གཟའ་ལྷག་པའི་ཉིན་རྒྱལ་སྤྱིའི་བྱ་སྒྲོའི་སྤོ་ལོའི་མཐུན་ཚོགས་ཀྱིས། ཐེངས་འདིའི་ཨོ་རྩེད་ཁྲོད་རྒྱ་ནག་གི་རྩེད་འགྲན་པ་གཉིས་ཐེ་བའི་བྱ་སྒྲོའི་སྤོ་ལོའི་བུད་མེད་རྩེད་འགྲན་པ་ ༨ ཕྱིར་ཕུད་བཏང་འདུག
ཟླ་འདིའི་ཕྱི་ཚེས་ ༡ ཉིན་རྒྱལ་སྤྱིའི་བྱ་སྒྲོའི་སྤོ་ལོ་མཐུན་ཚོགས་ཀྱིས་ཚོགས་འདུ་བསྡུས་ཏེ། བྱ་སྒྲོའི་སྤོ་ལོའི་རྩེད་འགྲན་གྱི་མི་གཉིས་རེ་མཉམ་འབྲེལ་གྱི་རྣམ་གྲངས་ཁྲོད། རྒྱ་ནག་གི་བུད་མེད་བྱ་སྒྲོའི་སྤོ་ལོའི་རྩེད་འགྲན་པ་གྲགས་ཅན་ཡཱིས་ཡཱང་དང་ཝང་ཞའོ་ལིས་གཉིས་གཙོས། ལྷོ་ཀོ་རི་ཡའི་རྩེད་འགྲན་པ་ཅོང་ཁུང་ཨིན་དང་ཁེམ་ཧ་ནཱ། ཧ་ཅོང་ཨིན་དང་ཁེམ་མེན་ཅོང་། ཧིན་རྡི་ཉི་ཞི་ཡཱའི་རྩེད་འགྲན་པ་གྷི་རེ་ཞིས་ཡ་ཕའོ་ལའེ་དང་མའེ་ལེ་ན་ཇོ་ཧ་རའེ་བཅས་ཀྱིས། ཨོ་རྩེད་འགྲན་བསྡུར་གྱི་རྩེད་འགྲན་བཟང་སྤྱོད་དང་འགལ་བའི་གཡོ་ཐབས་བྱ་སྤྱོད་སྤེལ་བར་བརྟེན་ནས། རྩེད་འགྲན་པ་ ༨ པོའི་ཐེངས་འདིའི་རྩེད་འགྲན་ཐོབ་ཐང་རྩིས་མེད་བཟོས་པ་བསྒྲགས་འདུག
གཟའ་མིག་དམར་ཉིན་བྱ་སྒྲོའི་སྤོ་ལོའི་བུད་མེད་རྩེད་འགྲན་ཚོགས་ཆུང་དང་པོའི་མཐའ་མའི་རྩེད་འགྲན་སྐབས། རྒྱལ་སྤྱིའི་བྱ་སྒྲོའི་སྤོ་ལོའི་རྩེད་འགྲན་ཨང་རིམ་དང་པོར་བརྩི་བཞིན་པའི་རྒྱ་ནག་གི་རྩེད་འགྲན་པ་ཡཱིས་ཡཱང་དང་ཝང་ཞའོ་ལིས་གཉིས་ཀྱིས། ཐེངས་རྗེས་མའི་རྩེད་འགྲན་སྐབས་རྒྱ་ནག་གི་རྩེད་འགྲན་པ་གཞན་དང་ཁ་གཏད་མི་འཁེལ་བར་དམིགས་ཏེ། བསམ་བཞིན་དུ་ལྷོ་ཀོ་རི་ཡའི་རྩེད་འགྲན་པ་ཅོང་ཁུང་ཨིན་དང་ཁེམ་ཧ་ནཱ་གཉིས་ཀྱི་ལག་ནས་རང་ཉིད་ཕམ་བཅུགས་ཡོད་པ་དང་། དེ་བཞིན། རྩེད་འགྲན་ཚོགས་ཆུང་བཞི་པའི་ཧིན་རྡི་ཉི་ཞི་ཡཱའི་རྩེད་འགྲན་པ་གྷི་རེ་ཞིས་ཡ་ཕའོ་ལའེ་དང་མའེ་ལེ་ན་ཇོ་ཧ་རའེ་གཉིས་ཀྱིས་ཀྱང་། ཐེངས་རྗེས་མར་རྒྱ་ནག་གི་རྩེད་འགྲན་པ་གྲགས་ཅན་ཡིས་ཡཱང་དང་ཝང་ཞའོ་ལིས་གཉིས་དང་ཁ་གཏད་འགྲན་ཡར་མི་འཁེལ་པའི་ཆེད་དུ། ལྷོ་ཀོ་རི་ཡའི་རྩེད་འགྲན་པ་ཧཱ་ཅོང་ཨིན་དང་ཁེམ་མེན་ཅོང་གཉིས་བསམ་བཞིན་དུ་རྒྱལ་བཅུགས་ཡོད་པ་རེད།
རྒྱལ་སྤྱིའི་བྱ་སྒྲོའི་སྤོ་ལོའི་མཐུན་ཚོགས་ཀྱིས་ཚོགས་འདུ་བསྡུས་ཏེ་རྩེད་འགྲན་པ་ ༨ པོ་དེ། ཐེངས་འདིའི་ཨོ་ལིམ་ཕིག་རྩེད་འགྲན་ཁྲོད་ཕྱིར་ཕུད་གཏོང་རྒྱུའི་ཐག་གཅོད་གསལ་བསྒྲགས་གནང་རྗེས། ལྷོ་ཀོ་རི་ཡའི་རྩེད་པ་ ༤ ཡིས་ཐག་གཅོད་དེའི་ཐད་ཁྲིམས་བཤེར་ཞུ་གཏུགས་བྱས་ཡོད་པ་དང་། ཧིན་རྡི་ཉི་ཞི་ཡཱའི་རྩེད་འགྲན་པས་ཐོག་མར་ཞུ་གཏུགས་ཀྱི་རྣམ་འགྱུར་བསྟན་ཡང་རྗེས་སུ་ཕྱིར་འཐེན་བྱས་ཡོད་པ་མ་ཟད། དང་ཐོག་རྒྱའི་རྩེད་འགྲན་པའི་བྱ་སྤྱོད་དེ་སྤེལ་བར་བརྟེན་ནས། ཁོ་ཚོའི་ངོས་ནས་ཀྱང་བྱ་སྤྱོད་དེ་སྤེལ་དགོས་བྱུང་ལུགས་བརྗོད་འདུག རྒྱའི་རྩེད་འགྲན་པའི་ངོས་ནས་ཞུ་གཏུགས་ཀྱི་རྣམ་འགྱུར་གང་ཡང་བསྟན་མེད་པ་རེད།
ཚོགས་ཆུང་དང་པོ་དང་བཞི་བའི་རྩེད་འགྲན་པ་རྩེ་གྲས་ ༨ ཕྱིར་ཕུད་བཏང་བའི་རྗེས། ཐེངས་རྗེས་མའི་རྩེ་གྲས་བཞིའི་འགྲན་རྩོད་ཁྲོད་ཨུ་རུ་སུ་དང་ཁེ་ན་ཊ། ཨོ་སི་ཊོ་ལི་ཡ། ལྷོ་ཨ་ཧྥི་རི་ཀ་བཞིའི་རྩེད་འགྲན་པ་ཚུད་ཡོད་པ་དང་། ཚོགས་ཆུང་གཉིས་པ་དང་གསུམ་པའི་རྩེད་འགྲན་ཐད་རྙོག་ཟིང་གང་ཡང་མ་བྱུང་བར། ཝེ་ཝན་དང་ཉི་ཧོང་། ཌེན་མཱག རྒྱ་ནག་བཅས་རྩེ་གྲས་བཞིའི་འགྲན་རྩོད་ཁྲོད་སླེབས་ཡོད་པ་རེད།