མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུལ་སྐོར་སྤྲོ་འཆམ་ས་ཚིགས་ཤིག་ལས་དགོན་པའི་མཐོང་སྣང་མི་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་སྔོན་མའི་ནང་ཐེ་ཝན་གྱི་སློབ་མཐོ་རིམ་སློབ་ཕྲུག་ཁག་ཅིག་བཞུགས་སྒར་ངྷ་རམ་ས་ལར་གཟིགས་སྐོར་དུ་ཕེབས་པ་དང་བསྟུན་ཏེ། འདི་གའི་གསར་འགོད་པས་ཐེ་ཝན་ཀོ་ལིས་སློབ་ཆེན་གྱི་སློབ་མ་ལིན་ཆིན་ཝན་ལགས་སུ་བོད་ཀྱི་གནད་དོན་དང་། དེ་སྔ་ཁོང་བོད་ནང་སྐྱོད་པའི་མཐོང་ཐོས་བཅས་ཀྱི་སྐོར་ལ་བཅར་འདྲི་ཞུས་ཡོད།

    དྲི་བ། ཐོག་མར་ཁྱེད་ཀྱིས་བོད་དོན་སྐོར་གྱི་གནས་ཚུལ་ཅི་ལྟར་ཤེས་རྟོགས་བྱུང་བའི་བརྒྱུད་རིམ་ངོ་སྤྲོད་ཅིག་གནང་རོགས།  

    ལན། ངའི་མིང་ལ་ལིན་ཆིན་ཝན་ཟེར། ད་ལྟ་ཐེ་ཝན་ཀོ་ལིས་སློབ་ཆེན་དུ་སྤྱི་ཚོགས་རིག་གནས་ཆེད་སྦྱོང་བྱེད་བཞིན་ཡོད། སློབ་གྲྭ་ཆུང་འབྲིང་སྐབས་བོད་དོན་སྐོར་གང་ཡང་ཐོས་མྱོང་མེད། སྟབས་ལེགས་པ་ཞིག་ལ་འདི་ལོའི་ཕྱི་ཟླ་ ༣ ནང་ཐེ་ཝན་དུ་བོད་ཀྱི་རིག་གནས་དུས་སྟོན་སྲུང་བརྩི་བྱས་སྐབས། ང་རང་སློབ་གྲྭའི་ཚོགས་པ་ཞིག་གི་མགོ་བ་ཡིན། དུས་སྟོན་གོ་སྒྲིག་གནང་མཁན་ཐེ་ཝན་བོད་ཀྱི་གྲོགས་པོ་ཚོགས་པས་སློབ་གྲྭ་ཁག་ནང་བོད་པ་གདན་ཞུ་གནང་སྟེ་གཏམ་བཤད་བྱེད་ཀྱི་འདུག དེ་བཞིན། ང་ཚོའི་སློབ་གྲྭའི་ནང་དུའང་བོད་མི་ཚོར་གཏམ་གླེང་ཞིག་གོ་སྒྲིག་བྱས་པ་ཡིན། དེའི་སྔོན་ལ་ངས་བོད་ནང་གི་རང་ལུས་མེར་བསྲེགས་སྐོར་གཅིག་ཀྱང་གོ་ཐོས་མ་བྱུང་ལ། ཏཱ་ལའི་བླ་མ་མཆོག་རྒྱ་གར་ནང་བཞུགས་ཡོད་པའང་ཤེས་ཀྱི་མེད།

    དྲི་བ། ཁྱོད་ཀྱིས་ཐེ་ཝན་ནང་བོད་ཀྱི་གནད་དོན་ཐད་དོ་སྣང་ཆེན་པོ་སླེབས་ཐུབ་ཀྱི་མེད་པའི་རྒྱུ་རྐྱེན་གཙོ་བོ་གང་ལ་ངོས་འཛིན་གནང་གི་ཡོད་དམ།   

    ལན། སྤྱིར་བཏང་ཐེ་ཝན་གྱི་མི་ཚོས་རྒྱལ་སྤྱིའི་ཐོག་གི་གསར་འགྱུར་རིགས་ལ་དོ་སྣང་ཞེ་དྲག་གནང་གི་མ་རེད། མ་གཞི་ཐེ་ཝན་གྱི་བརྙན་འཕྲིན་ཁག་ནང་རྒྱལ་སྤྱིའི་གནས་ཚུལ་ཉུང་ཉུང་རེད། དཔེར་ན། ད་ལྟའི་ཆར་སེ་རི་ཡའི་ནང་ཛ་དྲག་གི་འཁྲུག་ཟིང་བྱུང་གི་ཡོད་ཀྱང་། ཐེ་ཝན་མི་མང་ནང་དེའི་སྐོར་ལ་ཤེས་རྟོགས་ཡོད་མཁན་ཉུང་ཉུང་ཡིན་རྒྱུ་རེད། ཐེ་ཝན་གྱི་བརྙན་འཕྲིན་ཁག་གི་ནང་གནས་ཚུལ་ཕལ་ཆེ་བ་རུལ་སུངས་དང་། འགྲིམ་འགྲུལ་དོན་རྐྱེན། བརྩེ་དུང་དང་འཚོ་བའི་སྐོར་སོགས་རེད། ལྷག་པར་དུ་ཐེ་ཝན་ནང་མི་མང་ཕྱོགས་ཁག་གཉིས་སུ་གྱེས་ཡོད་སྟབས། སྐོར་ཞིག་གིས་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། སྐོར་ཞིག་གིས་སློབ་ཆེན་པ་རྣམས་དྷ་རམ་ས་ལར་བསྐྱོད་དེ་བོད་མིའི་སྤྱི་ཚོགས་ལ་འབྲེལ་བ་འཛུགས་རྒྱུ་དང་། དྷ་རམ་ས་ལར་བྱ་འགུལ་སྣ་ཚོགས་སྤེལ་རྒྱུར་མོས་མཐུན་གནང་གི་ཡོད་པ་རེད།

    དྲི་བ། ཐེ་ཝན་གྱི་སློབ་ཆེན་ཁག་ནང་བོད་དོན་སྐོར་གྱི་དེབ་དང་ཡིག་ཆའི་རིགས་ཀློག་རྒྱུ་ཡོད་དམ། 

    ལན། ང་ཚོའི་སློབ་གྲྭར་མཚོན་ན་དཔེ་མཛོད་ནང་དཔེ་དེབ་གྲངས་འབོར་ཧ་ཅང་མང་པོ་ཡོད། སྔོན་མ་སོ་སོར་མཚོན་ནའང་བོད་དོན་སྐོར་ཧ་གོ་གི་མེད་སྟབས་དེའི་སྐོར་ལ་དོ་སྣང་བྱས་མེད། དེ་བཞིན་སློབ་ཕྲུག་གཞན་དག་ལའང་དོ་སྣང་ཡོད་པ་མ་རེད། ཉེ་ཆར་ངས་བོད་ཀྱི་གནས་ཚུལ་སྐོར་ཤེས་རྟོགས་བྱུང་རྗེས། དཔེ་མཛོད་ནང་ཕྱིན་ཏེ་འཚོལ་བཤེར་བྱས་སྐབས་བོད་པའི་སྐོར་གྱི་དཔེ་དེབ་དང་། དངོས་བྱུང་གློག་བརྙན་སོགས་མང་པོ་འདུག

    དྲི་བ། ངེད་གཉིས་ཀྱི་བཅར་འདྲི་དངོས་གཞིའི་སྔོན་ལ་ཁྱེད་རང་གིས་བོད་ནང་ཕྱིན་སྐོར་ཞིག་གསུངས་སོང་། དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས། 

    ལན། ཐེ་ཝན་དུ་བོད་སོག་ལས་ཁུངས་ཡོད་པ་རེད། ཁོ་ཚོས་བོད་དང་སོག་པོ་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པའི་ལངས་ཕྱོགས་འཛིན་གྱི་འདུག འདི་ལོ་བོད་ཀྱི་རིག་གནས་དུས་སྟོན་སྐབས་ཐེ་ཝན་ནང་བོད་དོན་སྐོར་གྱི་ལས་འགུལ་སྤེལ་སྐབས་ཀྱང་། ཁོ་ཚོའི་ངོས་ནས་རོགས་འདེགས་གང་ཡང་བྱེད་ཀྱི་མི་འདུག ཉེ་ཆར་ཁོ་ཚོའི་གོ་སྒྲིག་འོག་བསམ་ཚུལ་སྤེལ་རེས་ཀྱི་ཚོགས་པ་ཞིག་མཚོ་སྔོན་དུ་བསྐྱོད་པ་རེད། མི་སྒེར་ངོས་ནས་གནམ་གྲུའི་གླ་ཆ་གཅིག་པུ་སྤྲོད་དགོས་པ་མ་གཏོགས། འགྲོ་སོང་གཞན་དག་ཆ་ཚང་ཚོགས་པའི་ངོས་ནས་གཏོང་གི་འདུག་ལ། ཉིན་རེའི་སྐོར་སྐྱོད་ས་གནས་དང་དུས་ཚོད་རྣམས་ཀྱང་ཁོ་ཚོས་གོ་སྒྲིག་ལྟར་བསྐྱོད་དགོས་ཀྱི་ཡོད་པ་རེད། ང་རང་ཡང་ཁོ་ཚོའི་གྲས་སུ་འཛུལ་ཏེ་གནས་ཚུལ་རྒྱུས་ལོན་ཆེད་བོད་ནང་བསྐྱོད་པ་ཡིན། དེ་ནི་ང་རང་རྒྱ་ནག་ཏུ་ཕྱིན་པ་ཐེངས་གཉིས་པ་དང་མཚོ་སྔོན་དུ་ཕྱིན་པ་ཐེངས་དང་པོ་ཡིན།

    དྲི་བ། རྒྱ་ནག་ནང་སླེབས་རྗེས་ཁྱོད་ཚོར་སྣེ་ལེན་དང་སྐོར་སྐྱོད་གོ་སྒྲིག་གནང་སྟངས་ཅི་འདྲ་འདུག

    ལན། པེ་ཅིན་དུ་མཚན་གཅིག་བསྡད་པའི་རིང་རྒྱལ་ཁབ་མི་རིགས་འཐུས་ཚོགས་ཟེར་བའི་ངོས་ནས་ང་ཚོར་སྣེ་ལེན་བྱས་སོང་། དེ་ནས་ཟི་ལིང་དུ་འབྱོར་རྗེས་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ང་ཚོར་སྣེ་ལེན་གྱི་འགན་འཁུར་ཏེ། དགེ་རྒན་དང་སློབ་ཕྲུག་རྣམས་ཀྱིས་སློབ་གྲྭ་དེ་གའི་ཁོར་ཡུག་གནས་སྟངས་སྐོར་ངོ་སྤྲོད་གནང་སོང་། ཁོ་ཚོས་བརྗོད་པ་ལྟར་ན། རྒྱ་གཞུང་ཐེ་ཝན་ལས་དོན་ཁང་གིས་བཀའ་མངགས་གནང་བ་རེད་ཟེར། སློབ་གྲྭ་དེའི་སློབ་ཕྲུག་མང་ཆེ་བ་རྒྱ་རིགས་རེད། བོད་རིགས་དང་ཧའེ་རིགས། ཧོར་རིགས་སོགས་ཉུང་ཤས་ཤིག་མཐོང་རྒྱུ་འདུག དེའི་རྗེས་སྐུ་འབུམ་དང་། ཁྲི་ཀ རེབ་གོང་། མཚོ་སྔོན་པོ། རྡུལ་མཚོན་ཞིབ་འཇུག་རྗེས་དྲན་ཐང་སོགས་སུ་ལྟ་སྐོར་དུ་བསྐྱོད་པ་ཡིན། དེ་སྔོན་བོད་སོག་ལས་ཁུངས་ཀྱི་གོ་སྒྲིག་མཐུན་སྦྱོར་གནང་སྟེ་སློབ་མ་རྣམས་ནང་སོག་ཏུ་བསྐྱོད་ཀྱི་ཡོད། འདི་ལོ་ཐེངས་དང་པོར་མཚོ་སྔོན་དུ་གོ་སྒྲིག་བྱས་པ་རེད།

    དྲི་བ། ཁྱེད་རང་སྐུ་འབུམ་དགོན་པར་བསྐྱོད་སྐབས་དེ་གའི་གནས་སྟངས་ག་འདྲ་འདུག

    ལན། སྐུ་འབུམ་དགོན་པ་ནི་ཡུལ་སྐོར་སྤྲོ་འཆམ་གྱི་གནས་ཤིག་ཆགས་འདུག དགོན་པ་ཞིག་གི་རྣམ་པ་རྩ་བ་ནས་མི་འདུག དེ་གར་ཡུལ་སྐོར་སྤྲོ་འཆམ་པ་ཧ་ཅང་མང་པོ་འདུག་ལ། སྣེ་ཤན་པའང་མང་པོ་འདུག དགོན་པ་ཞིག་གི་ཚོར་སྣང་སླེབས་མ་སོང་། དེ་བཞིན། ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ སྐོར་གྱི་གནས་ཚུལ་གང་ཡང་གླེང་ཆོག་གི་མི་འདུག དགོན་པ་དེའི་ནང་སྐུ་པར་ཞིག་ཡོད་པ་དེར་ཁོ་ཚོས་འགྲེལ་བཤད་རྒྱག་སྟངས་ལྟར་ན། སྔོན་ཆད་ཏཱ་ལའི་བླ་མར་སྤྲུལ་སྐུ་གཉིས་བྱུང་སྟེ་རྗེས་སུ་གསེར་བུམ་དཀྲིགས་ཏེ་ཏཱ་ལའི་སྐུ་ཕྲེང་ ༡༤ འདི་ཉིད་ངོས་འཛིན་གནང་བ་དང་། གཞན་པ་དེ་ཏཱ་ལའི་བླ་མའི་སྤྲུལ་སྐུར་ངོས་འཛིན་ཞུ་མ་ཐུབ་ཀྱང་། ཁོ་རང་ཡང་བླ་མ་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཡོད་སྐོར་བརྗོད་དེ། སྐུ་པར་དེ་ནི་ཏཱ་ལའི་བླ་མའི་སྤྲུལ་སྐུར་ངོས་འཛིན་མ་ཐོབ་པ་དེའི་པར་རེད་ཟེར། ཏཱ་ལའི་བླ་མ་སྐུ་ཕྲེང་ ༩ བ་དང་པཎ་ཆེན་སྐུ་ཕྲེང་ ༡༠ པའི་སྐོར་ངོ་སྤྲོད་མང་པོ་བྱས་སོང་། ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ པའི་སྐོར་ཚིག་ཟུར་ཙམ་ཡང་གླེང་གི་མི་འདུག ངས་པཎ་ཆེན་སྐུ་ཕྲེང་ ༡༡ པའི་ཡང་སྲིད་ལ་དམིགས་ཏེ། བོད་པའི་སྤྲུལ་སྐུ་ངོས་འཛིན་བརྒྱུད་རིམ་ཁྲོད་གནད་དོན་དེ་འདྲ་བྱུང་མྱོང་ཡོད་མེད་དྲིས་པར། ཁོ་ཚོས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༠ དང་ ༡༢ བར་སྤྲུལ་སྐུ་ངོས་འཛིན་ཐད་རྙོག་དྲ་བྱུང་སྐོར་ལས། པཎ་ཆེན་སྐུ་ཕྲེང་ ༡༡ པའི་སྤྲུལ་སྐུ་ངོས་འཛིན་སྐོར་གྱི་རྙོག་དྲ་གླེང་གི་མི་འདུག སྐུ་འབུམ་དགོན་པའི་ནང་དམག་མི་འགའ་ཤས་མཐོང་སོང་། བརྙན་ལེན་པར་ཆས་མང་པོ་གང་སར་བཙུགས་འདུག

    དྲི་བ། རོང་བོ་དགོན་པར་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད། ཁྱེད་རང་རོང་བོ་དགོན་པར་བསྐྱོད་སྐབས་དེ་གའི་གནས་སྟངས་ག་འདྲ་ཆགས་འདུག

    ལན། རོང་བོ་དགོན་པ་དེ་ཆོས་སྡེ་ཞིག་གི་རྣམ་པ་གསལ་པོ་འདུག དེ་གར་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མཁན་ཉུང་ཉུང་ཡིན་ས་རེད། དེའི་རྒྱུ་མཚན་ནི་ཟི་ལིང་དང་བར་ཐག་རིང་པོ་ཡོད་པས་རེད་ཟེར། ང་ཚོ་ས་གནས་དེར་འབྱོར་མ་ཐག་ས་གནས་མང་ཚོགས་ཀྱིས་ང་ཚོ་ཕྱི་ལོགས་ཤིག་ནས་ཡོང་བ་ཤེས་འདུག དེ་གར་བོད་རང་གི་སྲོལ་རྒྱུན་གྱི་ལྭ་བ་གྱོན་མཁན་བོད་མི་མང་པོ་མཐོང་རྒྱུ་འདུག་ལ། དགོན་པའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ པའི་སྐུ་པར་ཡང་མཐོང་རྒྱུ་འདུག དེ་ནི་ང་ལ་མཚོན་ན་བསམ་ཡུལ་ལས་འདས་པ་ཞིག་རེད། ངས་བསམ་པར་བཤམ་ཐུབ་རྒྱུ་མ་རེད་བསམ་ཡོད། ང་རང་དགོན་པ་དེར་ཧ་ཅང་དགའ་མོས་ཆེན་པོ་སྐྱེས་བྱུང་། ཡིན་ནའང་། ཕྱིར་བསླེབས་རྗེས་ངས་ད་གཟོད་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་དེ་གར་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་བ་གོ་སོང་། དེ་སྔོན་ངའི་བསམ་པར་ས་གནས་དེ་གར་རང་དབང་ཡོད་པའི་སྣང་བ་ཞིག་སྐྱེས་སོང་། སྐབས་དེར་ཕྱིའི་རྣམ་པའི་ཐོག་ནས་ས་ཆ་དེར་དྲག་གནོན་ཞེ་དྲག་མེད་པའི་རྣམ་པ་འདུག  

    དྲི་བ། ཁྱེད་རང་བོད་ནང་དུ་བསྐྱོད་འདུན་གྱི་དམིགས་ཡུལ་གཙོ་བོ་ག་རེ་ཡིན།

    ལན། ང་རང་བོད་པའི་གནས་སྟངས་རྒྱུས་ལོན་ཆེད་བསྐྱོད་པ་ཡིན། ཡིན་ནའང་། བོད་སོག་ལས་ཁུངས་ཀྱི་གོ་སྒྲིག་འོག་སོང་བ་ཡིན་སྟབས། ཁོ་ཚོས་ཆབ་སྲིད་ཐད་རྙོག་ཟིང་གང་ཡང་མི་ཡོང་ཆེད། གནད་དོན་གལ་ཆེའི་རིགས་ཀྱི་ཐད་སྐད་ཆ་དྲིས་ཚེ་བཀག་འགོག་དང་། བོད་རིགས་དང་མཉམ་དུ་སྐད་ཆ་བཤད་འཇུག་གི་མི་འདུག སྐབས་དེར་ང་ཚོས་མཐོང་ཐོས་བྱུང་བ་ཁག་ནི། མཛེས་བཟོ་དང་རྒྱས་སྤྲོས་ཆེ་བའི་ཕྱིའི་འཛུགས་སྐྲུན་དག་དང་། བརྗིད་ཉམས་ལྡན་པའི་འགྲེམས་སྟོན་ཁང་རྣམས་རེད། བོད་མིའི་དངོས་ཡོད་འཚོ་བའི་གནས་སྟངས་ག་འདྲ་ཡོད་མེད་ཤེས་རྟོགས་བྱེད་འཇུག་གི་མི་འདུག ངོ་སྤྲོད་གནང་མཁན་གྱི་ངོས་ནས་ཀྱང་བོད་མི་རྣམས་ཀྱི་འཚོ་བ་སྐྱིད་པོ་ཡོད་པའི་སྣང་བརྙན་ཁོ་ན་འགྲེལ་བཤད་རྒྱག་གི་འདུག

    དྲི་བ། ཁྱེད་རང་མཚོ་སྔོན་པོའི་མཁའ་རུ་སྤྲོ་འཆམ་ལ་སྐྱོད་སྐབས་ཚོར་སྣང་གང་འདྲ་བྱུང་ཡོད་པ་དང་། ས་གནས་དེ་གའི་བོད་མི་ཚོའི་གནས་སྟངས་གང་འདྲ་མཐོང་སོང་། 

    ལན། མཚོ་སྔོན་པའི་མཁའ་རུ་ཡ་ང་བའི་གནས་ཚུལ་མང་པོ་མཐོང་སོང་། བོད་པ་མང་པོ་ཞིག་གིས་སོ་སོའི་བོད་ལྭ་རྣམ་པ་སྣ་ཚོགས་གྱོན་པ་དང་། ལུ་གུ་སོགས་ཁྲིད་ཡོང་སྟེ་པར་བརྒྱབ་བཅུག་རྗེས་སྒོར་མོ་སློང་གི་འདུག དེའི་ཁྲོད་སུ་བྱིས་པ་ཆུང་ཆུང་ཧ་ཅང་མང་པོ་འདུག དེ་ནི་རྒྱ་གཞུང་གིས་དེང་རབས་ཅན་བཅོས་བསྒྱུར་གྱི་གོ་རིམ་ཁྲོད། གྲངས་ཉུང་མི་རིགས་ལ་ལྟ་སྐྱོང་མ་གནང་བ་དང་། གྲངས་ཉུང་མི་རིགས་ཀྱི་ཁེ་དབང་ལ་བརྩི་འཇོག་མ་བྱས་པའི་དན་རྟགས་རེད། རྒྱ་གཞུང་གིས་དངུལ་ཁོ་ནའི་ཆེད་དུ་བོད་དེ་ཡུལ་སྐོར་སྤྲོ་འཆམ་བྱ་ཡུལ་དུ་བསྒྱུར་ཐབས་བྱས་ཏེ། བོད་མི་རིགས་ཀྱི་ཕྱུག་ཟོག་འཚོ་སྐྱོང་གི་འབྲོག་ལས་འཚོ་བའི་གོམས་གཤིས་རྩ་གཏོར་བཏང་བ་ལ་བརྟེན་ནས། ཁོང་ཚོར་འཚོ་བ་རོལ་སའི་གཞི་རྟེན་གང་ཡང་མེད་པ་ཆགས་ཏེ་ཐབས་ཟད་འུ་ཐུག་གི་གནས་སུ་ལྷུང་པ་རེད། ཡིན་ནའང་རྒྱ་རིགས་སྣེ་ཤན་པ་ཚོས་བོད་པ་དེ་དག་ནི་སྒོར་མོ་གཡོ་ལེན་བྱེད་མཁན་ཡིན་པའི་འགྲེལ་བཤད་རྒྱག་གི་ཡོད་སྟབས། ཡུལ་སྐོར་མང་པོ་ཞིག་གི་སེམས་སུ་བོད་མི་རིགས་ལ་མཐོང་སྣང་ངན་པ་ཡོང་གི་འདུག དེ་ཧ་ཅང་ཡ་ང་བ་ཞིག་རེད། རྒྱ་གཞུང་གིས་བོད་མི་ཚོར་འཚོ་བ་རོལ་ཐབས་ཀྱི་ལམ་ཁ་དང་སློབ་སྦྱོང་། གོ་སྐབས་གཞན་གང་ཡང་སྤྲད་ཡོད་པ་མ་རེད། ངས་བསམ་ན་རྒྱ་གཞུང་གིས་བོད་མི་དེ་ཚོར་འཚོ་བ་རོལ་ཐབས་ཀྱི་སློབ་སྦྱོང་དང་མཐུན་རྐྱེན་གཞན་ཞིག་སྦྱོར་དགོས་ཀྱི་འདུག ཡང་མིན་ན། ཁོང་ཚོའི་དེ་སྔའི་ཕྱུག་ཟོག་འཚོ་སྐྱོང་གི་འཚོ་བ་རོལ་སྟངས་བསླར་གསོ་དགོས་ཀྱི་འདུག 

    དྲི་བ། གོང་དུ་ཁྱེད་ཀྱིས་ང་མཚོ་སྔོན་པོའི་རྡུལ་མཚོན་ཞིབ་འཇུག་རྗེས་དྲན་ཐང་དུ་སྐྱོད་ཡོད་སྐོར་བརྗོད་བྱུང་། ས་ཆ་དེ་གང་འདྲ་ཡོད་པ་དང་། རྒྱ་གཞུང་གིས་རྡུལ་མཚོན་ཞིབ་འཇུག་བོད་ཀྱི་ས་ཐོག་ནས་བྱས་པ་དེར་དགོངས་ཚུལ་ག་རེ་ཡོད།  

    ལན། ང་རང་རྡུལ་མཚོན་ཞིབ་འཇུག་རྗེས་དྲན་ཐང་དུ་བསྐྱོད་པ་ཡིན། ད་ལྟ་དེ་ནི་རྒྱལ་གཅེས་ཀྱི་སློབ་གསོ་སྤེལ་སའི་བསྟི་གནས་ཤིག་ཆགས་འདུག གནོད་འཚབ་རང་བཞིན་ཆེ་བའི་རྡུལ་མཚོན་ཐོག་མར་ཞིབ་འཇུབ་བྱེད་ས་བོད་ཀྱི་ས་ཁུལ་དང་། ཐོག་དང་པོར་རྡུལ་མཚོན་འགལ་གཏོར་ཚོད་ལྟ་བྱ་ཡུལ་ཡུ་གུར་མི་རིགས་ཀྱི་ས་ཆ་རེད། དེ་ནི་དངོས་གནས་རྒྱུ་འབྲས་དྲང་སྙོམས་ཤིག་མ་རེད། གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ནང་ཚོད་ལྟ་བྱེད་དགོས་པའི་རྒྱུ་མཚན་ཁོ་ཚོ་རང་ཉིད་ལ་གནོད་འཚེ་མི་ཐེབས་པ་དང་། གྲངས་ཉུང་མི་རིགས་ཀྱི་ཁེ་དབང་དང་བདེ་སྡུག་ལ་སེམས་ཁུར་གང་ཡང་བྱེད་ཀྱིན་མེད་པའི་རྟགས་རེད། ད་དུང་། སྣེ་ཤན་པ་དག་གིས་དེ་སྔོན་རྡུལ་མཚོན་ཞིབ་འཇུག་སྐབས། ས་ཁུལ་དེར་ཡོད་པའི་འབྲོག་སྡེ་དག་གིས་རྒྱལ་ཁབ་ཡག་པོ་ཡོང་བའི་ཆེད་དུ། སྲིད་གཞུང་གི་ལག་ནས་གུན་གསབ་གང་ཡང་ལེན་རྒྱུ་མིན་པ་བརྗོད་དེ། སོ་སོ་རང་མོས་ཐོག་རྩྭ་ཐང་དེ་དང་ཁ་བྲལ་ཏེ་ཡུལ་གཞན་དུ་གནས་སྤོ་བྱས་པ་རེད་ཟེར།  

    དྲི་བ། ཁྱོད་ཚོ་རི་བོ་ཉི་ཟླར་སླེབས་དུས་སྣེ་ཤན་པའི་འགྲེལ་བརྗོད་ཇི་ལྟར་གནང་གི་འདུག

ལན། ང་ཚོ་ཐད་ཀར་ཉི་ཟླ་རི་བོ་རང་ལ་ཕྱིན་མེད། མཚོ་སྔོན་པོ་ནས་ཁྲི་ཀར་བསྐྱོད་པའི་ལམ་བར་དུ་ཉི་ཟླ་རི་བོའི་ཡུལ་སྐོར་བཟོ་སྐྲུན་གྱི་རྣམ་པ་རྒྱང་ནས་མཐོང་སོང་། སྣེ་ཤན་པ་དག་གིས་ཝུན་ཁྲིན་ཀོང་ཇོ་ཡིས་བོད་དུ་ནང་བའི་ཆོས་ཁྱེར་ཡོང་བ། རིག་གནས་ལག་རྩལ་མང་པོ་བོད་དུ་དྲངས་པའི་སྐོར་སོགས་བརྗོད་སོང་། དེ་བཞིན། ཁྲི་ཀར་བོད་རིགས་མང་པོ་མཐོང་རྒྱུ་མི་འདུག ས་ཆ་དེར་ས་རྩི་ཁ་དོགས་འདྲ་མིན་མང་པོ་འདུག་ལ། ངོ་སྤྲོད་བྱེད་སྐབས་ཀྱང་ས་རྩིའི་གཏེར་ཁ་ཕུན་སུམ་ཚོགས་པོ་ཡོད་ཚུལ་བརྗོད་སོང་། ད་དུང་ཡ་མཚན་པ་ཞིག་ལ། ང་ཚོ་མཚོ་སྔོན་གྱི་ས་ཆ་ཁག་ཏུ་བསྐྱོད་པའི་དུས་ཡུན་ནང་། ངས་ཧ་ལམ་ཕྱི་རྒྱལ་བ་གཅིག་ཀྱང་མཐོང་མ་སོང་། ཕལ་ཆེར་ང་ཚོ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་དག་དང་འབྲེལ་བ་བྱུང་འཇུག་འདོད་མེད་པ་འདྲ། 

    དྲི་བ། ཁྱེད་རང་ཐེངས་འདིར་སྐྱོད་མྱོང་བའི་བོད་ཀྱི་ས་ཁུལ་ཁག་ལས་བག་ཆགས་ཆེས་ཟབ་ཤོས་གང་རེད། 

    ལན། ང་རང་བག་ཆགས་ཆེས་ཟབ་ཤོས་ནི་ཉི་ཟླ་རི་བོའི་ཉེ་འདབས་སུ་བསླེབས་དུས། ད་གཟོད་བོད་མི་རིགས་ཀྱི་འཚོ་བ་དངོས་མཐོང་བྱུང་བསམ་པའི་སེམས་ཚོར་བྱུང་། མཚོ་ངོས་ལས་མཐོ་ཚད་རྨིད་ ༣༠༠༠ ལྷག་ཡོད་པའི་ས་ཆ་དེར། རྩྭ་ཐང་དང་འབྲོག་པའི་སྦྲ་གུར། ནོར་ལུག་འཚོ་སྐྱོང་བྱེད་བཞིན་པའི་རྣམ་པ། བོད་པ་རྣམས་སྦག་སྦག་ཞོན་ཏེ་རྩྭ་ཐང་ཐོག་སྐྱོད་བཞིན་པ་མཐོང་སོང་། དེ་ནི་ཧ་ཅང་བག་ཕེབས་པོ་དང་མཛེས་སྡུག་ལྡན་པ་ཞིག་རེད། ངས་སྔོན་ཆད་དེ་འདྲ་མཐོང་མྱོང་མེད། གལ་སྲིད་རྒྱ་གཞུང་གིས་བཙན་དབང་འོག་བོད་མི་དེ་ཚོ་རྩྭ་ཐང་འདི་དང་ཁ་བྲལ་བཅུག་ཚེ་ཅི་འདྲའི་སེམས་ཕངས་པ་ལ་སྙམ་པ་ཞིག་སྐྱེས་སོང་། དེ་མ་གཏོགས་ས་གནས་གཞན་དུ་བོད་ལྭ་གྱོན་མཁན་བོད་མི་འགའ་ཤས་མཐོང་སོང་། ཡིན་ནའང་། ཁོ་ཚོར་ཐད་ཀར་གླེང་མོལ་བྱ་རྒྱུའི་རང་དབང་མེད་སྟབས། དམིགས་བསལ་གྱི་སེམས་ཚོར་གང་ཡང་སླེབས་ཐུབ་མ་སོང་།

    དྲི་བ། བོད་ནང་མི་མང་པོས་རང་ལུས་མེར་བསྲེགས་གཏོང་བཞིན་པ་དེར་། ཁྱོད་ཀྱིས་གདེང་འཇོག་གང་འདྲ་ཞིག་གནང་གི་ཡོད་དམ།

    ལན། ཁོང་ཚོས་རང་ལུས་མེར་བསྲེགས་གཏོང་བཞིན་པ་དེ་ནི། ངས་བསམ་ན་གློ་བུར་བའི་སེམས་ཚོར་གྱི་དབང་གིས་བཏང་བ་ཞིག་མ་རེད། ཁོང་ཚོས་རྒྱུན་རིང་པོ་བསམ་བློ་ཞིབ་ཏུ་བཏང་སྟེ་གནང་གི་ཡོད་པ་རེད། དཔེར་ན། ལྡི་ལིར་རང་ལུས་མེར་བསྲེགས་གཏོང་མཁན་ཁོང་ལ་མཚོན་ན། བསམ་བློ་གཏིང་ཟབ་མོ་བཏང་སྟེ་ཧུའུ་ཅིན་ཐའོ་ལྡི་ལིར་བསླེབས་སྐབས་རང་ལུས་མེར་བསྲེགས་བཏང་ཡོད་ལ། ཁོང་ལམ་ཐག་གང་འཚམ་ཞིག་ལ་བརྒྱུགས་ཏེ་མི་མང་པོ་ཞིག་གིས་མཐོང་ཐུབ་པ་བཟོས་ཡོད། དེར་མ་ཟད། ཁོང་གིས་མེ་ལྕེ་ཁྲོད་འབོད་སྒྲ་བསྒྲགས་ཡོད་པ་རེད། མེར་བསྲེགས་ལས་འགུལ་གྱི་རྣམ་པ་འདི་ལ་བརྟེན་ནས་འཛམ་གླིང་སྒང་ཁོང་ཚོའི་རེ་འབོད་ཤེས་རྟོགས་ཤུགས་ཆེན་པོ་ཡོང་ཐུབ་ཆེད་རེད། ངས་བསམ་ན་ཁོང་རྣམ་པའི་རང་སྲོག་བློས་གཏོང་བཞིན་པ་དེ་ནི་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་རེད།

    དྲི་བ། ཁྱེད་ཀྱིས་རྗེས་ཕྱོགས་བོད་དོན་ཐད་རོགས་འདེགས་དང་རྒྱབ་སྐྱོར་གྱི་ལས་དོན་དེ་འདྲ་གནང་རྩིས་ཡོད་དམ། 

    ལན། ང་རང་ངོས་ནས་བོད་ཀྱི་གནད་དོན་ཐད་ལས་ཀ་བསྒྲུབ་འདོད་ཆེན་པོ་ཡོད། ལོ་རྗེས་མ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༣ པས་བོད་རང་བཙན་བསྐྱར་བསྒྲགས་བྱས་ནས་ལོ་ ༡༠༠ འཁོར་བའི་དུས་དྲན་རེད། ད་ལོའི་བོད་ཀྱི་རིག་གནས་དུས་དྲན་གྱི་བྱ་འགུལ་ནང་བཞིན་བོད་མི་རྣམས་ཐེ་ཝན་དུ་གདན་ཞུ་བྱས་ཏེ། འཁྲབ་སྟོན་གྱི་རྣམ་པ་དང་གཞས་སྣ་གཟིགས་འབུལ་གྱི་ལམ་ནས། ཐེ་ཝན་སྤྱི་ཚོགས་ནང་བོད་དོན་ཤེས་རྟོགས་ཡོང་རྒྱུར་འབད་བརྩོན་བྱ་དགོས་བསམ་ཡོད།    དེ་བཞིན། དུས་ཚོད་གང་འཚམ་བཏོན་ཏེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལས་ཀ་ཞིག་བྱེད་ཐུབ་ན་བསམ་ཡོད། ཉེ་ཆར་ང་ཚོས་རྒྱ་སྐད་སློབ་གསོའི་ཐད་གླེང་མོལ་བྱུང་། ཕྱིར་ཐེ་ཝན་དུ་ཕྱིན་རྗེས་སློབ་ཐུན་ཞིག་སྒྲིག་འགོད་དང་རྒྱ་ཡིག་སློབ་མཁན་དགེ་རྒན་བཙལ་རྗེས། བོད་ཁྱིམ་སློབ་གྲྭའི་ནང་བྱིས་པ་རྣམས་ལ་རྒྱ་ཡིག་སློབ་ཁྲིད་བྱེད་ཆོག་གི་རེད་བསམ་གྱི་འདུག  

༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བདམས་བཀོད་བྱས། ༽

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 1

  1. དམར་ཁ་ཚ། says:
    ལོ་ 14 སྔོན།

    རྡུལ་ཕྲན་མཚོན་ཆ།=རྡུལ་མཚོན།
    བསྡུས་དྲགས་ན་རྡུལ་མཚོན། རྡུལ་ཚོན་དང་ཧ་ཅང་འཕྲུལ་ཚབ་ཆེ་བར་འདུག
    སྙམ།
    ཆབ་སྲིད་དྲིལ་བསྒྲགས་ཁང་།=ཆབ་དྲིལ་ཁང་།དེ་བསྡུས་དྲགས་པ།ཆབ་ཁང་བཞིན་ནོ། བཙལ་བྱོལ་ཁྲོད་བསྡུས་སྐྱོན་མང་ཙམ་མཐོང་རྒྱུ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese