲིམས་ལྟར་ན་བཙོན་པའི་ཐོབ་ཐང་ལ་སྲུང་སྐྱོང་ཐོབ་དགོས་པ་དང་བཙོན་པ་ལ་མནར་གཅོད་དང་སྡུག་སྦྱོང་བཏང་མི་ཆོག དོན་དམ་པའི་སྟེང་ནས་བཅའ་ཁྲིམས་འདི་དག་ནི་ཤོག་བུའི་ངོས་སུ་བྲིས་པ་ཙམ་ལས་དངོས་སུ་མེད། ངས་བཙོན་ཁང་དུ་དངོས་སུ་མྱངས་པ་དང་བཅའ་ཁྲིམས་གཉིས་ནི་རྦད་དེ་ཁ་ཁ་ཆགས། ང་རང་ཉིད་མི་དབང་ཤུགས་ཅན་དང་རྒྱལ་སྤྱིར་གྲགས་ཆེ་བར་བརྟེན་ཁོ་ཚོས་ང་ལ་མནར་གཅོད་དྲག་པོ་གཏོང་མ་ནུས། འོན་ཀྱང་ཁོ་ཚོས་ངའི་མིག་གིས་མཐོང་ས་ནས་ཡུ་གུར་བ་ན་ཚོད་གཞོན་པ་རྣམས་ལ་སྡུག་སྦྱོང་བཏང་བ་དང་། བཙོན་ཁང་ནང་དུ་ཡུ་གུར་བ་རྣམས་ལ་མནར་གཅོད་ཇི་ལྟར་གཏོང་བ་དང་གསོད་པའི་ཚུལ་ང་ལ་བསྟན་སོང་། ཡུ་གུར་གྱི་ཆབ་སྲིད་བཙོན་པ་དག་གིས་མྱོང་བའི་མནར་གཅོད་སྐྱི་གཡའ་བ་དེ་ངས་དངོས་སུ་མཐོང་མྱོང་། བཙོན་ཁང་དུ་ཁོ་ཚོས་རྒྱ་ནག་གི་ཉེས་ཅན་པ་ཚོ་དང་ཡུ་གུར་བའི་བར་ལ་འཁྲུག་རྩོད་ཇི་ལྟར་སློང་བ་ངས་མཐོང་བྱུང་། རྒྱ་ནག་དབང་འཛིན་པས་བཙོན་ཁང་དུ་ཡུ་གུར་བ་དག་ལ་མནར་གཅོད་བཏང་བ་དང་བསད་པ་ངས་དངོས་སུ་མཐོང་། ང་རང་འོད་མེད་པའི་ཁང་པ་མུན་ནག་ནང་དུ་ལོ་གཉིས་བསྡད། བཙོན་ཁང་དུ་ལོ་དྲུག་བདུན་ཙམ་བསྡད་པའི་རིང་དུ་ཁོ་ཚོས་ང་ལ་ཡུ་གུར་བ་གཞན་རྣམས་དང་སྐད་ཆ་བཤད་མི་ཆོག་པའི་ངག་རྒྱ་བསྡམས། ཡུ་གུར་བ་གཞན་ཚོས་ཀྱང་ང་ལ་སྐད་ཆ་བཤད་པའམ་མིག་གིས་ལྟ་མི་ཆོག་པའི་བཀག་རྒྱ་བཟོས། བཙོན་ཁང་ན་ཡོད་དུས་སུ། ཡུ་གུར་བའི་བཙོན་པ་མོ་ཞིག་གིས་ཨ་ལཱ་༼འགྱུར་མཆན། ཁ་ཆེའི་སྟོན་པ༽ཞེས་ཚིག་གཅིག་བརྗོད་པས། དབང་འཛིན་པ་ཚོས་མོ་ལ་རྐང་སྒྲོག་ལག་སྒྲོག་བརྒྱབ། བཙན་ཤེད་ཀྱིས་མོ་རང་གོག་ཏུ་བཅུག་ནས་ཟ་མ་ལེན་པར་བཏང་བ་དང་། ཨ་ལཱ་ཡོད་ཅེས་གཏན་ནས་བརྗོད་མི་ཆོག་པ་དང་ཨ་ལཱ་ཟེར་བ་ཞིག་མེད་ཟེར་དགོས་ཚུལ་མོ་ལ་བཤད་སོང་བ་ངས་དངོས་སུ་མཐོང་།
རི་ཛི་ཁཱན། ཐ་ན་ཁྱེད་ཀྱི་བྱིས་པ་ཁ་ཤས་ལའང་གནོད་འཚེ་ཐེབས་པ་དང་ཁོ་ཚོ་བཙོན་དུ་བཅུག་འདུག ཁྱེད་ཀྱིས་དེ་ལ་ཇི་ལྟར་བྱ་རྒྱུ་ཡིན་ནམ།
རེ་སྦི་ཡ་ཁཱ་ཌིར། སྤྱིར་བཏང་གི་ཆ་ནས་ང་ཚོའི་མི་རྣམས་ཀྱི་བྱིས་པ་མང་ཆེ་བ་བཙོན་དུ་ཡོད། ང་ལ་ཡིད་འཛིན་གྱི་ནུས་པ་ཡོད་པའི་དུས་ནས་བཟུང་། ང་ཚོའི་མི་རྣམས་བཙོན་ལ་འཇུག་རྒྱུར་ཞེད་སྣང་གི་ངང་དུ་འཚོ་བ་བསྐྱལ་བ་དང་ཁ་ནས་ཅི་བཤད་ལ་ནོར་འཁྲུལ་འོང་རྒྱུར་སེམས་འཁྲལ་བྱེད་དགོས། ཁོ་ཚོའི་མི་ཚེའི་ནང་དུ་རང་དབང་དང་ཞི་བདེ་མེད། ང་འཚར་ལོངས་བྱུང་བའི་བརྒྱུད་རིམ་ནང་དུ་ངེད་ཚོའི་མི་མང་གིས་གཉའ་གནོན་རྣམ་པ་སྣ་ཚོགས་མྱོང་བ་དངོས་སུ་མཐོང་མྱོང་། ཐ་ན་ཉི་མ་གཅིག་གི་ཡུན་ཙམ་ལའང་ཞི་བདེ་མེད། ང་རང་གི་ཁྱིམ་ཚང་ལ་ཆ་བཞག་ན། ངའི་ཁྱོ་བོ་བཙོན་དུ་ལོ་དགུ་བསྡད། ང་བཙོན་དུ་ལོ་དྲུག་བསྡད། ངའི་བྱིས་པ་གཉིས་ད་དུང་བཙོན་དུ་ཡོད། ༡༩༩༧ ལོའི་འོས་ལངས་བྱུང་རྗེས་སུ། ཁྱིམ་ཚང་གཅིག་ལས་བྱིས་པ་གཉིས་ནས་གསུམ་བཙན་གྱིས་འཁྲིད་པ་ངས་མཐོང་སོང་། ཁྱིམ་ཚང་ཁ་ཤས་ཀྱི་བྱིས་པ་རྣམས་གུལ་ཇའི་ཁྲོམ་གཞུང་གི་ཡུ་གུར་མི་ཚོགས་ཀྱི་མདུན་ནས་རུ་བཤར་དུ་བཅུག་པ་དང་སྦྲགས། མི་ཚོགས་རྣམས་ལ་ཡུ་གུར་བ་དེ་ཚོར་སྲོག་ཁྲིམས་བཅད་པ་ལ་དགའ་བསུའི་ཐལ་མོ་རྡེབ་དུ་བཅུག་སོང་། དེའི་ཕྱིར་འདི་ནི་ངའི་ཁྱིམ་ཚང་ཁོ་ནའི་ལས་དབང་མ་ཡིན་པར། ཡུ་གུར་བ་ཚང་མའི་ལས་དབང་ཡིན། ཡུ་གུར་བའི་ཁྱིམ་ཚང་ཀུན་ནས་ཉུང་མཐའ་ཡང་བྱིས་པ་གཅིག་གཉིས་ཙམ་འཛིན་བཟུང་ཐེབས་པའམ། ཁྱིམ་ཚང་ནང་དུ་སྐྱེས་པ་མེད་པར་བྱིས་པ་དང་ཨ་མ་ཚོ་ལྷག་འདུག སྐབས་ཐོག་དེར་ང་ནི་དངུལ་སྒོར་ས་ཡ་ལོངས་པའི་ཕྱུག་པོ་དང་གྲོས་ཚོགས་ཀྱི་སྤྱི་འཐུས་དང་མི་དབང་ཤུགས་ཅན་ཞིག་ཡིན་པ་དང་། ངའི་བྱིས་པ་རྣམས་རང་དབང་ཡིན་མོད་ཀྱང་། གལ་སྲིད་སྡུག་བསྔལ་མྱོང་བཞིན་པའི་ཡུ་གུར་མི་མང་གི་ཆེད་དུ་སྐད་ཆ་བཤད་ན་ང་ལ་ཉེས་ཆད་ཕོག་སྲིད་པ་དེ་ངས་ཤེས། ང་བཙོན་དུ་ཡོད་པའི་དུས་དེར་རྒྱ་ནག་གིས་ང་ལ་འཇིགས་བསྐུལ་ནས་བཤད་རྒྱུར། ངས་མུ་མཐུད་ནས་ཡུ་གུར་མི་མང་གི་ཆེད་དུ་ལས་ཀ་བྱས་ན། ངའི་ནང་མི་དང་རྒྱུ་ནོར་ལ་ཉེས་ཆད་ཕོག་སྲིད་ཟེར། གང་ལྟར་དུས་སྐབས་འདི་ནི་ལོ་རྒྱུས་ཀྱི་གནད་འགག་ལྡན་པའི་དུས་ཚོད་ཅིག་ཆགས་འདུག བར་སྐབས་འདིར་ང་ཚོའི་མི་མང་ལ་མགོ་ཁྲིད་དང་འབོད་སྒྲ་དགོས། ད་དུང་ང་ཚོའི་ཚབ་དུ་ལངས་ནས་སྐད་ཆ་བཤད་ཐུབ་པའི་མི་དཀྱུས་མ་ང་དང་འདྲ་བ་ཞིག་དགོས། སྟོང་ཆ་འདི་ང་རང་ཉིད་ཀྱིས་སྐོང་ཐུབ་པར་ཡིད་ཆེས་འདུག རྒྱ་ནག་གཞུང་གིས་ང་ཚོར་འཇིགས་བསྐུལ་བ་དང་། ངའི་བྱིས་པ་འཛིན་བཟུང་བྱས། ད་དུང་ནང་མི་གཞན་དག་ལ་སོ་ལྟ་བྱས་པའམ་བཟང་བཙོན་དུ་བཅུག ཚ་བོ་ཚ་མོ་དགུ་དང་བུ་གཅིག་སོ་ལྟ་འོག་ཏུ་ཚུད་ཡོད། བྱིས་པ་གཉིས་ལ་རེ་རེར་ལོ་དགུ་དང་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད། ངའི་ཁྱིམ་ཚང་གི་གནས་སྟངས་ཧ་ཅང་སྡུག་པོ་ཡིན་ནའང་ངས་རང་གིས་སྒྲུབ་བཞིན་པ་འདི་མཚམས་འཇོག་ཐབས་མི་འདུག
རི་ཛི་ཁཱན། ༢༠༠༦ ལོར་ཁྱེད་རང་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཀྱི་འོས་མིར་བདམས་འདུག དེ་ནི་མི་རྣམས་ཀྱིས་རང་ལ་དོ་སྣང་བྱེད་ཀྱིན་འདུག་བསམ་པའི་བརྡ་ཞིག་ཡིན་སྲིད། དེས་ཁྱེད་ལ་སྐུལ་མ་ཇི་ཙམ་ཐེབས་སོང་ངམ།
རེ་སྦི་ཡ་ཁཱ་ཌིར། སྨྲ་བརྗོད་རང་དབང་ཤོར་བའི་མི་མང་གི་འབོད་སྒྲ་འཛམ་བུ་གླིང་ལ་སྒྲོག་པར་དེས་ཆེ་འདོན་དང་ཕན་ཐོགས་དཔག་མེད་ཅིག་བསྩལ་སོང་། ང་ཚོའི་འབོད་སྒྲ་ཐོས་པའི་རྣ་སྒོ་མང་པོ་འབྱེད་པའི་ཕྱིར་དུ་སྙན་གྲགས་དེ་ལྟ་བུ་ཞིག་ཡོད་ན་ལེགས་པོ་འདུག ནོར་ཝེ་གཞུང་ལ་རྒྱ་ནག་གཞུང་གི་གནོན་ཤུགས་ཐེབས་པའི་དབང་གིས་ང་ལ་གཟེངས་རྟགས་དེ་མ་རག ཏཱ་ལའེ་བླ་མ་མཆོག་ལ་གཟེངས་རྟགས་དེ་རག་ནས་བོད་དོན་གྲགས་ཆེ་རུ་སོང་རྐྱེན་གྱིས་རྒྱ་ནག་ཞེད་སྣང་ལངས་པ་དང་། གལ་སྲིད་ང་ལ་གཟེངས་རྟགས་དེ་ཐོབ་ན། རྒྱ་ནག་གཞུང་གིས་དེས་བས་ཀྱང་སྣང་བ་མི་འགྲོ་བ་ཡིན། དེར་བརྟེན། རྒྱ་གཞུང་གི་དབང་འཛིན་པ་ཚོས་ནོར་ཝེ་སྲིད་གཞུང་དང་གཞུང་གཞན་དག་ལ་གནོན་ཤུགས་གང་མང་སྤྲད་དེ་ང་ལ་གཟེངས་རྟགས་དེའི་འོས་མིར་མིང་འདོན་ཙམ་ཡང་མི་བྱ་བའི་ཐབས་བྱས། གཟེངས་རྟགས་འདིས་ང་ཚོའི་མི་མང་ལ་རང་དབང་འཐོབ་པར་ཕན་ནུས་རླབས་པོ་ཆེ་འབྱུང་སྲིད་པ་ཡིན།
རི་ཛི་ཁཱན། སུས་ཁྱེད་ལ་བག་ཆགས་དེ་བཞག་སོང་ངམ། ཁྱེད་ཀྱི་སློབ་སྟོན་པ་སུ་ཡིན་སྲིད་དམ།
རེ་སྦི་ཡ་ཁཱ་ཌིར། ངས་རང་ཉིད་ཀྱི་བྱ་བཞག་འདི་ནི་རྒྱ་གར་གྱི་གན་ངྷིའི་བྱ་བཞག་དང་ཆ་འདྲ་བ་མཐོང་སོང་། ངས་ཁོང་གི་བརྩམས་ཆོས་བཀླགས་པའི་ཚེ། ཁོང་གིས་མཐུན་རྐྱེན་ཧ་ཅང་ཞན་པའི་གནས་བབ་འོག་ཏུ་རང་གི་མི་མང་གི་ཆེད་དུ་འཐབ་རྩོད་བྱས་པ་ལ་སོགས་པའི་མི་ཚེའི་མྱོང་བ་རྣམས་ཤེས་རྟོགས་བྱུང་བ་དང་། དེ་རྣམས་ངའི་མི་ཚེའི་མྱོང་བ་དང་འདྲ་བར་འདུག ང་ཚོ་རང་ཉིད་ཀྱི་ལོ་རྒྱུས་ནང་དུའང་དཔའ་བོ་མང་པོ་ཞིག་འདུག དཔེར་ན། ནཱ་ཛའུ་གམ་དང་གྷ་ནི་པ་ཐུར་དང་ཨ་མད་ཇན་ལ་སོགས་ཀྱིས་གཙོས་པའི་མི་དཔའ་མཛངས་ལྡན་པ་མང་པོ་ཡོད། ངས་དུས་རྒྱུན་དུ་ཁོ་ཚོའི་མི་ཚེ་དང་རང་ཉིད་ཀྱི་མི་ཚེ་དཔྱད་སྡུར་བྱས་པ་ཡིན། རྒྱལ་སྤྱིའི་མི་སྣའི་ཆ་ནས་བཤད་ན་ང་ལ་གན་ངྷི་ལས་བསླབ་བྱ་མང་པོ་ཐོབ་སོང་། སོ་སོའི་མི་མང་གི་དོན་དུ་རང་ཉིད་ཕུལ་ཟིན་པའི་དབུ་ཁྲིད་གཞན་དག་གི་མི་ཚེ་ལས་ཀྱང་ང་ལ་བསླབ་བྱ་གང་མང་ཞིག་རག་བྱུང་།
རི་ཛི་ཁཱན། ཁྱེད་རང་སྔ་མོ་ཞིག་ནས་མི་ཧུར་ཐག་ཅན་ཞིག་འདུག ༡༩༩༧ ལོར་ཁྱེད་ཀྱིས་ཨ་མ་སྟོང་གི་ལས་འགུལ་ཞེས་པ་ཞིག་མགོ་བཙུགས་པ་དང་། རྩ་བའི་ཆ་ནས་ཡུ་གུར་བུད་མེད་ཚོའི་ཆེད་དུ་ཡིན་འདུག ལས་འགུལ་དེའི་དམིགས་འབེན་ཅི་ཡིན་ནམ། ཁྱེད་ཀྱིས་ཅི་ཞིག་ལེགས་འགྲུབ་བྱུང་སོང་ངམ།
རེ་སྦི་ཡ་ཁཱ་ཌིར། རྒྱ་ནག་གཞུང་གིས་ཐོག་དང་པོ་ང་ཚོའི་ཆོས་དད་ལ་གཏོར་རྒོལ་བྱས་པ་དང་། དེ་ནས་ང་ཚོའི་གཞོན་སྐྱེས་རྣམས་ཀྱི་བཟང་སྤྱོད་གཏོར་བརླག་བཏང་། གསུམ་པ་དེ་ལ་ང་ཚོ་དཔལ་འབྱོར་འཕེལ་རྒྱས་དང་བྲལ་བར་བྱས་སོང་། གལ་སྲིད་མི་རིགས་ཤིག་སློབ་གསོའི་ངོས་ནས་ཡར་རྒྱས་མེད་ན། ཕྱོགས་གཞན་དག་གི་ཐད་ནས་ཡར་རྒྱས་འགྲོ་བ་ཧ་ཅང་དཀའ། ང་ཚོས་ཆོས་ལུགས་ཀྱི་ཕྱོགས་ནས་ཡར་རྒྱས་གཏོང་མ་ནུས། རྒྱུ་མཚན་གང་ཡིན་ཞེ་ན། ཡུ་གུར་བ་ཚོས་རང་གི་བྱིས་པ་ལ་ཆོས་ལུགས་སློབ་གསོ་སྤྲད་ན། ཁོ་ཚོར་ཉེས་ཆད་དང་ལོ་གསུམ་ནས་ལྔའི་བཙོན་འཇུག་ཁྲིམས་ཆད་ཕོག་པ་ཡིན། ཆོས་འཁྲིད་མཁན་སུ་ཡིན་རུང་ཚེ་བཙོན་དང་སྲོག་ཆད་མྱོང་དགོས། ཐབས་འདི་ལ་བརྟེན་ནས་རྒྱ་ནག་དབང་འཛིན་པ་དག་གིས་ང་ཚོ་རང་ཉིད་ཀྱི་ཆོས་དད་དང་ཁ་གྱེས་སུ་བཅུག ངས་གོང་ནས་བཤད་པ་བཞིན་དུ་རྒྱ་ནག་གཞུང་གིས་ཡུ་གུར་བ་ཚོ་ལ་དཔལ་འབྱོར་འཕེལ་རྒྱས་མེད་པར་བྱས། གལ་སྲིད་ཨ་ཕ་ཚོ་དང་སྐྱེས་པ་ཚོས་ལས་ཀ་ག་གེ་མོ་ཞིག་བྱས་ན་ཁོ་ཚོ་རྒྱ་ནག་གཞུང་གི་འཛིན་བཟུང་བྱ་ཡུལ་དུ་འགྱུར་བ་ཡིན། དེའི་ཕྱིར། ངས་བུད་མེད་ཚོའི་ཚབ་བྱས་ཏེ་དར་སྤེལ་གཏོང་མགོ་བརྩམས་པ་དང་ངས་བསམ་པར། བུད་མེད་དང་ཨ་མ་ཚོས་ལས་དོན་ཞིག་བསྒྲུབ་ཐུབ་ན། རྒྱ་ནག་གཞུང་གིས་ཁོ་མོ་ཚོར་འགོག་རྐྱེན་བཟོ་མི་སྲིད་སྙམ་པ་དང་། དེ་འདྲ་བྱུང་ན་ཨ་མ་རྣམས་ཀྱིས་ཁོ་མོ་ཚོའི་བྱིས་པ་དག་གི་མདུན་ལམ་ལ་ནུས་ཤུགས་འདོན་ཐུབ། ངས་ད་དུང་ཨ་མ་ཚོ་མི་གཞན་ལ་སློབ་གསོ་སྤྲོད་ནུས་པར་གྱུར་ནས། ཡུ་གུར་གྱི་མ་འོངས་པར་བྱས་རྗེས་འབུལ་ནུས་པའི་ཨ་མ་༼རེ་སྦི་ཡ༽སྟོང་ཕྲག་མང་པོ་འབྱུང་སྲིད་པའི་རེ་བ་བཅངས། དེའི་དབང་གིས་ངས་༼ཨ་མ་སྟོང༽གི་ལས་འགུལ་བཙུགས་པ་ཡིན། དྲང་མོར་བཤད་ན། ང་ཚོའི་དམིགས་ཡུལ་ནི་ཧ་ཅང་བཟང་ལ་ཁ་གསལ་བ་ཡིན་ཏེ། གཞུང་གི་སྒྲིག་ཁྲིམས་བརྩི་བ། དཔྱ་ཁྲལ་འབུལ་བ། སྤྱི་ཚོགས་ཀྱི་རོགས་རམ་མ་ཐོབ་པར་ལྷག་པའི་ད་ཕྲུག་ལ་ལྟ་སྐྱོང་བྱ་བ། རང་ཉིད་ཀྱི་ཁེ་བཟང་གི་བརྒྱ་ཆའི་སུམ་ཅུ་སློབ་གསོ་དང་མི་དབུལ་བོར་སྤྲོད་པ་སོགས་ཡིན། ཡིན་ནའང་རྒྱ་ནག་གཞུང་གིས་ང་ཚོར་ལས་འགུལ་དེ་རྒྱུན་སྐྱོང་དུ་མ་བཅུག་པ་དང་། རྗེས་སུ་ཁོ་ཚོས་ལས་འགུལ་དེ་གཏན་འགོག་བྱས་སོང་།
རི་ཛི་ཁཱན། ཁྱེད་ལ་མི་ཚེ་ཚེ་ཕུལ་དུ་བྱུང་བ་ཞིག་འདུག ཁྱེད་ནི་དབུལ་ཕོངས་ཀྱི་གནས་སུ་སྐྱེས། ཁྱེད་རང་ཡུལ་དང་འབྲལ་དགོས་བྱུང་། ཁྱེད་ལ་བྱིས་པ་བཅུ་གཅིག་འདུག ཚོང་ལས་བྱས་པ་དང་རྒྱ་ནག་ནང་གི་བུད་མེད་ཕྱུག་ཤོས་ཀྱི་གྲས་ཆགས། ད་ལྟའང་ཁྱེད་རང་གིས་ཧུར་ཐག་གནང་གིན་འདུག གལ་སྲིད་ཁྱེད་ལ་གོ་སྐབས་བྱུང་ཡོད་ན་བསྒྲུབ་འདོད་པ་དེ་ཅི་ཡིན་ནམ།
རེ་སྦི་ཡ་ཁཱ་ཌིར། ངས་རེ་ལྟོས་བྱས་པ་ནི་རང་གི་མི་མང་ལ་རང་དབང་ཐོབ་པ། ཁོ་ཚོའི་མིག་ཆུ་བཞུར་མཚམས་ཆད་པ། སེམས་ལ་དངངས་སྐྲག་མེད་ཅིང་སྐད་ཆ་བཤད་པར་ཞེད་སྣང་མི་དགོས་པར་གནས་པའི་གཞན་གྱི་མི་མང་དང་འདྲ་བའི་འཚོ་བ་ཞིག་རོལ་ཐུབ་པ། ཁོ་ཚོས་རང་ཉིད་ཆེ་མཐོང་དང་རང་དབང་ལྡན་པའི་འགྲོ་བ་མི་ཡིན་པར་ཚོར་བ། ཁོ་ཚོ་རང་ས་རང་ཡུལ་དུ་སྐྱབས་བཅོལ་བ་མི་ཆགས་པ་དང་ཞི་བདེའི་ངང་ནས་འཚོ་ཐུབ་པ་བྱ་རྒྱུ་བཅས་ཡིན། དེའི་ཕྱིར། འདི་ནི་ངས་བདམས་པའི་མི་ཚེ་ཡིན་པ་དང་དེ་ལས་གཞན་པའི་མི་ཚེ་རོལ་སྟངས་གང་ཡང་གདམ་མི་སྲིད།
རི་ཛི་ཁཱན། མ་འོངས་པར་རང་ཉིད་ཇི་ལྟར་རྗེས་སུ་དྲན་ན་བསམ་ཡོད་དམ། ཁྱེད་རང་གི་མ་འོངས་པའི་ཤུལ་བཞག་དེ་ཅི་ཡིན་ན་བསམ་མམ།
རེ་སྦི་ཡ་ཁཱ་ཌིར། འབྱུང་འགྱུར་གྱི་མི་རབས་ཀྱིས་ངའི་སྟེང་ནས་རང་རེའི་མི་མང་གི་ཆེད་དུ་ཇི་ལྟར་བློས་གཏོང་བའི་བསླབ་བྱ་ལེན་པའི་རེ་བ་ཡོད། ངའི་རེ་བ་ལ་མ་འོངས་པར་ང་ནི་སྤོབས་པ་དང་རེ་བའི་སྲུང་མར་འགྱུར་བ་དང་། ཁྱེད་ཚོའི་ཡིད་ཆེས་གཏན་ནས་མི་ཉམས་པར་མུ་མཐུད་འཐབ་རྩོད་བྱ་ཐུབ་པར་སེམས། ངའི་རེ་བར་ཡུ་གུར་མི་མང་གིས་ཁོང་ཚོར་སྣེ་འཁྲིད་དང་འགན་འཁུར་བའི་མགོ་ཁྲིད་ཅིག་འབྱུང་སྲིད་པར་ཡིད་ཆེས་པ་དང་། ང་རང་གིས་མགོ་ཁྲིད་དེ་བྱ་ནུས་པར་བསམ་ཡོད། ང་རང་ཉིད་ཨ་མ་བྱམས་སེམས་ཅན་ཞིག་དང་མགོ་ཁྲིད་ཅིག་ཡིན་པ་དེ་དེ་བཞིན་དུ་རྗེས་སུ་དྲན་ཐུབ་པར་སྨོན་ཡོད།
རི་ཛི་ཁཱན། རེ་སྦི་ཡ་ཁཱ་ཌིར་ལགས། ཁྱེད་ཀྱིས་ང་ལ་བཅར་འདྲིའི་དུས་ཚོད་གནང་བར་ཐུགས་རྗེ་ཆེ་ཞུ།
རེ་སྦི་ཡ་ཁཱ་ཌིར། ཐུགས་རྗེ་ཆེ།
ཚེ་རིང་རྡོ་རྗེ་ལགས་ཀྱིས་ཕབ་བསྒྱུར་ཞུས།
ལྐོག་ཤེས་ལགས།
མཛུབ་སྟོན་གནང་བར་བཀའ་དྲིན་ཆེ་ཞུ་བ་དང་། ཀློག་པ་པོ་རྣམས་ལ་དགོངས་དག་ཞུས་པ་ཡིན།
་ཨ་ལཱ་༼འགྱུར་མཆན། ཁ་ཆེའི་སྟོན་པ༽ཟེར་བ་ནོར་འདུག ཨ་ལཱ་ཟེར་ན་ཁཽ་ཚོའི་དཀོན་མཆོག་གི་མིང་རེད། ཁ་ཆེའི་སྟོན་པ་ནི་མཱ་ཧ་མོ་ཏི་རེད།
ཀྲུང་གོའི་མི་རིགས་ཁག་དང་མི་དམངས་ཀྱི་ཐུན་མོང་གི་དགྲ་བོ་ནི་དམར་ཕྱོགས་དབང་འཛིན་པ་རྫུན་མ་ཏང་ཀྲུང་དབྱང་ཡིན། དེ་མེད་པ་བྱས་ནས་ཚང་མར་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁེ་དབང་འཐོབ་རྒྱུ་དེ་ཐུན་མོང་གི་དམིགས་ཡུལ་ཅི་ལ་མིན། དེ་ཐོབ་ན་ད་གཟོད་རང་གི་ཁྱིམ་ཚང་ཇི་ལྟར་སྐྱོང་རྒྱུ་དེ་དོན་དག་གཞན་པ་རེད། མ་གཞི་ནས་ཆབ་སྲིད་དང་དམག་དོན་མི་ཤེས་པ་དག་གིས་མིག་གི་མདུན་དང་གོམ་པ་གང་གི་ས་ལས་མཐོང་གི་མ་རེད།
ལྷ་མོ་སྐྱབས་ཀྱིས་(((སྐྱིད་སྡུག་གཅིག་པ་དང་ཐུན་མོང་གི་དམིགས་ཡུལ་ལྡན་པའི་སྤུན་ཟླ་མི་རིགས་འདི་དག་གི་ལོ་རྒྱུས་སམ་གནས་སྟངས་ཤེས་རྒྱུ་དང་ཁོང་ཚོ་དང་མཉམ་འབྲེལ་བྱ་རྒྱུ་བཅས་ནི་ང་ཚོའི་བོད་དོན་འཐབ་རྩོད་ཙམ་ལས་འདས་ཏེ་ཀྲུང་གོའི་མི་རིགས་ཁག་གམ་མི་དམངས་ཀྱི་རང་དབང་དང་དམངས་གཙོ་རྩོད་ལེན་ཐད་ལ་ཕན་ནུས་ཐོན་པའི་ལས་འགུལ་ཞིག་ཡིན་ཚུལ་བདག་གིས་སྔ་ཕྱི་བར་གསུམ་ལ་བཤད་མྱོང།))))ཟེར། འདི་ནི་གད་མོ་ཤོར་འོང་བའི་གཏམ་རེད། ཡུ་གུར་བའི་དམིགས་ཡུལ་ནི་རང་བཙན་ཡིན་ལ་དེ་ཐོབ་བྱེད་ལའང་དབུ་མའི་ལམ་ལྟ་བུ་ཞིག་བཤད་བཞིན་མེད། ཁྱེད་ལྟ་བུ་མི་དག་གིས་རྩོད་བཞིན་པའི་དམིགས་ཡུལ་ནི་སྐར་ལྔའི་དར་དམར་གྱི་འོག་ཏུ་ཁ་གྲགས་ཆོག་ཙམ་དང་དབུགས་གཏོང་ལེན་བྱ་ཆོག་ཙམ་ཡིན་པས་དེ་གཉིས་འདྲ་མཚུངས་སུ་སྦྱར་ཆོག་ན་དངོས་པོ་ཡིན་ནོ་ཅོག་ཕན་ཚུན་བར་འདྲ་མཚུངས་སུ་སྦྱར་ཆོག་པར་འགྱུར་རོ། གལ་སྲིད་མཉམ་འབྲེལ་བྱ་འདོད་ཡོད་ན་དང་ཐོག་གཞོན་ནུ་ཚོགས་པས་ལས་འགུལ་རེ་བརྩམས་སྐབས་མི་འདོད་པའི་ཚིག་མདའ་འཕེན་མཚམས་བཞག་སྟེ་དང་ལེན་རེ་གནང་རྗེས་མི་རིགས་གཞན་པའི་རང་དབང་རྩོད་མཁན་དག་དང་མཉམ་འབྲེལ་བྱ་ན་དགེ་བའི་གཏམ་དེ་གཞི་ནས་གླེང་ན་མཛེས། དེ་བཞིན་ཀྲུང་གོ་ཟེར་བའི་ཐ་སྙད་མང་པོ་ཞིག་སྤྱད་འདུག་པ་འདི་བོད་པ་སྤྱིར་གཏང་བ་ཞིག་ལ་མཚོན་ན་མ་འོས་ཀྱང་ཁྱེད་ལྟ་བུ་ཏང་ལ་ལར་ཞེན་དང་སྐར་ལྔའི་དར་དམར་ལ་གུས་ཞབས་ཡོད་མཁན་ཞིག་ལ་མཚོན་ན་དམིགས་བསལ་མིན་འགྲོ།
གྲོགས་པོས་ཟླ་བ་འགའི་རིང་ལ་དངོས་གནས་བོད་དོན་དང་འབྲེལ་བ་ཡོད་པའི་གནད་འགག་ཅན་གྱི་རྩོམ་ཡིག་གཅིག་འཕྲོར་གཅིག་བོད་བསྒྱུར་བྱས་སོང། དེ་དཀའ་ལས་ག་ཚོད་ཅིག་ཡོད་མེད་བཤད་མ་དགོས་པ་རེད། ལྷག་པར་ཡི་གེ་སྣ་གཅིག་ཅན་ལ་དེ་བས་ཀྱང་མིག་རེ་སྦྱིན་པ་དང་ཁྱད་པར་མེད་པ་རེད། ཟླ་འགའི་སྔོན་གྲོགས་པོས་ངེད་ལ་འདི་འདྲ་ཞིག་ཟེར། བཙན་བྱོལ་དུ་འབྱོར་ནས་སྣེ་ལེན་ཁང་རིམ་པར་༧གོང་ས་མཆོག་དང་བོད་གཞུང་ཟོས་པ་རེད། དེའི་རྗེས་ཕྱི་རྒྱལ་དུ་ལོ་གཅིག་ལ་སློབ་སྦྱོང་དུའང་མངགས་སོང། མི་འགྱངས་བར་ཆབ་སྲིད་བཙོན་ཟུར་ཁོངས་ནས་ཕྱི་རྒྱལ་དུ་གཞིས་ཆགས་སུ་གཏོང་རྒྱུ་རེད། ད་ཆེད་མངགས་ལས་ཀའི་ཕན་ནས་དུས་ཚོད་བཏོན་སྟེ་བོད་དོན་ཐད་ཀྱི་ཕྱི་རྩོམ་གནད་འགག་ཅན་འགའ་ཤས་བོད་ཡིག་ཏུ་བསྒྱུར་རྒྱུ་དེའང་དྲིན་ལན་མཇལ་སྟངས་ཤིག་རེད་ཟེར། དངོས་གནས་དེ་ལྟར་གནང་གི་འདུག རྗེས་སུ་ཡི་རངས་ཡོད།
ཚེ་རིང་རྡོ་རྗེ་ལགས་སུ་བཀའ་དྲིན་ཆེ་ཞུ། ཕབ་སྒྱུར་ཡག་པོ་བྱེད་འདུག །ཁྱེད་ཀྱི་འདས་པའི་ཕབ་སྒྱུར་ལས་གཞིའི་ནང་ནས་བོད་ཀྱི་ཆབ་སྲིད་ཉབས་ཞིབ་ཀྱི་རྩོམ་བྲིས་ཁག་དེ་ལེགས་ཤོག་ཤིག་ཏུ་མཐོང་། མུ་མཐུད་རྒྒུན་སྐྱོང་བྱེད་རོགས།
ཚེ་རྡོར་ལགས། གཤིས་ཀི་བཀའ་དྲིན་ཆེ་ཐལ། ཁྱོད་ཀྱི་དྲིན་ལ་མཛངས་མ་འདིའི་འབོད་སྒྲ་ལའང་རོལ་ཐུབ་སོང་། འདི་ནི་དངོས་གནས་ཟམ་པའི་ཟས་མཆོག་རང་རེད།
སྐྱིད་སྡུག་གཅིག་པ་དང་ཐུན་མོང་གི་དམིགས་ཡུལ་ལྡན་པའི་སྤུན་ཟླ་མི་རིགས་འདི་དག་གི་ལོ་རྒྱུས་སམ་གནས་སྟངས་ཤེས་རྒྱུ་དང་ཁོང་ཚོ་དང་མཉམ་འབྲེལ་བྱ་རྒྱུ་བཅས་ནི་ང་ཚོའི་བོད་དོན་འཐབ་རྩོད་ཙམ་ལས་འདས་ཏེ་ཀྲུང་གོའི་མི་རིགས་ཁག་གམ་མི་དམངས་ཀྱི་རང་དབང་དང་དམངས་གཙོ་རྩོད་ལེན་ཐད་ལ་ཕན་ནུས་ཐོན་པའི་ལས་འགུལ་ཞིག་ཡིན་ཚུལ་བདག་གིས་སྔ་ཕྱི་བར་གསུམ་ལ་བཤད་མྱོང།
གལ་ཏེ་ཀྲུང་གོའི་གནས་བབ་ལ་གཡོ་འགུལ་ཞིག་བསླངས་ཐུབ་ཚེ་གོ་སྐབས་དམ་འཛིན་གྱིས་རང་བཙན་ནམ་རང་སྐྱོང་། རང་ཐག་རང་གཅོད་གང་རུང་གི་ལམ་བུ་ཞིག་འཚོལ་ཐུབ་རེ་ཡོད།
འདི་ནི་སྤྱིར་བཏང་གི་མི་རེ་འགས་ནུས་པ་འདོན་དཀའ། བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས། དེ་བཞིན་གཞོན་ནུ་དང་བུད་མེད་ཚོགས་པ་སོགས་ཀྱིས་ལས་གཞི་དངོས་སུ་བརྩམས་ཚེ་ནུས་པ་ཆེ་ཙམ་ཐོན་ཐུབ་སྙམ།
དོན་དག་འདི་རིགས་སྐོར་གྱི་གསར་གནས་དང་གཏམ་བཤད། མི་སྣའི་འཐབ་རྩོད་ཀྱི་ལོ་རྒྱུས་སོགས་གང་མང་རེ་མུ་མཐུད་བོད་ཡིག་ཐོག་སྤེལ་ཐུབ་པའི་རེ་བ་ཞུ། བཀའ་དྲིན་ཆེ།