མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཕྱི་ནང་གཉིས་ཀའི་ཆེད་དུ་མུ་མཐུད་དཀའ་ལས་རྒྱག་གི་ཡིན།

བོད་ཀྱི་དུས་བབ།
༢༠༡༢/༠༨/༠༩
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་གི་གོ་སྒྲིག་འོག བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བཀའ་ཁྲིས་དམ་འབུལ་ཞུས་ཏེ་ལོ་གཅིག་འཁོར་བའི་སྐབས་དང་བསྟུན་ནས། དུས་དྲན་སྲུང་གཙིའི་ངོ་བོའི་ཐོག་ལྷ་སྲུང་སྤྱན་འདྲེན་དང་སྨོན་ལམ་མཆོད་འབུལ། ལོ་གཅིག་རིང་གི་བཀའ་ཤག་གི་ལས་དོན་གྲུབ་འབྲས་ཁག་སེར་སྐྱ་མི་མང་ལ་སྙན་གསན་བཅས་གནང་སོང་།

འདི་ལོའི་ཕྱི་ཟླ་ ༨ ཚེས་ ༨ ཉིན་ནི་༸གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་ཡོངས་རྫོགས་མི་མང་གིས་བདམས་པའི་མགོ་ཁྲིད་ལ་རྩིས་སྤྲོད་གནང་བ་ལྟར། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་དམ་འབུལ་ཞུས་ཏེ་ལོ་གཅིག་འཁོར་བའི་ཉིན་མོ་ཡིན་སྟབས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་གི་གོ་སྒྲིག་ལྟར། ཞོགས་པ་ཆུ་ཚོད་༧པའི་ཐོག་བཀའ་ཁྲི་མཆོག་གིས་གཙོས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་།རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན།ལྷན་ཁང་ཁག་གི་དྲུང་ཆེ་དང་སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་འཛོམས་ཐོག་དགའ་གདོང་གྲྭ་ཚང་དུ་ཆོས་སྐྱོང་སྤྱན་འདྲེན་དང་།ཆུ་ཚོད་༨།༣༠ཐོག་བཀའ་ཤག་ཚོགས་ཁང་དུ་བསྟན་སྲུང་ཚེ་རིང་མཆེད་ལྔ་སྤྱན་འདྲེན། ཆུ་ཚོད་ ༡༡ སྟེང་ཕྱི་དྲིལ་ཚོགས་ཁང་ནང་བཀའ་བློན་ལྷན་རྒྱས་ལྷན་བཞུགས་ཐོག་ལོ་གཅིག་གི་ལས་བསྡོམས་གསར་འགོད་གསལ་བསྒྲགས། ཉིན་རྒྱབ་ཆུ་ཚོད་ ༡།༣༠ཐོག་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་སྲི་ཞུ་ལས་བྱེད་ཡོངས་ལ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་བཅས་གནང་སྟེ།  བཀའ་ཁྲིའི་སྲིད་འགན་བཞེས་ཏེ་ལོ་ཧྲིལ་བོ་གཅིག་འཁོར་བའི་དུས་དྲན་སྲུང་གཙི་གནང་ཡོད་པ་རེད།  

སྔ་དྲོའི་མཛད་རིམ་ཁག་ལེགས་པར་གྲུབ་རྗེས། ཕྱི་དྲོ་ཆུ་ཚོད་ ༤ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དཔལ་རྒྱལ་བ་ཀརྨ་པ་དབུ་བཞུགས་ཐོག རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་དང་། སྐྱབས་རྗེ་ཀིརྟི་རིན་པོ་ཆེ། རྒྱུད་སྟོད་གྲྭ་ཚང་གི་མཁན་རིན་པོ་ཆེ། སྐལ་བཟང་རིན་པོ་ཆེ། དེ་བཞིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། བཀའ་ཁྲི་མཆོག་གིས་གཙོས་བཀའ་ཤག་ལྷན་རྒྱས་དང་། སྤྱི་འཐུས་ཚོགས་གཙོ་གཞོན་གྱིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་གི་དྲུང་ཆེ་རྣམ་པའི་དབུས་སྲི་ཞུ་ལས་བྱེད་པ་ཡོངས། བཞུགས་སྒར་ཉེ་ཁུལ་གྱི་སློབ་ཕྲུག་དང་སེར་སྐྱ་མང་ཚོགས་བཅས་མི་གྲངས་སྟོང་ཕྲག་འགའ་འདུ་འཛོམས་ཐོག ཟླ་འདིའི་ཕྱི་ཚེས་ ༦ ཉིན་རང་ལུས་མེར་བསྲེགས་བཏང་བའི་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཚུལ་ཁྲིམས་དང་། ཕྱི་ཚེས་ ༧ ཉིན་རང་ལུས་མེར་བསྲེགས་བཏང་བའི་གཙོས་རྟ་གསར་སྡེ་བའི་བུད་མེད་སྒྲོལ་དཀར་འཚོ་རྣམ་གཉིས་ཀྱི་གཙོས། བོད་བསྟན་སྲིད་མི་རིགས་ཀྱི་རྩ་དོན་ཆེད་རང་ལུས་མེར་བསྲེགས་གཏོང་མཁན་ཡོངས་ཀྱི་ཆེད་དུ། བསྔོ་སྨོན་གསོལ་འདེབས་ཀྱི་མཆོད་འབུལ་གཞི་རྒྱ་ཆེན་པོ་ཞིག་གནང་སོང་།

མཆོད་འབུལ་སྨོན་ལམ་གྲུབ་རྗེས་ཐེག་ཆེན་གཙུག་ལག་ཁང་གི་མདུན་ཐང་དུ། སྐུ་མགྲོན་གཙོ་བོར་དཔལ་རྒྱལ་བ་ཀརྨ་པ་གདན་ཞུས་གནང་ཞིང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་བ་ཀ་གསུམ་གྱི་མཛད་གཙོ་རྣམ་པའི་གཙོས་སྲི་ཞུ་ལས་བྱེད་ཡོངས་རྫོགས་ལྷན་བཞུགས་ཐོག བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ “ ལོ་སྔོན་མའི་ཕྱི་ཟླ་ ༨ ཚེས་ ༨ ཉིན། ས་ཆ་འདི་ག་རང་ལ་བཀའ་བློན་ཁྲི་པའི་དམ་བཅའ་ཕུལ་བ་ནས་ད་ལྟའི་བར་ལོ་གཅིག་འཁོར་བའི་རིང་། བཀའ་ཤག་སྐབས་བཅུ་བཞི་པས་ཕྲན་བུ་ཞབས་ཞུ་ཞུས་པ་དེ་དག་ནི། གཙོ་ཆེ་ཤོས་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། མི་ཐོག་རྒན་པའི་སྐུ་ལས་སྐྱོན་པའི་བཀའ་དྲིན། དེ་བཞིན། རྒྱ་གར་གཞུང་གི་བཀའ་དྲིན་བཅས་ལ་བརྟེན་ནས་བྱུང་བ་རེད། བཀའ་ཤག་སྐབས་བཅུ་བཞི་པའི་ཐོག་ནས་འདས་པའི་ལོ་གཅིག་རིང་ལ་ལས་དོན་འཐུས་ཤོར་ཕྱིན་མེད་ཅེས་སྙན་སེང་ཞུ་རྒྱུ་ཡིན། ད་ལྟའི་བར་དུ་སྤྱི་དམངས་ཀྱིས་འཕྱར་གྲུ་མཉམ་འདེགས་དང་རྡོག་རྩ་ཆིག་སྒྲིལ་གྱི་ཐོག་ནས་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། དེ་བཞིན། སྲི་ཞུ་བ་རྣམས་ནས་ཀྱང་བཀའ་ཤག་གི་འཆར་གཞི་གཞིར་བཟུང་། ད་ལྟའི་བར་དུ་ཕྱག་ལས་ཡག་པོ་གནང་སོང་བར་བསྔགས་བརྗོད་ཡོད།” ཅེས་གསུངས་སོང་།

བཀའ་ཁྲི་མཆོག་གིས་དམངས་གཙོ་དང་ཞི་བའི་ལམ་གཉིས་གཙོས། ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་སྟེ་བཀའ་ཤག་སྐབས་བཅུ་བཞི་པའི་ལྟ་གྲུབ་གསུམ་དང་། བོད་ནང་གི་གནད་དོན་བཅས་དོན་ཚན་ཁག་ལྔའི་ཐད་ནས། འདས་པའི་ལོ་གཅིག་རིང་ལས་དོན་ག་རེ་སྒྲུབ་ཡོད་མེད་སྐོར་ངོ་སྤྲོད་གནང་སྟེ། དམངས་གཙོ་དང་ཞི་བའི་ལམ་ནི་ནམ་ཡང་འགྱུར་བ་མེད་པའི་ལངས་ཕྱོགས་ཤིག་ཡིན་པ་དང་། སྐབས་བཅུ་བཞི་པའི་བཀའ་ཤག་གི་སྲིད་བྱུས་དེ་དབུ་མའི་ལམ་གྱི་ཐོག་རྒྱ་བོད་འབྲེལ་ལམ་གནང་རྒྱུ་རང་འཇགས་གནས་ཡོད་པ། དེ་བཞིན། རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཀྱི་ཁ་ཆེམས་ཀྱིས་མཚོན་པའི་བོད་ནང་གི་གཞས་གཏོང་མཁན་ཡན་ཆད་ཚང་མས་ཆོལ་ཁ་གསུམ་ཆིག་སྒྲིལ་དགོས་པའི་འབོད་སྐུལ་གནང་བཞིན་པ་ལྟར་ཆིག་སྒྲིལ་གལ་ཆེན་ཡིན་པ། ལས་བྱེད་བདམས་སྟངས་དང་དགེ་རྒན་འོས་སྦྱོང་། དྲ་རྒྱའི་བརྒྱུད་ལམ་སོགས་ཀྱི་ཐད་ཐབས་ལམ་ཕྲན་བུ་གསར་གཏོད་གནང་ཡོད་པ། ལྷག་པར་དུ་རང་ཁ་རང་གསོ་གལ་ཆེན་ཡིན་པའི་སྐོར་དམིགས་སུ་བཏོན་ཏེ། བོད་པའི་གཞིས་ཆགས་ཁག་དང་ཁ་འཐོར་མི་མང་ཕལ་ཆེ་བར་གཞན་བརྟེན་གྱི་བསམ་བློ་ཤུགས་ཆེན་པོ་ཡོད་པ་དང་། གཞན་རྟེན་བསམ་བློ་གཞི་ལ་བཞག་སྟེ་བཀའ་མོལ་གནང་སྟངས་ཀྱི་རྐྱེན་པས།  བྱིས་པའི་སེམས་ལ་མདུང་བཙུགས་པ་ནང་བཞིན་སྤོབས་པ་དང་སེམས་ཤུགས་བཅག་འགྲོ་བཞིན་ཡོད་སྟབས། གཞན་རྟེན་གྱི་བསམ་བློ་དོར་ཏེ་རང་ཁ་རང་གསོའི་བསམ་བློ་གཞི་ལ་བཞག་པའི་ཐོག་ནས་ཕྱག་ལ་གནང་བ་ཡིན་ན། རིམ་གྱིས་སྤྱི་ཚོགས་ནང་གོམས་གཤིས་འཇགས་ཏེ་སོ་སོ་རང་ཉིད་ཀྱི་ནུས་པ་ལ་བརྟེན་ནས་འཐབ་བརྩོད་གནང་རྒྱུའི་སྤོབས་པ་སླེབས་ངེས་པའི་སྐོར་གསུངས་ཡོད་པ་རེད།

 བཀའ་ཁྲི་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ། རྒྱ་ནག་གི་མཁྲེགས་འཛིན་སྲིད་ཇུས་འོག་བོད་མིའི་ཐོག་གདུག་རྩུབ་མནར་གཅོད་ཚད་མེད་གཏོང་བཞིན་པར་བརྟེན། བོད་ནང་གི་བོད་མི་རྣམས་ཐབས་ཟད་འུ་ཐུག་ཏུ་གྱུར་ཏེ། རྒྱ་གཞུང་གི་ཆབ་སྲིད་ཀྱི་རྣམ་པ་དེ་རང་ལུས་མེར་བསྲེགས་ཀྱི་ལམ་ནས་གསལ་འདོན་གནང་གི་ཡོད་ལ།  ད་ལྟའི་བར་ཡོངས་ཁྱབ་ཤེས་རྟོག་བྱུང་བའི་རང་ལུས་མེར་བསྲེགས་གཏོང་མཁན་ ༤༦ བྱུང་ཡོད་ལ། ང་ཚོས་ཧ་མ་གོ་བ་རིགས་དེ་ལས་མང་བ་ཡོད་སྲིད་པ་དང་། ཁོང་རྣམ་པའི་མངོན་འདོད་ནི་༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པ་དང་། བོད་མིར་རང་དབང་དགོས་པ་དེ་ཡིན་པར་མ་ཟད། དེས་བཙན་བྱོལ་བོད་མི་ཚོར་དམིགས་བསལ་གྱི་བརྡ་ལན་ཞིག་སྤྲད་ཡོད་པ་ནི། བོད་མིའི་རང་དབང་ཆེད་ཁོང་ཚོར་ཡོད་པའི་ཚེ་སྲོག་བློས་གཏོང་གི་ཡོད་ལ། འདི་གར་༸གོང་ས་མཆོག་གི་ཞལ་མཇལ་དང་གསུང་ཆོས་ཐོབ་བཞིན་པའི་རང་དབང་དེ་ཁོང་ཚོར་ཡང་ཐོབ་དགོས་པ་དང་། ང་ཚོ་ཚང་མ་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཡིན་པ་ཐུགས་ལ་ཉར་ཏེ་སྐུ་ལས་སྐྱོན་དགོས་པའི་བརྡ་ལན་སྤྲོད་ཀྱིན་ཡོད་པར་བརྟེན།  ཁོང་ཚོའི་འབོད་སྒྲ་དེ་རྒྱལ་སྤྱིའི་སྒང་ཁྱབ་ཐུབ་པ་ཞིག་བཟོ་དགོས་པ་དེ་ང་ཚོས་ལས་འགན་ཆགས་ཡོད་སྟབས། བཀའ་ཤག་གི་ངོས་ནས་བཀའ་བློན་རྣམས་འཛམ་གླིང་རྒྱལ་ཁབ་ཁག་ནང་ཕྱིན་ཏེ། བོད་ནང་གི་གནས་སྟངས་དྲིལ་བསྒྲགས་ཐད་ཧུར་བརྩོན་གནང་ལྟར་གྲུབ་འབྲས་ཕྲན་བུ་ཐོན་ཡོད་སྐོར་ངོ་སྤྲོད་གནང་ཡོད།

མཇུག་མཐར་བཀའ་ཁྲི་མཆོག་གིས་སྐབས་བཅུ་བཞི་པའི་བཀའ་ཤག་ནང་། ད་ལྟའི་བཀའ་བློན་ལྷན་རྒྱས་རྣམས་ཕན་ཚུན་དམ་ཚིག་མཐུན་སྒྲིལ་གཙང་མ་ཡོད་པ་གསལ་བཤད་དང་སྦྲགས།  “ བཀའ་བློན་ཁྲི་པའི་དམ་འབུལ་མ་གནང་གོང་། སོ་སོའི་ངོས་ནས་དཀའ་ལས་བརྒྱབ་སྟེ་གང་ཐུབ་ཅི་ཐུབ་ཞབས་ཞུ་བསྒྲུབ་རྒྱུའི་དམ་བཅའ་བཞག་ཡོད། མ་གཞི། བཀའ་བློན་ཁྲི་པའི་འོས་གཞིར་མ་ལངས་གོང་ནས་བཀའ་བློན་ཁྲི་པའི་འོས་འགན་དེ་ལྕི་མོ་དང་དཀའ་ལས་ཁག་པོ་ཡིན་པ་ཤེས་ཀྱིན་ཡོད། འགན་བླངས་བའི་རྗེས་ལ་སྔར་བསམ་པ་ལས་ཀྱང་དཀའ་ལས་ཁག་པོ་ཞིག་རེད། ཡིན་ནའང་། འོས་བསྡུའི་སྔོན་གྱི་དམ་བཅའ་དེ་སྔར་བཞིན་རང་འཇགས་གནས་ཡོད་ལ། བོད་ཕྱི་ནང་གཉིས་ཀར་ཡོད་པའི་བོད་མིའི་ཆེད་དུ་མུ་མཐུད་དཀའ་ལས་རྒྱག་གི་ཡིན།” ཞེས་གསུངས་སོང་།  

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༢ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༣ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༤ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༤ སྔོན་ལ།

མཆན། 11

  1. སྦྲ་དཔལ་ལྡན། says:
    ལོ་ 13 སྔོན།

    བཀའ་བློན་ཁྲི་བའི་སེམས་ཤུགས་ཁྲི་ལོ་བརྟན་པར་ཤོག

    Reply
  2. ལུང་རྟོགས། says:
    ལོ་ 13 སྔོན།

    ཡ་་་ཁོ་རེ་་་དྲ་འབུ་ཚོ། བོད་གདོང་དམར་བའི་ཁྲོད་ད་ལྟའི་དུས་སུ་༧ གོང་ས་མཆོག་ལས་ལྷག་པའི་རྣམ་དཔྱོད་ཅན་སུ་ཡང་མེད་པ་ཐག་བཅད་ནས་བཤད་ཆོག་ལ། ཁོང་གིས་ཀྱང་ལྷ་སྲུང་གསོལ་མཆོད་དང་ཆོས་སྐྱོང་སྤྱེན་འདྲན་ལ་ཡིད་ཆེས་གནང་གི་འདུག་ན། ཁྱོད་ཚོས་དེ་དག་དགོས་མེད་ཡིན་པར་བཤད་པ་ནི། བླ་མས་ཅི་གསུང་མ་ཤེས་གོང་། གྲྭ་པས་འདོན་སྔ་འུ་རུ་རུ། དཔོན་པོས་ཅི་གསུང་མ་ཤེས་གོང་། གཡོག་པོས་བཀའ་སྐྱོན་ཚག་ཚག་ཚག ཞེས་པ་དེ་མ་ཡིན་ནམ།

    Reply
  3. རྡོ འཇམ་ཚུལ། says:
    ལོ་ 13 སྔོན།

    མི་རྗེ་བཀའ་ཁྲི་མཆོག འདི་ལོའི་སྤྱི་ཟླ་༤་ཚེས་༦་དང་བོད་ཟླ་༢་ཚེས་༡༥ཉིན། སྤྲུལ་སྐུ་ཐུབ་བསྟན་སྙན་གྲགས་ལགས་དང་ཁོང་གི་ཚ་མོ་བཙུན་མ་ཨ་ཙི་ལགས་རྣམ་གཉིས་ཀྱིས་བོད་ཀྱི་བསྟན་སྲིད་དོན་དུ་རང་ལུས་མེ་བསྲེགས་གནང་བ་བོད་ནང་གི་བོད་ཀྱི་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་བདེན་པའི་ཁུངས་སྐྱེར་གསལ་ཐག་ཆོད་པ་ཞིག་གནང་འདུག་པས། ད་སྐབས་ཡོངས་གྲགས་སུ་ཆགས་ཡོད་ན་ཡང་ཉིད་ཀྱིས་ད་དུང་༼ ད་ལྟའི་བར་ཡོངས་ཁྱབ་ཤེས་རྟོག་བྱུང་བའི་རང་ལུས་མེར་བསྲེགས་གཏོང་མཁན་ ༤༦ བྱུང་ཡོད་ལ། ༽གསུངས་འདུག་པ་གང་ཡིན། འདས་པོ་རྒྱལ་གཅེས་པ་ཁོང་རྣམ་གཉིས་རྩིས་ན་བོད་ནང་ནས་རང་ལུས་མེར་བསྲེགས་གནང་མཁན་༤༨ཆགས་ཡོད་པ་མཁྱེན་གསལ་རེད། ད་དུང་སྐུ་ཉིད་ནི་བོད་སྤྱི་བའི་གནད་ཡོད་ཞིག་ཡིན་པས་ཉིད་ཀྱི་གསུངས་པའི་སྐད་ཆའི་གནོན་ཤུགས་དང་བློ་སྟོབས་ཅི་ཙམ་བསྐྱེད་པ་ཞུ་མི་དགོས་པས་བཙན་བྱོལ་ནང་གི་རང་བསྲོགས་དང་ཕ་མ་བུ་ཕྲུག་བློས་བཏང་གི་རྒྱལ་གཅེས་བ་རྣམས་ལ་ཡང་ངོ་སོ་དང་བཀའ་དྲིན་གླེང་བརྗོད་ཟུར་ཙམ་ཡང་མ་གནང་བ་འདིས་འཇུག་འབྲས་ལ་ཐུགས་བསམ་བཞེས་མྱོངས་ཡོད་ལགས་སམ། མདོར་ན་ཉིད་ཀྱིས་དམངས་ལ་གསུང་བཤད་གནང་སྐབས་བཀའ་མོལ་གྱི་ཚིག་གཅིག་ཡིན་ནའང་གནད་འགག་ཅིག་ཏུ་འཛིན་དགོས་པ་མ་ཟད། མཐའ་ན་གསུང་གི་དྲག་ཞན་དང་ཞལ་གྱི་རྣམ་འགྱུར་ཚུན་ཆོད་ཀྱིས་མི་མང་ལ་སྟོབས་ཤུགས་ཅི་བསྐྱེད་ཀྱི་ཐུགས་བསམ་དང་འགན་ལེན་ཡོད་པས་གཟབ་པར་འཚལ།

    Reply
  4. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    འདི་ནི་དེང་དུས་ནུབ་ཕྱོགས་པའི་བལྟ་ཚུལ་ལྟར་མི་མང་ནང་ཁ་གསལ་གསལ་བསྒྲགས་གནང་བར་རྗེས་སུ་ཡིད་རང་ཞུ་རྒྱུ། བོད་ནང་དངོས་ཡོད་ཀྱིས་གནས་ཚུལ་ནི་ཇེ་ཞན་ཇེ་སྡུག་ལ་མཐོང་ཐོས་ལུས་ཀྱིས་བ་སྤུ་ཡང་མི་བདེ་བ་བྱུང་བཞིན་ཡོད་པ་ནི་སེམས་སྐྱོ་དགོས་པ་ཞིག་འདུག

    Reply
  5. ལྐོག་ཤེས་ says:
    ལོ་ 13 སྔོན།

    ལྷ་གསོལ་ཀླུ་གསོལ་བྱེད་པའི་ལྐོག་གྱུར་ལས་རང་གི་ཚེ་སྲོག་མེ་ལ་སྲེག་པའི་དཔའ་བོ་དཔའ་མོ་མང་པོ་བྱུང་བ་རེད། བག་ཆགས་རྙིང་བ་ལས་སད་ཡོན་ཟེར་མཁན་ཚོས་ནང་ལ་སྟོང་འུར་རེ་རྒྱག་པ་མ་གཏོགས་་་གུང་ཁྲན་ཏང་གི་ཟས་ལྷག་འཐུང་ལྷག་རེ་ལ་མ་རྟེན་ན་རང་ཁ་ཙམ་ཡང་སོས་གི་མེད་པ་ཚང་མས་ཤེས་གསལ་རེད།

    Reply
  6. ལྐོག་ཤེས་ says:
    ལོ་ 13 སྔོན།

    ཉིན་ཞིག་ཉི་མ་འདི་ངའི་འཁྲུངས་སྐར་ཡིན་་་་་དེ་མི་དམངས་ཀྱིས་བརྩི་སྲུང་བྱེད་དགོས་ཟེར་ས་རེད་་་་་་་་འགྲོ་སོང་གི་ཡོང་ས་མ་རེད་་་ཧ ཧ

    Reply
  7. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    འོག་གི་ལས་རོགས་རྣམ་པ་དང་རྒྱ་ཆེའི་མི་མང་གི་ངོས་ནས་་ལྷག་བསམ་རྣམ་དག་གིས་བཀའ་ཁྲི་མཆོག་ལ་རང་ནུས་གང་ཡོད་ཀྱིས་རམ་འདེགས་བྱོས་དང་། བཀའ་ཁྲི་མཆོག་ལ་ཡིད་ཆེས་བརྟན་པོ་བྱེད་ཆོག་པར་འདོད། མ་གཏོགས་བོདཔ་ཚང་གི་དོན་དག་ཆེ་ཆུང་ཡོད་ཚད་བཀའ་ཁྲི་མི་གཅིག་ལ་རེ་བ་བཅོལ་མི་འོས་པར་འདོད།

    Reply
  8. འབྲུག་གྲགས་རྒྱལ་པོ། says:
    ལོ་ 13 སྔོན།

    སོ་སོའི་དགོངས་འཆར་མཆན་འགོད་གནང་བ་ཡག་པོ་རེད། འོན་ཀྱང་བསམ་ཚུལ་དེས་སྤྱི་ཚོགས་ལ་གནོད་གཞིར་མི་འགྲོ་བ་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ། གདོད་མ་ནས་དར་སྲོལ་དང་སྤྱི་ཚོགས་ཀྱིས་དགའ་མོས་བྱེད་པའི་སྲོལ་རྒྱུན་ལ་དམའ་འབེབས་བྱེད་མི་ཉན། དེ་བཞིན་རང་མི་དགའ་བའི་ཆ་ནས་ཟུར་ཟ་དེ་བས་བྱེད་མི་ཉན། གཏམ་དཔེར། ཀུན་གྱིས་བཀུར་བའི་མི་དང་། གཞན་གྱི་འཚོང་རྒྱུའི་ཟོག །སྨད་མི་ཉན་པ་ཡིན་ཟེར་བ་ཤེས་དགོས།

    Reply
  9. ཡུལ་གྱར་བ། says:
    ལོ་ 13 སྔོན།

    ལོ་འཁོར་བའི་དུས་དྲན་སྲུང་གཙི་དང་ལོ་འཁོར་ལས་བསྡོམས་མི་དམངས་ལ་གསལ་བཤད་གནང་རྒྱུ་དེ་དོན་ཆེན་རེད། ཡིན་དང་ཡིན། འོན་ཀྱང་ལྷ་གསོལ་འདྲེ་གསོལ་དེ་དག་ལ་སྙིང་པོ་ཡོད་མེད་ང་ཚོའི་གནས་སྟངས་ལ་གཞིགས་ན་རྟོགས་ངེས་རེད། གདོད་མ་ནས་ད་བར་ལྷ་གསོལ་འདྲེ་གསོལ་ལ་ང་ཚོ་ལས་འཇོན་པ་གཞན་ཡོད་བཟོ་མ་རེད། འདི་བཀའ་ཁྲི་ཁོང་གི་འདོད་མོས་སམ་མི་མངོན་པའི་གནོན་ཤུགས་ཤིག་གི་འོག་ནས་བྱེད་བཞིན་ཡོད་ཅི་ཆ། གང་ལྟར་དུས་ཚོད་དང་རྒྱུ་གྲོན་གཉིས་ཀ་ཆུད་ཟོས་རེད། སྐུ་རྟེན་དང་དེར་འཁོར་བའི་སྒྲིག་འཛུག་འདི་དག་གི་འོག་ཏུ་ངེད་ཅག་གཞུང་དམངས་གཉིས་ད་དུང་དུས་ཇི་ཙམ་རིང་མགོ་འཁོར་ནས་སྡོད་དགོས་རེད་དམ།

    Reply
  10. ནད་པ says:
    ལོ་ 13 སྔོན།

    ”ཞོགས་པ་ཆུ་ཚོད་༧པའི་ཐོག་བཀའ་ཁྲི་མཆོག་གིས་གཙོས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་།རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན།ལྷན་ཁང་ཁག་གི་དྲུང་ཆེ་དང་སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་འཛོམས་ཐོག་དགའ་གདོང་གྲྭ་ཚང་དུ་ཆོས་སྐྱོང་སྤྱན་འདྲེན་དང་།

    ༡་ ཆུ་ཚོད་༨།༣༠ཐོག་བཀའ་ཤག་ཚོགས་ཁང་དུ་བསྟན་སྲུང་ཚེ་རིང་མཆེད་ལྔ་སྤྱན་འདྲེན། ”
    ༢་ ལ་དགས་ནས་ཀླུ་ཞིག་ཡོད་སྐད་འདུག་པས་སྤྱི་འཐུས་ནང་ཉིན་གུང་ཀླུ་གསོལ་བྱུང་ན་དཔེ་ཡག་པོ་རེད་པའ༎

    ༣་ ལྷོ་ཕྱོགས་ནས་འདྲེ་ཕེབས་མཁན་ཡང་ཡོད་རབ་འདུག་པས་ཁྲིམས་ཁང་འདྲེ་ཞིག་དགོང་དྲོ་གསོལ་ན་དགེ་མཚན་མངོན།

    འདས་པའི་ལོ་རྒྱུས་དང་། ད་ལྟའི་བྱེད་སྟངས་ལ་གཞིགས་ན་མ་འོངས་པར་རེ་བ་ཆེན་པོ་ཞིག་ཡོད་ས་རེད། མུ་མཐུད་ལྷ་གསོལ་དང་ཀླུ་གསོལ་འདྲེ་གསོལ་བཅས་རྒྱུན་འཁྱོངས་བྱ་དགོས། ཤུགས་རྒྱོབས།

    Reply
  11. སྐར་མདའ། says:
    ལོ་ 13 སྔོན།

    བཀའ་ཁྲིས་འཛིན་སྐྱོང་གི་ལས་འཁུར་ཞུས་ཏེ་ལོ་གཅིག་འཁོར་བ་ལ་དུས་དྲན་བྱེད་དགོས་དོན་མི་འདུག བཀའ་ཁྲིས་གོ་སྐབས་འདི་འདྲ་བཟུང་ནས་དམིགས་བསལ་ཞིག་བྱེད་ཀྱིན་ཡོད་མདོག་མདོག་རེད། ཁོང་གི་གཏམ་བཤད་དང་ངོ་སྤྲོད་ལྟ་བུ་དེ་དག་གི་ཁྲོད་ན་གྲུབ་འབྲས་དང་སྔར་མེད་གསར་བཏོད་དུ་རློམ་རེ་བ་གཅིག་ཀྱང་མི་འདུག དངོས་གནས་མགོ་བདེ་རེད། ཁོང་གི་རྗེས་འབྲངས་པ་ཚོ་ཡང་རྨོངས་དད་ཆེན་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese