མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིའི་ལོ་གཅིག་གི་ཕྱག་ལས།

བོད་ཀྱི་དུས་བབ།
༢༠༡༢/༠༨/༠༨
Share on FacebookShare on TwitterShare on EmailShare on Whatsapp

བཀྲ་ཤིས་ཟླ་བ།

མ་གཞི་ནས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་འདི་ཕྱོགས་གང་ཐད་ནས་འཕེལ་རྒྱས་འགྲོ་བཞིན་ཡོད་པ་ལྟར། ཤེས་ཡོན་གྱི་གནས་ཚད་ཀྱང་ཡར་རྒྱས་ཕྱིན་ཏེ་སྐབས་བཅུ་བཞི་པའི་བཀའ་ཁྲིས་བཏོན་པའི་ཆིག་སྒྲིལ་དང་གསར་བཏོད། རང་ཁ་རང་གསོ་བཅས་ཀྱི་ལྟ་གྲུབ་འདི་ཚོ་བཤད་ས་དང་ལག་ཏུ་ལེན་སའི་ཁོར་ཡུག་གང་འཚམ་རེ་གྲུབ་འདུག་པ་ཡིན། དེ་ལྟ་ནའང་ཕྱོགས་གང་ཐད་ནས་ཕུན་སུམ་ཚོགས་པ་ཞིག་ཡིན་ནམ་ཞེ་ན་མིན་ཏེ། ངྷ་སའི་ཆབ་སྲིད་པ་ཕྲག་དོག་ཅན་འདི་ཚོ་དང་། གྲྭ་སའི་དགེ་འདུན་པ་ཞེན་ཁོག་ཅན་དེ་ཚོས་ད་དུང་ཡང་གང་བྱུང་མང་བྱུང་ལབ་ཀྱི་ཡོད་པ་ལྟ་བུ་རེད། དེ་བས་ངས་བཀའ་ཁྲིའི་ལོ་གཅིག་གི་ལས་ཀའི་ཐད་སྐད་ཆ་མ་བཤད་གོང་རང་ཉིད་ངོ་སྤྲོད་ཕྲན་བུ་ཞིག་བྱེད་ན་བསམ། ཁོ་བོ་ནི་ལྟ་བ་དང་ལངས་ཕྱོགས་རྐྱང་རྐྱང་བཤད་ནས་བོད་དོན་ནར་འགྱངས་སུ་གཏོང་མཁན་ཚོའི་གྲས་སུ་མེད་ལ། འདུག་ས་དགོན་པ་བྱས་ནས་རྩོད་རྒྱུ་ཆོལ་ཁ་བྱེད་མཁན་གྱི་དགེ་འདུན་པའི་གྲལ་དུ་ཡང་མེད་ཅིང་། བཀའ་ཁྲི་དང་ལུང་ཚན་གཅིག་པ་མིན་ལ་ཆོས་རྒྱུད་གཅིག་པར་ཡང་ཕལ་ཆེར་བཞག་ཏུ་མེད་པ་འདྲ། དེ་བཞིན་དུ་ཐོབ་དང་གོ་ས་གང་ལའང་རེ་བ་མེད་པའི་བོད་མི་དཀྱུས་མ་ཞིག་ཡིན་པས་བཀའ་ཁྲི་ལ་བསྟོད་པ་བྱས་པས་ཡར་འགྲོ་རྒྱུ་དང་སྨད་པ་བྱས་པས་མར་ལྷུང་རྒྱུ་ཅི་ཡང་མེད། དེའི་ཕྱིར་གཤམ་དུ་སྨྲས་པའི་སྐད་ཆ་འདི་ཚོ་ཕྲག་དོག་གིས་སེར་པོ་བྱས་མེད་ལ་ཞེན་ ཁོག་གིས་དམར་པོ་ཡང་བྱས་མེད་པའི་ཡིད་ཆེས་ཡོད། 

གསལ་བཤད་བྱེད་དགོས་པ་ཞིག་ལ་ངྷ་སའི་ཆབ་སྲིད་པ་ཐམས་ཅད་ཕྲག་དོག་ཅན་རེད་ཟེར་གྱི་མེད་ལ། གདན་སའི་དགེ་འདུན་པ་ཡོངས་རྫོགས་ཞེན་ཁོག་ཅན་རེད་དེ་བས་ཀྱང་ཟེར་གྱི་མེད། གཟུར་གནས་ཚོས་གཟིགས་དང་། དོན་ཆེན་དང་ཕྲད་དུས་འཇམ་ཐིང་ངེར་ཡོད་ལ་དོན་དག་མེད་ས་ནས་དོན་དག་བཙལ་ཏེ་སྐོར་ཞིག་གིས་ངུ་ཟུག་བརྒྱབ་ཡོང་གི་རེད། དེ་ཚོའི་ནང་ན་ངས་གོང་དུ་བཤད་པའི་ཕྲག་དོག་ཅན་དང་ཞེན་ཁོག་ཅན་དེ་ཚོ་ཡོད་པ་རེད། དེ་ཚོས་རང་ཉིད་ཀྱི་ངོ་གདོང་སྟོན་མི་ཐུབ་ས་ནས་མི་ལ་མགོ་སྐོར་གཏོང་གི་རེད། འདི་ལྟར་གསལ་བཤད་རེ་མ་བྱས་ན་མཚམས་མཚམས་ལ་སྐབས་འཚོལ་བ་ཚོས་འགྲེལ་བཤད་ལོག་པར་བརྒྱབ་ནས་གཟུར་གནས་ཚོར་བློ་ཕམ་འབྱུང་དུ་འཇུག་གི་འདུག  

ལོ་སྔོན་མའི་དེ་རིང་གི་ཉིན་མོ་འདི་ནི་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་དཀྱོག་མཚམས་གལ་ཆེན་ཞིག་ཡིན། རྒྱུ་མཚན་ནི་ད་བར་ང་ཚོའི་ཤི་ས་དང་གསོན་ས་ཐམས་ཅད། ང་ཚོའི་འཕུར་ས་དང་འབབ་ས་ཡོངས་རྫོགས་སུ། ཁོང་གི་སྐུ་དང་གསུང་། ཐུགས་བཅས་ཀྱི་འཕྲིན་ལས་ཀྱི་མཛད་པ་རྣམས་ཅི་དགར་ལོངས་སྤྱོད་དུ་གནང་མཁན་གྱི་མི་རིགས་འདིའི་མ་ཡུམ་ལྟ་བུའི་རླབས་ཆེན་གྱི་མི་སྣ་སྟེ། ༸གོང་ས་བཅུ་བཞི་པ་ཆེན་པོས་བོད་མིའི་ཆབ་སྲིད་ཀྱི་དབང་ཆ་ཡོངས་རྫོགས་མི་མང་ལ་གསོལ་རས་སུ་གནང་སྟེ། ལོ་ངོ་སུམ་བརྒྱ་དྲུག་ཅུ་ལྷག་གི་ལོ་རྒྱུས་ཅན་གྱི་བོད་གཞུང་དགའ་ལྡན་ཕོ་བྲང་བའི་སྲིད་དབང་དེ་བཞིན་དམངས་གཙོ་མཚན་ཉིད་ཚང་བར་བསྒྱུར་བའི་ཉིན་མོ་ཆགས་ཡོད། ཉིན་མོ་དེར་༸གོང་ས་མཆོག་གིས་བརྩེ་བའི་འཛུམ་པ་གྲོལ་ཞིང་གསུང་གི་དབུགས་དབྱུང་བསྩལ་ནས། ད་ངའི་ཚབ་འདི་ཡིན་ཞེས་བཀའ་ཁྲིའི་ལག་པ་ནས་ཐེན་ཏེ་འཛམ་གླིང་ཡོངས་ལ་གསལ་སྟོན་གནང་བའི་ཉིན་མོ་ཡང་ཡིན། དེར་བརྟེན་དེ་རིང་ངས་བརྗོད་འདོད་པ་ནི་ཉིན་མོ་དེར་སྲིད་འགན་གཙོ་བོ་འཁུར་མཁན་བོད་ཀྱི་སྲིད་བློན་ནམ་བཀའ་བློན་ཁྲི་པའི་ལོ་གཅིག་རིང་གི་ལས་ཀའི་སྐོར་ནས་རང་གི་ཤེས་ཚོད་ཅིག་ཞུ་རྒྱུ་ཡིན།

བཀའ་ཁྲིས་ཆིག་སྒྲིལ་ཞེས་པའི་འབོད་ཚིག་ཅིག་བསྒྲགས་སོང་། ད་དུང་ཡང་ཤེས་ཡོན་ཅན་གྱི་གཟུགས་བརྙན་འགའ་ཞིག་གིས་ཆོལ་ཁ་རྩོད་ཀྱི་ཡོད་ལ། རྒྱུ་དངོས་མེད་པའི་ངྷ་སའི་འཁྱམས་པོ་འགའ་རེ་དང་། ཤེས་ཡོན་མེད་པའི་གདན་སའི་གྲྭ་པ་སྐོར་རེ་བེད་སྤྱད་ནས་ཆོལ་ཁའི་འགལ་བ་བསྒྲིགས་ཏེ། རང་ཉིད་སྤྱི་འཐུས་སོགས་ལ་ལངས་ཐབས་ཀྱི་ཁེ་བཟང་གཉེར་གྱི་ཡོད་མེད་ལ་མ་ལྟོས་པར། བཙན་བྱོལ་ནང་གི་ཤེས་ཡོན་ཅན་མང་ཆེ་བས་ཆོལ་ཁ་རྩོད་པ་ནི་བླུན་པོའི་བྱ་སྤྱོད་ཅིག་ཡིན་པ་ཧ་གོ་ཞིང་། ས་མཚམས་དང་ཆུ་མཚམས་རྩོད་ས་ངོ་མ་དེ་རྒྱ་ནག་ཡིན་པར་ངེས་ཤེས་གཏིང་ཟབ་རྙེད་བཞིན་ཡོད་པས་བཀའ་ཁྲིའི་ཆིག་སྒྲིལ་གྱི་ལངས་ཕྱོགས་འདིས་བོད་པའི་སྤྱི་ཚོགས་ནང་སྣེ་ཁྲིད་ལྟ་བུའི་ནུས་པ་འཐོན་གྱི་འདུག

དེ་བཞིན་དུ་བཀའ་ཁྲིས་གསར་བཏོད་ཅེས་པའི་འབོད་སྒྲ་ཞིག་བསྒྲགས་སོང་། འབོད་སྒྲ་འདི་གཞིས་ཆགས་ཁག་དང་དགོན་སྡེ་ཁག་ནས་ད་དུང་ཡང་ཐོས་ཀྱི་ཡོད་མེད་མི་ཤེས་ཏེ། ༸གོང་ས་མཆོག་སྐུ་དངོས་ཀྱིས་ཞལ་བཀོད་གནང་ནས་ཚན་རིག་གི་སློབ་ཚན་ཞིག་གདན་སའི་ཁྲིད་གཞིའི་ཁོངས་སུ་འཇུག་འཆར་ལ་མཁན་པོ་འགའ་ཞིག་གིས་རུབ་བརྒྱབ་ནས་ངོ་རྒོལ་བྱེད་སྟངས་ལ་བལྟས་ན་བཀའ་ཁྲིའི་བཀའ་མོལ་འདི་ཚོར་དེ་བས་ཀྱང་རྣ་བ་གཡོར་གྱི་ཡོད་མེད་མི་ཤེས་ལ། གཞིས་ཆགས་ཁག་ཏུ་གཞན་བརྟེན་བསམ་བློ་ཆེ་དྲགས་ནས་གསར་བཏོད་དང་རང་ཁ་རང་གསོ་ཞེས་ པ་འདི་ཚོ་ལེགས་བཤད་ཅིག་ཏུ་མཐོང་གི་ཡོད་ན་ལས་ལག་ལེན་བསྟར་རྒྱུ་ཞིག་ཡིན་པ་ཕལ་ ཆེར་ཤེས་ཀྱི་མེད་པ་འདྲ། འོན་ཀྱང་བཀའ་ཤག་གིས་བཀའ་ཤག་གི་ཕྱག་ལས་ནང་ལག་ལེན་བསྟར་བྱུང་།  དོན་ཆེན་རེར་ཐུག་ན་ལྷ་བསང་རེ་གཏོང་ཞིང་དར་ལྕོག་རེ་འཛུགས་རྒྱུ་ལྟ་བུ་མིན་པར་བཀའ་ཤག་གི་བཀའ་བློན་ཚོ་ཕྱོགས་སྐྱོད་དང་ངོ་སྐྱོད་གནང་སྟེ་ཐུག་དགོས་ས་ལ་ཐུག བཤད་དགོས་ས་ནས་བཤད་དེ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་སྡིངས་ཆའི་སྟེང་བོད་ཀྱི་སྲིད་གཞུང་འདི་གསལ་ལ་མི་གསལ་བ་ཞིག་མངོན་པར་བྱེད་ཀྱི་འདུག འདི་ནི་ང་ཚོའི་གཞུང་འདི་སྲ་ཐག་ཐག་ཡོད་ཟེར་ནས་སོས་དལ་ལྷོད་སྡོད་ཀྱི་གནས་སྟངས་ལས་བརྒལ་ཡོད་ལ། འཐབ་རྩོད་ཀྱི་གོ་སྐབས་མི་འཛིན་པར་ལྷ་གསོལ་ཀླུ་གསོལ་བྱེད་པའི་འགྲོ་སྟངས་ལས་འདས་ཡོད། མ་གཞི་ནས་ཆབ་སྲིད་ཟེར་བ་ནི་འགལ་འབྲེལ་ལ་འཇུས་ནས་གོ་སྐབས་དམ་འཛིན་བྱེད་རྒྱུ་ དེ་ཡིན་པ་ལས། གལ་ལ་ཐུག་དུས་ལྷ་ལ་བཅོལ་རྒྱུ་དེ་ག་ལ་ཡིན། དེར་བརྟེན་བཀའ་ཁྲིའི་འབོད་སྒྲ་འདི་ནི་དགོས་ངེས་ཀྱི་འབོད་སྒྲ་ཞིག་ཡིན་ལ། ཡར་ཐོན་ཅན་དུ་གྲགས་པའི་ཨ་རི་དང་དབྱིན་ལན་སོགས་ཀྱིས་ཀྱང་འབོད་སྒྲ་འདི་བསྒྲགས་དང་སྒྲོག་བཞིན་པ་ཡིན།

ཡང་བཀའ་ཁྲིས་རང་ཁ་རང་གསོ་ཞེས་པའི་ལངས་ཕྱོགས་ཤིག་བཏོན་སོང་། ང་ཚོས་བོད་ཕྱི་ནང་གཉིས་ཀར་ཐེངས་ཤིག་གཟིགས་དང་། བོད་ནང་དུ་རྒྱ་གཞུང་གིས་བོད་མི་ཚོར་ཕན་ཐོགས་པའི་ལས་ཀ་སྣ་གཅིག་ཀྱང་བྱེད་ཀྱི་མེད་ནའང་། རྐང་བཙུགས་ནས་ལས་ལ་བརྩོན་པའི་འདུ་ཤེས་འཕྲོ་བརླག་ཏུ་གཏོང་བྱེད་ཀྱི་སྐྱོབ་གསོ་ཟེར་བའི་དངུལ་དངོས་དེ་ཚོ་མི་དགོས་ཟེར་ནའང་སྤྲོད་ཀྱི་ཡོད་ཅིང་། བཙན་བྱོལ་ནང་དུས་ཡུན་རིང་བོར་སྒེར་ཚུགས་ཀྱི་འདུ་ཤེས་ཉམས་དམས་སུ་ཕྱིན་ཏེ་མགོ་སེར་ཚོས་མེད་ཟེར་ནའང་རོགས་སྐྱོར་དགོས་པའི་ཞུ་བ་འཐེན་གྱི་ཡོད། ངའི་ཤེས་ཚོད་ཀྱི་བོད་པའི་གྲོང་གསེབ་འདིའི་མི་ཚང་ལ་ལར་བཟའ་ཆས་སོགས་ཟླ་བ་འཁྱོལ་ནའང་ལོ་འཁྱོལ་དཀའ་བའི་གནས་སུ་ཡོད་ཀྱང་ངལ་རྩོལ་གྱི་འདུ་ཤེས་རྦད་དེ་ཉམས་ནས་ཐ་ན་རང་ཉིད་ཀྱི་ཁང་མཐའ་ར་མཐའི་རྩྭ་འབྲེག་དགོས་ནའང་རྒྱ་གར་བ་ཚོར་གླ་ཆ་གཏོང་གི་ཡོད། གལ་སྲིད་མི་ཞིག་གིས་རང་གི་ཁང་མཐའི་རྩྭ་འབྲེག་པ་ལྟ་བུ་མཐོང་ན་དེ་ནི་ཆེས་མི་འཇོན་མཁན་དང་ཆེས་ཐབས་སྐྱོ་ཤོས་དེ་ཡིན་པའི་ངོས་འཛིན་བྱེད་པར་དོགས་ཀྱི་ཡོད། དེ་ནི་ཁོང་ཚོའི་གནོན་ཤུགས་ཤིག་ཡིན་ལ་ཁོང་ཚོའི་རིག་གནས་ཤིག་ཀྱང་ཡིན། དེར་བརྟེན་རབ་བྱུང་ན་དབྱིན་ཇི་མགོ་སེར་ཞིག་གི་རྐུབ་ལ་རྒྱུག་རྒྱུ་ཨེ་རག་གི་རྨི་ལམ་རྨི་ཞིང་། ཐབས་སྡུག་ན་ཡར་གྱི་གཞིས་མགོ་དང་མར་གྱི་བརྒྱ་དཔོན་ཟེར་བ་དེ་ཚོའི་རྩར་ཕྱིན་ཏེ་མི་ཚང་ཉམ་ཐག་ཅེས་པའི་ངོ་སྦྱོར་ཞིག་ལ་འབད་བརྩོན་བྱེད་པ་ལས་ཕལ་ཆེར་ལས་ཀ་བྱེད་རྒྱུའི་ལུགས་སྲོལ་མེད་པ་ཡིན། མི་ཚང་ཉམ་ཐག་གི་ཁོངས་སུ་ཚུད་ཚེ་ད་གཟོད་སྐྱོབ་གསོ་རག་གི་ཡོད་པ་རེད། ཕོ་གཞོན་མོ་གཞོན། ཤ་དར་ཁྲག་དར། ལས་ལག་ཡས་གང་ཡང་བྱེད་མི་ཐུབ་པའི་མི་འདི་ཚོའི་བྱ་སྤྱོད་ཅིག་མཐོང་ཚེ། དངོས་གནས་བཀའ་ཁྲིའི་རང་ཁ་རང་གསོ་ཞེས་པའི་ལངས་ཕྱོགས་འདི་ཅི་འདྲའི་གལ་ཆེན་ཞིག་ཡིན་ཨང་མི་བསམ་རང་བསམ་ཡིན།

བཀའ་ཁྲིས་བོད་དོན་ཞི་བའི་ལམ་ནས་རྩོད་རྒྱུ་ལ་འགྱུར་བ་མེད་ཟེར། རྒྱ་གུང་ཁྲན་གྱིས་བོད་མི་འབུམ་ཕྲག་བཅུ་གཉིས་ཙམ་གྱི་ཚེ་སྲོག་ཕྲོགས་ཡོད། མི་འབོར་དེའི་མང་ཤོས་ནི་བོད་ཀྱི་གྲོང་དམག་དང་རིག་གཞུང་འཛིན་མཁན། རྒྱལ་ཁབ་སྐྱོང་མཁན་དག་ཆགས་ཡོད། དེ་ཚོ་ཚང་མ་མེད་པར་བྱས་པས་དུས་སྐབས་ཤིག་གི་བོད་ཅེས་པ་དེ་ལང་རྒྱུ་མེད་པ་བཟོས་ཡོད། དེ་ནི་བོད་མིའི་རང་དབང་ཤོར་ཚུལ་ཡིན། ད་ལྟ་༸གོང་ས་བཅུ་བཞི་པ་ཆེན་པོའི་ཐབས་མཁས་ཐུགས་རྗེའི་འོག་ནས་བོད་ཕྱི་ནང་གཉིས་ཀར་གསོན་ཤུགས་གསར་བ་ཞིག་རྒྱས་ཡོད། སྟོབས་ཤུགས་ཆེན་པོ་ཞིག་ལྡན་ཡོད། གསོན་ཤུགས་འདི་དང་སྟོབས་ཤུགས་འདི་ལ་བརྟེན་ནས་བོད་ཀྱི་རང་དབང་ཞིག་ཨེ་ལོན་མ་བལྟས་ན། ད་ནི་དངོས་གནས་བོད་ཅེས་པ་འདི་ཀྲུང་ཧྭ་རིག་གནས་ནང་ཐིམ་འགྲོ་རྒྱུའི་སྐེ་མཚམས་ཏག་ཏག་ལ་སླེབས་ཡོད་པས་ཁ་ཤོབ་ཐེན་ནས་འདུག་ཚད་ཅིག་གཏན་ནས་མིན། ད་ལྟ་རྒྱ་གུང་ཁྲན་ཡང་བོད་མིའི་གསོན་ཤུགས་འདི་དང་སྟོབས་ཤུགས་འདི་ལ་མིག་ཚ་ཡི་ཡོད། འདི་ཉམས་དམས་སུ་གཏོང་ཐབས་ལ་ཁག་འདོགས་ས་ཞིག་མ་རག་པར་བསྡད་ཡོད། དེ་བས་མཚམས་རེར་ཏཱ་ལའི་ཡིས་དྲག་སྤྱོད་སྤེལ་སོང་ཟེར། ཡང་སྐབས་རེར་བཀའ་ཁྲི་དྲག་སྤྱོད་པ་རེད་ཟེར། གཉིད་བཤད་ལྟ་བུའི་སྐད་ཆ་འདི་ཚོས་རྒྱ་གུང་ཁྲན་གྱི་རེ་བ་དང་འདུན་པ་སྟོན་གྱི་ཡོད། བོད་མིའི་འཐབ་རྩོད་འདི་དྲག་ལམ་ལ་སྐུལ་འདེད་བྱེད་ཀྱི་ཡོད། དྲག་ལམ་ལ་ཕྱིན་ཚེ་དེ་ནི་ཁོ་ཚོའི་གོ་སྐབས་ཡིན། ཁེ་བཟང་ཡིན། དེ་ལ་ཁ་གཡར་ནས་བོད་མིའི་འཐབ་རྩོད་ཀྱི་གོང་བུ་འདི་བཅོམ་ཆག་སྐྱ་ཉིལ་དུ་གཏོང་རྩིས་ཡོད། དེ་བས་བཀའ་ཁྲིས་གོ་སྐབས་དེ་དང་ཁེ་བཟང་དེ་རྒྱ་གུང་ཁྲན་ལ་མི་སྤྲོད་རྒྱུའི་དམ་བཅའ་བཞག་སོང་། ཁས་ལེན་བྱས་སོང།

ད་དུང་བཀའ་ཁྲིས་གཞུང་གི་ལངས་ཕྱོགས་ཀྱང་ལམ་དབུ་མར་ཡང་མུ་མཐུད་དུ་ཤར་སྐྱོད་བྱ་རྒྱུ་ཟེར། ལམ་དབུ་མ་ཟེར་བ་འདི་བོད་ཀྱི་ཆོས་པ་དང་། སྲིད་དོན་པ། བོད་གཞིས་དང་བྱེས། བོད་ཀྱི་ལྷ་དང་མི། དྲག་ཤོས་དང་མང་ཤོས་ཀྱིས་ཐག་གཅོད་དང་མོས་མཐུན་ཡོད་པ་ཞིག་ཡིན་པ་མ་ཟད། གླེན་པའི་ཨུ་ཚུགས་ལྟ་བུ་མ་ཡིན་པར་བློ་གྲོས་ཞིབ་མོས་གོ་བསྡུར་དང་སྦྱང་བཤད་བྱས་ཡོད་པའི་འཐབ་ཇུས་ཤིག་དང་ཐབས་ལམ་ཞིག་ཡིན། ལམ་དབུ་མས་རྒྱ་ནག་རྒྱལ་ཁོངས་ཀྱི་བོད་སྐད་སྨྲ་བ་ཐམས་ཅད་ལ་ཁྱབ་ཀྱི་ཡོད་ལ། བོད་ས་ཡོངས་རྫོགས་ལ་སྙོབ་ཀྱི་ཡོད།  དེང་གི་རྒྱལ་སྤྱིའི་སྒྲིག་སྲོལ་དང་ཡང་མཐུན་གྱི་ཡོད་ལ། ལྷག་པར་དུ་རྒྱ་ནག་རང་གི་ཁྲིམས་གཞི་མང་པོ་ཞིག་དང་མཐུན་གྱི་ཡོད་པས་ལམ་དབུ་མར་གདོང་ལེན་བྱས་ཚེ་རང་གིས་བཟོས་པའི་ཁྲིམས་གཞི་མང་པོར་གདོང་ལེན་བྱེད་དགོས་ཐུག་གི་ཡོད། དེ་བས་ལམ་དབུ་མས་རྒྱལ་སྤྱི་དང་རྒྱ་ནག བོད་ཅེས་ཕྱོགས་ཕན་ཚུན་ལ་མགོ་རྙོག་ཅི་ཡང་མེད་པར་གནད་དོན་རྗེན་པར་ཕུད་ཡོང་གི་ཡོད། དེར་བརྟེན་རྒྱ་གུང་ཁྲན་ཅི་བྱ་བརྟོལ་མེད་དུ་གྱུར་ཏེ་རྒྱ་དཔོན་ཀྲུའུ་ཝེ་ཆོན་ཟེར་བ་དེ་ཚོས་ཀྲུང་གོའི་ནང་ད་ནས་མི་རིགས་ཟེར་བ་མེད་པར་བཟོ་དགོས་ཚུལ་གྱི་སྡུག་སྐད་ཤོར་གྱི་ཡོད་ཅིང་། རྒྱ་ནག་གི་མགྲིན་ཚབ་པ་ཡིན་ཟེར་མཁན་དེ་ཚོས་ཀྱང་བོད་དོན་སྐོར་གྱི་གསལ་བསྒྲགས་འདྲ་སྤེལ་ཚེ་གདོང་བ་དམར་བོ་དམར་རྐྱང་ཆགས་ནས་སྐད་ཆ་བཤད་ཀྱི་ཡོད། རྒྱུ་མཚན་ནི་མི་ཚང་མས་ཤེས་ཡོད་པ་ཞིག་རྫུན་བཤད་ཀྱི་ཡོད་པས་ལོས་ཡིན། འདི་དག་ནི་རྒྱ་གུང་ཁྲན་རང་གིས་བཟོས་པའི་ཁྲིམས་ཀྱི་དྲ་བར་རང་གི་རྐང་པ་ཐོགས་ཚུལ་རེད་ལ། རྒྱ་གཞུང་གིས་སྡིག་པ་མིག་བཙུམ་བྱས་ནས་འདུག་ཚུལ་ཡང་རེད། དེ་བཞིན་དུ་བོད་མིའི་བདེན་པ་དང་ལམ་དབུ་མའི་འཐབ་ཇུས་ཀྱིས་བྱིན་པའི་རྒྱ་གུང་ཁྲན་གྱི་ལེགས་སྐྱེས་དག་ཀྱང་རེད། དེའི་ཕྱིར་དེང་གི་ཆར་བཀའ་ཁྲིས་བདམས་པའི་ལམ་ཁ་འདི་ནི་ནོར་མེད་ལ་འཕྱུགས་ཀྱང་ མེད།

ཡང་བཀའ་ཁྲིས་དབང་ཡོད་དང་སྒེར་གཅོད་མི་བྱེད་པར་བཀའ་བློན་ཡོངས་རྫོགས་དང་མཉམ་ལས་དང་ནུས་པ་མཉམ་འདོན་བྱེད། ཤེས་འཇོན་དང་ལྷག་བསམ་གྱིས་ཕྱུག་པའི་བཀའ་བློན་གཞན་དང་གཞན་ཚོའི་འཇོན་ནུས་ལ་གོ་སྐབས་བྱིན་པས་བཀའ་ཤག་གི་ནུས་པ་ཆེ་རུ་ཕྱིན། དེ་བཞིན་དུ་དམངས་གཙོའི་འགྲོ་སྟངས་ཡིན་ཟེར་ནས་སྤྱི་འཐུས་དང་དགྲ་ཁ་གཏད་ལྟ་བུར་མ་བལྟས་པར་མཉམ་ལས་དང་མཉམ་ལངས་བྱས། དེང་གི་ཆར་སྤེན་པ་ཚེ་རིང་གིས་མགོ་ཁྲིད་པའི་སྤྱི་འཐུས་ཀྱང་སྔར་གྱི་ཆོལ་ཁའི་ཞེན་ཁོག་རྩོད་ས་དང་མི་འདྲ་བར་བོད་མིའི་བདེན་དོན་རྩོད་སའི་གྲོས་ར་གལ་ཆེ་ཤོས་དེ་ཆགས་ཡོད། སྔར་ལྟར་སྤྱི་འཐུས་ཁྲིམས་བཟོ་ཡིན་པས་འདུག་དགོས་པ་དང་། བཀའ་ཤག་འཛིན་སྐྱོང་ཡིན་པས་རྒྱུག་དགོས་པ་ལྟ་བུའི་བསམ་ཚུལ་དེ་ཚོ་དོར་ཏེ་ཛ་དྲག་གི་སྐབས་ཐམས་ཅད་མཉམ་ལངས་བྱས། གཞིས་བྱེས་བོད་མི་ཡོངས་ལ་སེམས་འགུལ་དང་རེ་བ་བསླངས། དེ་བས་ངྷ་སའི་བོད་ཀྱི་སྲིད་གཞུང་འདི་ཡོད་པ་ནས་མངོན་གསལ་གྱི་ཕྱོགས་ལ་མངོན་ཡོང་གི་ཡོད།

བཀའ་ཁྲི་མཆོག་གཞིས་ཆགས་ནས་སྐྱེས་ཤིང་གཞིས་ཆགས་ནས་འཚར་བས་གཞིས་ཆགས་ཀྱི་ཤེས་ཡོན་ཅན་མང་པོའི་སེམས་པ་ངྷ་སར་འཁོར་བཞིན་ཡོད་ཅིང་། ཁ་འཐོར་དུ་གནས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཀྱི་བོད་མིའི་རེ་བ་ཡང་ངྷ་སར་བརྒྱབ་ཡོང་གི་ཡོད། དེ་བཞིན་དུ་བཀའ་ཁྲིས་བཀའ་ཁྲི་འགྲན་རྩོད་སྐབས་ནུབ་ཕྱོགས་དམངས་གཙོའི་འགྲོ་ སྟངས་ལྟར་གྱི་འགྲན་རྩོད་བྱས་པས་གཉིད་ལ་ཤོར་བའི་ཕྱི་སྡོད་བོད་མིའི་སྤྱི་ཚོགས་འདི་འུར་སེར་བཏང་སོང་ལ། དེ་ལ་བརྟེན་ནས་གཞིས་ལུས་བོད་མིའི་འདུན་པ་ཆེ་རུ་ཕྱིན་སོང་། ད་དུང་འདི་དང་འདི་འདྲ་བའི་གླེང་འོས་པ་མང་དག་ཅིག་ཡོད་ཀྱང་རེ་ཞིག་མཚམས་འཇོག་གི་ཡིན། བཀའ་ཁྲིའི་ལོ་ཡུན་ནང་གི་བརྒྱ་ཆ་ཉི་ཤུ་ལས་སོང་མེད་པའི་སྐབས་འདིར་བསྟོད་ར་གཏོང་རྒྱུ་མང་དྲགས་ན་བཀའ་ཁྲི་མི་བཟི་ཡང་བཀའ་ཁྲིའི་འཁོར་ཡིན་ཟེར་མཁན་དེ་ཚོ་བཟི་འགྲོ་བར་དོགས་པས། བསྟོད་པ་ལྷག་མ་རྣམས་དུས་ནས་དུས་སུ་སྤྲོ་བར་བྱ།

དེང་གི་ཆར་བཀའ་ཁྲི་མཆོག་བོད་པའི་གཞིས་ཆགས་ཁག་དང་དགོན་སྡེ་ཁག་ཏུ་ཕེབས་ཚེ་བརྩི་མཐོང་དང་དགའ་བསུ་རྒྱ་ཆེན་པོ་བྱེད་ཀྱི་ཡོད་ལ། རྒྱལ་ཁབ་གཞན་དུ་ཕེབས་ཚེ་སྐུ་སྲུང་དམག་མི་གཏོང་བ་སོགས་ཀྱི་ཆེ་མཐོང་སྤྲོད་ ཀྱི་ཡོད་པ་མ་ཟད། བོད་ནང་དུ་གཞོན་སྐྱེས་ཚོས་བཀའ་ཁྲི་ལ་བསྟོད་གླུ་ལེན་པ་དང་རང་གི་ལག་ཐོགས་ཁ་པར་ནང་བཀའ་ཁྲིའི་སྐུ་པར་ཉར་བ་སོགས་དགའ་མོས་ཆེན་པོ་བྱེད་ཀྱི་འདུག དེ་ལ་མ་གཞི་ནས་རྒྱུ་མཚན་འདྲ་མིན་རེ་ཡོད་སྲིད་ཀྱང་ངའི་ལྟ་ཚུལ་ལྟར་ན་རྒྱུ་མཚན་གཙོ་བོ་བཞི་ཙམ་ཞིག་རེད་སྙམ། དང་པོ་༸གོང་ས་མཆོག་གིས་ངའི་ཚབ་འདི་ཡིན་ཞེས་གསུང་གི་དབུགས་དབྱུང་བསྩལ་ཡོད་པ་དེ་གཙོ་བོ་རེད་སྙམ། ༸གོང་ས་མཆོག་ལ་བོད་རང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཆེ་མཐོང་ཅི་འདྲ་ཡོད་མིན་ནི་ཞུ་མི་དགོས་པ་ཡིན་ལ། ཁོང་གིས་ངའི་ཚབ་འདི་ཡིན་གསུངས་ཚེ་རང་བཞིན་གྱིས་ཆེ་མཐོང་སླེབས་ཡོད། གཉིས་པ་བོད་ཕྱི་ནང་གི་མེར་བསྲེགས་ཀྱི་ལས་འགུལ་འདི་ཡིན། འདིའི་ཐད་རྒྱལ་སྤྱི་སྲིད་གཞུང་མང་པོ་ཁ་རོག་གེར་ཡོད་ནའང་། ལས་འགུལ་འདིས་བོད་མིའི་སེམས་པ་བསྒུལ་གྱི་ཡོད་ལ། འགྲོ་བ་མིའི་རིགས་ཀྱི་སེམས་པ་བསྒུལ་ཡོང་གི་ཡོད། རྒྱུ་མཚན་ནི་བསྲེག་བྱ་དེ་ནི་རྩྭ་དང་ཤིང་མིན་པར་སྨྲ་ཤེས་ཤིང་དོན་གོ་བའི་འགྲོ་བ་མི་ཡིན་པས་རེད། གསུམ་པ་བཀའ་ཁྲི་མཆོག་ཨ་རིའི་ཧ་ཝར་ཌིའི་སློབ་ཐོན་པ་དང་དེང་རབས་ཀྱི་ཤེས་ཡོན་ཚད་ལོངས་པ་ཡོད་པ་དེ་ཡིན། བཞི་པ་གོང་ཞུས་ལྟར་བཀའ་ཁྲིའི་ལོ་གཅིག་གི་ཕྱག་ལས་འདི་དག་དང་འབྲེལ་བ་དམ་པོ་ཡོད་པར་འདོད། འདི་དག་ལས་རྒྱུ་མཚན་དང་པོ་དང་གཉིས་པ་འདི་མི་མཐོང་མཁན་ནི་བཀའ་ཁྲི་ལ་རྒྱབ་སྐྱོར་ཞུ་མཁན་དུ་རློམ་པ་དག་གི་ནང་དུ་ཡོད་ལ། མི་འདིིའི་རིགས་ཀྱིས་ཡོད་ཚད་བཀའ་ཁྲིས་འཇོན་བཞག་པ་ཞིག་ཏུ་བརྩིས་ཏེ་གནས་ལུགས་ ངོ་མ་དེ་མཐོང་གི་མེད་པ་མ་ཟད། གཅིག་བྱས་ན་བླང་དོར་མི་ཤེས་པའི་རྒྱབ་སྐྱོར་བྱེད་སྟངས་འདིས་བཀའ་ཁྲི་ནག་པོ་ བཟོ་སྲིད་པ་ཞིག་རེད། རྒྱུ་མཚན་གསུམ་པ་འདི་མི་ཤེས་མཁན་ནི་བཀའ་ཁྲི་ལ་འགྲན་སེམས་ཅན་དག་སྟེ། བཀའ་ཁྲིིའི་བོད་ཡིག་གི་ཆུ་ཚད་ཞན་པས་བཀའ་ཁྲི་མཆོག་བོད་ཀྱི་རིག་གཞུང་ལ་དགའ་མོས་མེད་པ་ལྟ་བུའི་རྒྱུ་མཚན་ལྟར་སྣང་འགོད་མཁན་གྱི་གྲས་དེ་རེད་ལ། འདི་ཚོས་ནམ་ཞིག་བཀའ་ཁྲི་དགེ་སློང་མིན་པས་ཆོས་ལ་མི་དགའ་ཚུལ་ཡང་བཤད་སྲིད་པ་ཞིག་རེད། རྒྱུ་མཚན་བཞི་པ་འདི་མི་རྟོགས་མཁན་ནི་ཤེས་ཡོན་མེད་ཅིང་འཕྲལ་ཕུགས་ཀྱི་ཁེ་ཉེན་མི་ཤེས་མཁན་དང་། སྤྱི་ཚོགས་ལ་འགན་ཁུར་མེད་མཁན། གཞན་གྱི་གཡོ་འོག་ཏུ་ཤོར་བ་ཚོ་རེད། འདི་ཚོས་ཐ་ན་བཀའ་ཁྲི་འགྲོ་རྒྱུ་མང་བས་འགྲོ་སོང་མགོ་ཐུག་མིན་ལྟ་བུའི་སྡུག་སྐད་རྒྱག་གི་ཡོད།

གང་ལྟར་རྒྱུ་མཚན་དང་དངོས་ཡོད་གཞི་ལ་བཞག་ནས་བཀའ་ཁྲིའི་ལོ་གཅིག་གི་ཕྱག་ལས་སྐོར་ལ་དབྱེ་ཞིབ་ཅུང་ཟད་བྱས་པའི་ཁུལ་ཡིན་ལ། དེ་དང་མཉམ་དུ་གདེང་འཇོག་ཀྱང་གང་འཚམ་ཞུས་པ་ཡིན། འོན་ཀྱང་དེང་གི་གྲྭ་པ་དང་གྲྭ་ལོག་འགའ་ཞིག་གི་རྩོམ་ཡིག་ལྟར་བསྟོད་སྨད་ཆེ་དྲགས་པའི་མཐའ་ལ་ལྷུང་དུ་བཅུག་མེད། བསྟོད་སྨད་ཆེ་དྲགས་པའི་རྩོམ་ཡིག་དེ་ཚོ་ནི་བཟི་སྨན་ཞིག་དང་འདྲ་བར་ཡར་སྐུལ་གྱི་ནུས་པ་ཅི་ཡང་མེད་པར་སྣང་།

མདོར་ན་བཟང་པོ་ལ་ལེགས་གསོལ་འབུལ་རྒྱུ་ཞིག་དང་ངན་པ་ལ་སྐྱོན་མཚང་འདོན་རྒྱུ་ཞིག་གི་ལས་ལ་ངེས་པར་དུ་ཞུགས་དགོས་པ་ལས། ཁྱད་པར་ཅི་ཡང་མེད་པར་བཏང་སྙོམས་ཀྱི་བཞུགས་འདུག་རྒྱུ་དེ་ནི་རྒྱལ་ཁ་ཐོབ་སའི་ལམ་ཁ་དེ་མ་རེད་འདོད། དེ་བས་སྐད་ཆ་འགའ་ཞིག་བཤད་པ་ཡིན་ལ། སྐད་ཆ་དག་གནད་ལ་མ་ཁེལ་བ་དང་། ལོག་པར་བཤད་པ། སྐབས་སུ་མ་བབ་པ། དགེ་མཚན་ཅི་ཡང་མེད་པ་དེ་འདྲ་ཡོད་ན་ཀློག་མཁན་དག་ལ་དགོངས་དག་ཞུ་རྒྱུ་ཡིན།

 ༢༠༡༢།༨།༨

 

འབྲེལ་ཡོད་གསར་འགྱུར།

Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

ཆུ་ཚོད་ ༡༡ སྔོན་ལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡༨ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༡༨ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

༢༠༢༥/༠༧/༠༢
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢

མཆན། 14

  1. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    གྲོགས་པོ་ལགས། ངོ་མ་ཡག་པོ་ཞིག་བྲིས་འདུག།མི་མཐོང་མཁན་ལ་སྒྲོན་མེ་དང་མི་ཤེས་མཁན་ལ་ལམ་སྟོན། ད་དུང་ཕྲག་དོག་ཅན་དང་ང་རྒྱལ་ཅན། ཞེན་ཁོག་ཅན་དང་ཕྱོགས་ཞེན་ཅན་ཚང་མ་་ལ་ཕན་པའི་རྩོམ་ཞིག་རེད་འདུག་པས། གུས་པའི་དགའ་བསུ་དང་ཐུགས་ཆེ་ཞུ་རྒྱུ་ཡིན།

    Reply
  2. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 13 སྔོན།

    བཀའ་ཁྲིའི་འཇོན་རམས་བཤད་པ་སྔར་དྲགས་པ་ཡིན་སྲིད་། གང་ལྟར་ཁྱེད་རང་གི་དཔྱད་བརྗོད་འདིའི་ཐུགས་ཕན་སོན་མང་པོ་འདུག མ་འོངས་སྲིད་སྐྱོང་བའི་ལམ་དེ་ནམ་ཡང་དམངས་གཙོ་དང་འདྲ་མཉམ་ཐོག་གནས་ཐུབ་པའི་རེ་བ་ཞུ།

    Reply
  3. བཙན་ནག་པས། says:
    ལོ་ 13 སྔོན།

    ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་ཞབས་བཅའ་ནས།
    དཔོན་དང་དཔོན་པོ་མང་རབས་མཇལ་ན་ཡང་།
    དམར་པོའི་དར་དམར་འོག་ནས་མཐར་དཀའ་བས།
    རང་དབང་ལྷ་མོའི་ཞལ་མཇལ་ཇེ་རིང་རེད།

    Reply
  4. ལུང་རྟོགས། says:
    ལོ་ 13 སྔོན།

    དཔྱད་བརྗོད་གནད་ལ་ཁེལ་ཞིང་མཐའ་ལ་མ་ལྷུང་བ་ཞིག་སྤེལ་འདུག ཡི་རང་ཡོད། ད་དུང་གསལ་བཤད་དེ་ཚོ་ནི། བཀའ་ཁྲི་མཆོག་ལ་གཞི་མེད་སྐྱོན་བརྗོད་བྱེད་མཁན་ཚོའི་མཁོ་ལ་ཐོ་བ་སྣུན་པ་དང་། ཁ་ལ་སྨྲ་བཅད་ཀྱི་རྒྱ་ཁྲམས་ཞིག་བྱིན་འདུག་པས་དགའ་བསུ་ཡོད། ཤེས་ཡོན་ཅན་དང་བསམ་བློ་བ་ཟེར་ན་ཁྱོད་འདྲ་ཞིག་དགོས། ཕ་བཟང་བུ།

    Reply
  5. བསྟན་འཛིན་འཕགས་པ། says:
    ལོ་ 13 སྔོན།

    སྐར་མདའ་ཟེར་བ་དྲ་འབུ་རེ་གཟུང་ཞིང་གིས་སོ་སོར་པ་རོལ་པ་ལ་མི་དགའི་་རྒྱུ་མཚན་དུ་་བྱས་ནས་ར་གཟི་ཐང་ལ་ཕེབས་པ་བཞིན་དུ་སེམས་ནང་གང་དྲན་གྱི་མྱོ་གཏམ་ཐམས་ཅད་འདི་ན་བརྗོད་འདུག་པས་སྙིང་རྗེ་ཡ་རང་རེད།
    ཨ་ཁ་ཁ་་་་ད་དུང་དེ་འདྲ་རེ་གཟུང་ལྷ་འདུག་ཀླ་ཀློའི་རྒྱུག་ཁྱི་པ་ཡི་ཙོ་ཙོ།

    Reply
  6. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    ཁྱེད་ནས་དབྱེ་ཞིབ་གནང་བར་གང་ལེགས་འདུག་རུང། བཀའ་ཁྲིའི་བལྟ་གྲུབ་གསུམ་ལ་འགྲེལ་བརྗོད་ནི་ད་བར་བཀའ་འཁྲིའི་ཐོག་གཏམ་དང། ད་གཏམ་ནང་མ་གསུངས་པའི་འགྲེལ་བརྗོད་མང་དག་ཞིག་རྒྱབ་འདུག་ན་ཕལ་ཆེར་བལྟ་གྲུབ་གསུམ་ནི་ཁྱེད་ནས་སློབ་སྟོན་གནང་གི་མེད་དམ་སྙམ་པའི་ཚོར་སྣང་ཞིག་བྱུང་ལ། ཡང་ན་འུར་བརྗོད་དེ་འདྲ་རང་ད་ལྟ་བརྗོད་པའི་དུས་མཚམས་ཨ་ཡེ་བསམ་བྱུང། དེ་མིན་འོག་གི་དོན་གནད་བཞི་ནི་བློ་ལྡན་ཞིག་ལ་ཡིད་ལ་འཇུག་པ་ཡོང་ངེས་ཡིན།

    Reply
  7. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    དཔྱད་བརྗོད་འདི་ནི་ཡི་གེའི་དག་ཆ་ཅུང་ཙམ་ཡོད་པ་དག་གིས་མཁས་མདོག་གིས་གླེན་བཤད་གནམ་ས་ཁེངས་བ་ལྟ་བུར་མི་མཐོང་ལ། བོད་ཡིག་གཅིག་པོ་ཤེས་པ་ཙམ་གྱིས་མཐོ་ལ་ཕྲག་དོག་དང་དམན་ལ་ཟུར་ཟ་མཐོང་ཆུང་སོགས་ཀྱི་རྙོག་གཏམ་གང་སར་ཁྱབ་པ་དང་མི་འདྲ་བར། སྐབས་སུ་བབ་པ་དང་དགོས་པར་དམིགས་པའི་བདེན་གཏམ་ཞིག་ཏུ་འདོད་ཀྱིན།
    ང་འོ་ཉམས་ཀྱིས་མཁའ་དང་མཉམ་པའི་སྣང་ཚུལ་དང་མི་མཚུངས།།
    ང་ཡིན་འདོད་ཀྱིས་རང་སྣང་འཁྲུལ་བའི་ལོག་གཏམ་དང་མི་གཅིག།
    ང་ལ་དམིགས་པས་སྤྲེལ་ལད་འཁྲབ་པའི་ཉམས་འགྱུར་དང་མི་འདྲ།།
    ང་ཚོ་ཚང་གི་བདེན་པ་ཡོད་དོ་རི་མོ་རུ་བཀོད་ལས།།

    Reply
  8. སྐར་མདའ། says:
    ལོ་ 13 སྔོན།

    བཀའ་ཁྲི་ལ་རྨོངས་དད་ཡོད་པ་ད་དུང་ཁྱེད་ཀྱིས་ཤེས་མི་འདུག བཀའ་ཁྲིའི་སྐོར་ལ་བྲིས་པ་ཆ་ཚང་བ་ཞིག་མ་རེད། བཀའ་ཁྲི་འདི་ཡང་ཆོས་པགས་གྱོན་མཁན་ཞིག་རེད། ལས་གཞི་རྒྱ་ཆེན་ཡིན་པ་བདེན་ཡང་འཆར་འགོད་དང་འབྲེལ་བའི་ལག་བསྟར་ལ་ལེན་ཕྱོགས་དེ་གཞན་ཞིག་རེད། བཀའ་ཁྲི་མགོ་བདེ་འདི་འདྲ་ལ་་་་

    Reply
  9. མི་ཉག་བཙན་པོ says:
    ལོ་ 13 སྔོན།

    ཕྱི་རྒྱལ་ཡུལ་ལ་ཕེབས་ཐེངས་རེ།
    །དཔོན་རིགས་མང་པོ་མཇལ་ཐེངས་རེ།།
    རྩ་དོན་གཏམ་བཤད་གནང་ཐེངས་རེ། །
    །གྲོས་མཆོད་མང་པོ་བཞག་ཐེངས་རེ༎
    བོད་ལ་རྒྱབ་སྐྱོར་ཇེ་མང་རེ།
    གཞིང་ཆགས་ཁག་ལ་ཕེབས་ཐེངས་རེ༎ སྲིད་བྱུས་ལམ་སྟོན་གནང་ཐེངས་རེ། །
    མི་དམངས་སེམས་པ་འགུགས་ཐེངས་རེ༎
    གཅིག་སྒྲིལ་ནུས་པ་འབར་ཐེངས་རེ༎
    བོད་ཀྱི་འཐབ་རྩོད་ཇེ་བརྟན་རེད༎
    སློབ་གྲྭ་མང་པོ་ཕེབས་ཐེངས་རེ༎
    ཤེས་ཡོན་ལམ་སྟོན་གནང་ཐེངས་རེ༎
    གཞོན་སྐྱེ་སེམས་ཤུགས་འབར་ཐེངས་རེ༎
    མ་འོང་སྲོག་རྩ་་སྐྲུན་ཐེངས་རེ༎
    བོད་མིའི་རང་དབང་ཇེ་ཉེ་རེད༎
    གཞོན་སྐྱེ་མང་པོ་སེམས་ཤུགས་ཀྱི་མེ་ལྕེ་འབར་བཞིན་འདུག་དགའ་བ་ལ༎

    Reply
  10. ཚངས་གསར་འཕྲིན་ལས། says:
    ལོ་ 13 སྔོན།

    བསམ་གཞིགས་བྱས་པའི་མི་སྐད་གསོན་པོ་ཞིག་བཤད་འདུག རྗེས་སུ་ཡིད་རང་ཡོད། འདི་འདྲའི་སྤྱི་ཚོགས་དཔྱད་བརྗོད་རེ་སྤེལ་ན་རེ་བ་མི་ཆེ་རྒྱུ་མེད།

    Reply
  11. གྲ་ཕྱི་བུ། says:
    ལོ་ 13 སྔོན།

    ཚིག་ཉུང་དོན་འདུས། དག་སྡེབ་ཕུལ་བྱུང་། དཔྱད་པ་གནད་ཕྱིན་སོགས་རྩོམ་ཡག་པོ་ཞིག་བྲིས་འདུག ཐུགས་རྗེ་ཆེ།

    Reply
  12. ནད་པ says:
    ལོ་ 13 སྔོན།

    བསྟོད་པའི་སྒོ་ནས་སྨད་དགོས། སྨད་རའི་སྒོ་ནས་བསྟོད་དགོས། ཁྱད་པར་འཕགས་བསྟོད་ལས་གསུངས་པ་ལྟར་ག་ཚོད་ཐུབ་ཐུབ་ཀྱིས་འགའ་རེས་བསྟོད་པ་དང་། ཡང་འགའ་རེས་སྨད་པ་སོགས་ཡོང་རྒྱུར་ངེས།

    ཉི་མ་རིང་དུ་རིང་དུ། རྩམ་པ་ཞིམ་དུ་ཞིམ་དུ་འགྲོ་ངེས་ཡིན།

    Reply
  13. གསར་བུ། says:
    ལོ་ 13 སྔོན།

    སྐུ་ཞབས་བཀྲ་ཤིས་ཟླ་བར་ཁམས་བདེའི་འཚམས་འདྲི་དང་། ལྷན་སྐུ་ཉིད་ཀྱི་བཀའ་ཁྲིའི་ཕྱག་ལས་ཐད་རྒྱུ་མཚན་ལྡན་པའི་དཔྱད་ཞིབ་གནང་བར་ཐུགས་རྗེ་ཆེ། སྐུ་ཉིད་ཀྱིས་བཀའ་ཁྲིའི་ལེགས་ཚོགས་ཀྱི་བྱ་གཞག་གླེང་བ་དང་མཉམ་དུ། བཀའ་ཁྲིའི་མ་འཇོན་པའམ་ཡང་ན་འཐུས་ཤོར་སོང་རིགས་ཐད་ནས་ཀྱང་གླེང་མོལ་ཞིག་བྱས་ཡོད་ན། ཁྱེད་ཀྱི་དཔྱད་རྩོོམ་དེ་ཧ་ཅང་ཚད་ལྡན་ཞིག་ཏུ་འགྱུར་ངེས། ངས་བཀའ་ཁྲིས་མ་འཇོན་པའི་རིགས་འདི་དང་འདི་ཡིན་ཞེས་ཤོད་ཀྱི་མེད་མོད། འོན་ཀྱང་ལས་གཞི་རྒྱ་ཆེན་པོ་དེ་འདྲའི་ནང་། འཐུས་ཤོར་སོང་བ་དང་མ་འཇོན་པའི་རིགས་སོགས་ཡོད་ངེས་སྙམ་པས་ཡིན། སྤྱིར་དཔྱད་གླེང་ཞིག་བྱས་ཚེ་ཕྱོགས་གཉིས་ནས་བལྟས་ན་མང་ཙམ་མཐོང་ཐུབ་པའི་དགེ་མཚན་ཡོད། གང་ལྟར་ཁྱེད་ཀྱིས་བསམ་བློ་གཏོང་ཕྱོགས་དེ་བཀུར་འོས་པ་ཞིག་རེད་འདོད་་་

    Reply
  14. བསེ་རུ། says:
    ལོ་ 13 སྔོན།

    ངའི་སེམས་ཁམས་འདི་འཛམ་གླིང་ནས་རང་གི་ཁོར་ཡུག་
    བར་དུ་ཐེངས་ཤིག་རྒྱུགས་དགོས་བྱུང་སོང་།

    སྐུ་ཉིད་ཀྱི་དཔྱད་གླེང་དེས་ཆུང་ས་དང་ཆེ་ས་གང་ས་ནས་གླེང་ཡོད་སྟབས། ངའི་བློ་མིག་འདི་ཡང་ཅུང་ཡངས་པོར་བྱས།
    ད་དུང་སྤྱི་ཚོགས་དཔྱད་གླེང་གང་མང་སྤེལ་རོགས་ཞུ། དུས་དྲན་ཉིན་མོ་འདིར་འཚམས་འདྲི་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese