མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་བཙན་ཆེད་བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་གསར་འཛུགས་ལས་འཕྲོས་པའི་གཏམ།

བོད་ཀྱི་དུས་བབ།
༢༠༡༢/༠༨/༡༥
Share on FacebookShare on TwitterShare on EmailShare on Whatsapp

འབྲོང་དཀར་པོ།

ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༦ ཚེས་ ༢༧ ཉིན་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ནང་རང་བཙན་ཚོགས་འདུ་ཞེས་པ་ཞིག་ཚོགས་འདུག  ཚོགས་འདུའི་གནས་ཚུལ་རྣམས་རིམ་བཞིན་གསར་ལམ་ཁག་ནང་ཐོན་པར་གཞིགས་ན་ཚོགས་འདུ་དེ་ནི་དེ་སྔོན་ཕྱི་ལོ་ ༢༠༡༢ ཟླ་ ༣  ཚེས་ ༡༡ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་ཚོགས་པའི་རང་བཙན་ཚོགས་འདུའི་འཇུག་མཐུད་ཡིན་པར་བཤད་འདུག རང་ངོས་ནས་ཚོགས་འདུ་འདིའི་ཐོག་སྡོམ་ཚིག་བཀོད་ན་དོན་དག་གསུམ་གྱི་སྟེང་དབྱེ་མཚམས་བཅད་དེ་བསམ་གཞིག་བྱས་ཆོག་པ་འདུག་སྙམ། དེ་ཡང་དང་པོ། ༸རྒྱལ་དབང་བཅུ་གསུམ་པས་རང་བཙན་བསྐྱར་བསྒྲགས་བྱས་ཏེ་ལོ་ ༡༠༠ འཁོར་བའི་རྗེ་དྲན་གྱི་རང་བཙན་ཚོགས་ཆེན་ཚོགས་རྒྱུ། གཉིས་པ། རང་བཙན་འཐབ་རྩོད་ཀྱི་དཔུང་ཁག་ཆིག་སྒྲིལ་བཟོ་རྒྱུ།  གསུམ་པ། དམིགས་ཡུལ་ལྔ་ཅན་གྱི་འོག་བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་གསར་འཛུགས་བྱ་རྒྱུ་བཅས་རེད། རྔམ་བརྗིད་ལྡན་པའི་དོན་གནད་འདི་ཚོའི་ངོ་གདོང་ལ་ལྟས་ན་དགའ་འོས་ཤིང་རེ་བས་ཁེངས་པའི་རྣམ་པ་མངོན་ཡང་། དོན་གནད་རེ་རེ་བཞིན་དམར་ཧྲེང་དུ་བུད་དེ་གློ་སྙིང་མཆིན་གསུམ་གྱི་འགྲེལ་བརྗོད་བྱས་ན་རྙོག་འཛིང་ཆེ་ལ་གསལ་ཁ་མེད་པའི་དོན་གནད་ཤ་སྟག་རེད། དེར་བརྟེན་གནད་དོན་འདི་ཚོའི་ཐོག་རང་ཉིད་ཀྱི་བསམ་གཞིག་སྣ་ཚོགས་ཤིག་འཇིགས་ཞུམ་མེད་པའི་ཐོག་ནས་སྲོང་པོར་བརྗོད་རྒྱུ་ཡིན་པས་རྒྱ་ཆེའི་ཀློག་པ་པོ་རྣམས་ནས་དགོངས་འཇགས་ཞུ། །

དང་པོ། ༸རྒྱལ་དབང་བཅུ་གསུམ་པ་འུད་སྒྲོག་བྱེད་དོན་ཅི་ཡིན།

མིའི་རིགས་ཀྱི་དཔལ་ཡོན་ལྡན་པའི་སྤྱི་ཚོགས་འགོ་ཚུགས་པ་ནས་བཟུང་འགྲོ་བ་མིའི་ལོ་རྒྱུས་ནང་དཔེ་མཚོན་གཟེངས་བསྟོད་འོས་པའི་མི་སྣ་མང་པོ་བྱུང་བ་བཞིན་ང་ཚོ་བོད་མིའི་ལོ་རྒྱུས་ནང་དུའང་དད་གུས་རྗེས་དྲན་བྱ་འོས་ཀྱི་མི་སྣ་མང་དག་ཅིག་བྱུང་ཡོད་པས་ན་ ༸གོང་ས་༸སྐྱབས་མགོན་བཅུ་གསུམ་པ་ཆེན་པོ་མཆོག་ཀྱང་བོད་ཀྱི་ལོ་རྒྱུས་ཀྱི་ཀྱོག་མཚམས་ཤིག་ན་རླབས་ཆེན་གྱི་མཛད་པ་བསྐྱངས་མྱོང་བའི་གཟེངས་བསྟོད་རྗེས་དྲན་འོས་པའི་མི་སྣ་ཞིག་ཡིན་པར་ཐེ་ཚོམ་ཅི་ཡང་མེད་པ་ཞིག་རེད། འོན་ཀྱང་དེང་སྐབས་འཆར་ལོའི་ནང་༸རྒྱལ་དབང་བཅུ་གསུམ་པས་རང་བཙན་བསྐྱར་བསྒྲགས་བྱས་ནས་ལོ་བརྒྱ་འཁོར་བའི་རྗེས་དྲན་དང་འབྲེལ་བའི་ཐོག་ནས་བོད་རང་བཙན་གྱི་དར་ཆ་བསྒྲེང་རྒྱུའི་སྦིར་གྲགས་བྱེད་པ་འདི་ལ་བསམ་གཞིག་ནན་མོ་ཞིག་བྱ་དགོས་འདུག་སྙམ།  ༸གོང་ས་བཅུ་གསུམ་པས་བསྐྱར་བསྒྲགས་བྱས་པའི་རང་བཙན་གྱི་གནས་བབས་ལ་བསམ་ཞིབ་བྱས་ན་སྣ་མང་རྙོག་འཛིང་གིས་ཁེངས་པའི་རང་བཙན་གྱི་གནས་བབས་ཤིག་གླེང་དགོས་པ་རེད། ང་ཚོའི་ལོ་རྒྱུས་ནང་༸སྐྱབས་མགོན་བཅུ་གསུམ་པ་ཆེན་པོས་རྒྱ་གར་ནས་རང་ཡུལ་ལྷ་ལྡན་ཞིང་དུ་ཕྱིར་ཕེབས་གྲུབ་མཚམས་ཕྱི་ལོ་ ༡༩༡༣ ཟླ་ ༡ ཚེས་༨ ཉིན་སྦུག་དམ་རྩ་ཚིག་ཅིག་ཡོངས་གྲགས་སུ་སྤེལ་བ་འདི་ཉིད་བོད་རང་བཙན་སྐྱར་བསྒྲགས་གནང་བར་ངོས་འཛིན་བྱེད་ཀྱི་ཡོད། སྦུག་དམ་རྩ་ཚིག་མའི་ནང་ “བོད་རིགས་སྐྱེ་བོ་མཆོག་དམན་ཚང་མས་ཀྱང་རང་ནུས་གང་ཤར་གྱི་རྒྱ་དམག་དང་འཐབ་འཛིང་མུ་མཐུད་བྱས་པ་བཅས་ལ་བརྟེན་དབུས་གཙང་ཁུལ་ལ་ཡོད་པའི་རྒྱ་དམག་ཚང་མ་མཐར་བསྐྲོད་བཏང་ཟིན་ཏེ། ངོས་ཀྱང་རང་གི་སྐྱོང་ཡུལ་ཆོས་ལྡན་གྱི་ཞིང་དུ་བདེ་འབྱོར་ཐོག  ཁམས་ཕྱོགས་སུ་ཡོད་པའི་འཕྲོས་ལྷག་རྣམས་ཀྱང་རིམ་བཞིན་མཐར་སྐྲོད་གཏོང་རྒྱུ་བཅས།” ཞེས་གསུངས་པ་བཞིན་སྐབས་དེའི་གནས་བབས་ལ་བསམ་གཞིག་བྱས་ན་དབུས་གཙང་གི་ས་ཁུལ་ནས་རྒྱ་དམག་མཐར་བསྐྲད་ཀྱང་འབྲི་ཆུའི་རྒྱུད་ཀྱི་བོད་ཁོངས་ས་ཁུལ་མང་པོའི་ནང་རྒྱ་བོད་དམག་འཛིང་བྱེད་མུས་ཀྱི་སྐབས་༸གོང་ས་མཆོག་བོད་ཀྱི་རྒྱལ་ས་ལྷ་ལྡན་དུ་ཞབས་སོར་འཁོད་ཙམ་ཞིག་ཡིན་པ་གསལ་པོ་ཤེས་ཐུབ་པས་སྐབས་དེར་འབྲི་ཆུ་ཚུན་ཆོད་ཀྱི་ས་ཁུལ་ཙམ་ལ་མ་གཏོགས་བདེ་འཇགས་མེད་པས་ན་ས་མཚམས་ཀྱི་གནས་བབས་ཁ་གསལ་མེད། སྐབས་དེར་གཞུང་ས་ཕྱོགས་ནས་དམག་དོན་སྤྱི་ཁྱབ་མཁན་དྲུང་བྱམས་པ་བསྟན་དར་བཀའ་བློན་བླ་མར་གནས་སྤར་གྱིས་མདོ་སྨད་ཞི་དྲག་སྤྱི་འདོམས་སུ་བསྐོ་གཞག་མཛད་དེ་ཁམས་ཕྱོགས་ཀྱི་རྒྱ་དམག་མཐར་སྐྲོད་དུ་མངག་བྱ་བྱས་ཡོད། དུས་སྐབས་དེར་རྒྱ་དམག་གི་དམག་དོན་ལས་ཁུངས་ལྟེ་བ་ཆབ་མདོར་ཡོད་ཅིང་དམག་སྤྱི་པིན་ཐུང་ལིང་ཡིན། ཁམས་ཕྱོགས་ས་ཁུལ་རི་བོ་ཆེ་དང་། ལྕགས་ཟམ། ནང་ཆེན། ཆབ་མདོ། སྡེ་དགེ། འཇོ་མདའ་སོགས་རྒྱ་དམག་ནས་བཟུང་ཡོད། མདོ་སྤྱིས་ཁྱུང་པོ་སོགས་ཀྱི་ས་ཁུལ་དུ་ཡོད་པའི་རྒྱ་དམག་རྣམས་ལ་དྲག་འཐབ་ཀྱིས་མཐར་སྐྲོད་བྱེད་པ་དང་། ཕྱོགས་གཞན་ནས་ཞི་བའི་ཐབས་ལམ་ལ་བརྟེན་ནས་རྒྱ་བོད་ས་མཚམས་ཀྱི་རྩོད་རྙོག་རྣམས་གཙང་མ་ཡོང་ཐབས་ལ་འབད་པ་གནང་བཞིན་ཡོད་པ་བཞིན་མཐར་ཕྱི་ལོ་ ༡༩༡༤ ལོར་སིམ་ལར་རྒྱ་བོད་དབྱིན་གསུམ་གྱི་དབང་ཚད་ཆ་ཚང་ལྡན་པའི་སྐུ་ཚབ་ལྷན་འཛོམས་ཐོག་༼ ཤིང་སྟག་སིམ་ལའི་ཆིངས་ཡིག ༽ཅེས་པ་བཞག་ཡོད། ཆིངས་གྲོས་སྐབས་ཐོག་མར་བོད་ཕྱོགས་ནས་ཤར་ཕྱོགས་ས་མཚམས་དར་རྩེ་མདོ་ཚུན་དགོས་པར་གསུངས་ཤིང་རྒྱ་ཕྱོགས་ནས་རྒྱ་བོད་ས་མཚམས་ཀོང་པོ་རྒྱ་མདའ་ལ་ཆ་འཛིན་དགོས་སྐོར་བཤད་ནས་ཆིང་དོན་ཐོག་དོན་ལྡན་གྱི་གྲོས་འཆམས་མ་བྱུང་བས་མཐར་དབྱིན་ཇིའི་སྐུ་ཚབ་ནས་བོད་ལ་ཕྱི་ནང་གཉིས་བཟོས་ཏེ། <མེ་ཁལ་གྱིས་བརྩམས་པའི་བོད་ཀྱི་གནས་བབས་ཞེས་པའི་དེབ་ནང་བོད་ཕྱི་མ་ཞེས་པ་རོབ་རྩིས་ཀྱིས་བོད་དབུས་དང་ནུབ་ཕྱོགས་དང་། བོད་ནང་མ་ཟེར་བ་རྒྱ་ནག་དང་ས་འབྲེལ་ཨ་མདོ་དང་ཁམས་ཀྱི་ཆ་ཤས་ཏེ་བོད་ཀྱི་ཤར་དང་། བྱང་ཤར་གྱི་ཆ་ཤས་ཡིན། ཞེས་གསལ།> རྒྱ་མིས་བོད་ཕྱི་མའི་ནང་དམག་མི་མི་གཏོང་བ་སོགས་ཀྱི་ཆིངས་དོན་ལ་དབྱིན་བོད་སྐུ་ཚབ་ནས་མིང་རྟགས་བཀོད་ཡོད། སིམ་ལའི་ཆིངས་དོན་ལ་རྒྱ་ཕྱོགས་ནས་མིང་རྟགས་མ་བཀོད་པ་སོགས་དོན་ཕན་ལྡན་པ་མ་བྱུང་བས་ཁམས་ཁུལ་རྒྱ་དམག་ནས་ཀོང་པོ་རྒྱ་མདའ་བར་འགྲོ་རྒྱུ་ཡིན་པའི་སྦིར་གྲགས་བྱུང་བར་བརྟེན་མདོ་སྤྱི་བླ་མས་མུ་མཐུད་དྲག་རྒོལ་བྱས་ཏེ་ཆབ་མདོར་ཡོད་པའི་རྒྱའི་དམག་དོན་ལྟེ་གནས་བླངས་པ་སོགས་རྒྱ་དམག་ཕམ་པར་བྱས་ཏེ་དར་རྩེ་མདོ་བར་འགྲོ་རྒྱུའི་དམག་གྲ་བསྒྲིགས་པས་རྒྱ་ཕྱོགས་ཀྱི་རེ་ཞུ་བཞིན་དབྱིན་གཞུང་བར་བཞུགས་ཀྱིས་རྒྱ་བོད་བར་སླར་ཡང་ཆབ་མདོར་ཞི་ཆིངས་བྱས་ཡོད།

རྒྱལ་རབས་སྨྲ་བའི་དབང་ཕྱུག་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་གིས། རྒྱ་བོད་གཉིས་དབྱིན་གཞུང་བར་བཞུགས་ཀྱིས་ཉིན་མང་པོ་བཀའ་མོལ་གནང་བའི་མཐར་རེ་ཞིག་ས་མཚམས་དབྱེ་འབྱེད་མཛད་པའི་འབྲི་ཆུའི་ཆུ་རྒྱུད་ཀྱིས་བཅད་པ་སྡེ་དགེ་དང་དཔལ་ཡུལ་མ་གཏོགས་ཤར་ཕྱོགས་རྣམས་གནས་སྐབས་རྒྱ་ཕྱོགས་ནས་ཉར་རྒྱུ་དང་། ཞེས་སོགས་གསུངས་པ་བཞིན། སྐབས་དེར་ཆབ་མདོར་ཕྱི་ལོ་ ༡༩༡༨ ཟླ་ ༨ ཚེས་ ༡༩ འཁོད་པའི་ཆིངས་ཡིག་དོན་ཚན་བཅུ་གསུམ་ཅན་ཞིག་བཞག་པའི་དོན་ཚན་གསུམ་པའི་ནང་རྒྱ་བོད་གནས་སྐབས་ས་མཚམས་བྱེད་རྒྱུར་རྒྱ་གཞུང་ཁོངས་སུ་ས་སྒོ། འབའ། ཚ་ཁ་ལྷོ། རྟ་ཤོ། སྡེ་རོང་། ལི་ཏང་། སྒང་རྩེ། ཉག་རོང་། བྲག་འགོ། རྟའུ། ཉག་ཆུ་ཁ། དར་རྩེ་མདོ། རོང་མི་བྲག་སྒོ། ལྕགས་ཟམ་ཁ། རྒྱལ་རྩེ་རོང་། ཆ་ཕྲེང་། རྟའོ་ཕྲིན་བཅས་ཤར་ཕྱོགས་ས་སྡེ་ས་སྒོ་རྣམས་རྒྱ་གཞུང་ནས་བདག་སྤྲོད་བྱེད་རྒྱུ། བོད་ཕྱོགས་དཔོན་འགོ་ཞི་དྲག་དམག་མི་ས་ཆ་དེ་ཁོངས་བསྡད་མི་ཆོག བོད་གཞུང་ཁོངས་སུ་རྫོང་ཀག་རི་བོ་ཆེ། རྔན་མདའ། ཆབ་མདོ། བྲག་གཡབ། རྨར་ཁམས་སྒར་ཐོག གོ་འཇོ། ས་ངན།་ཐང་ཕུག ལྡན་ཁོག སེར་ཤུད། སྡེ་དགེ། དཔལ་ཡུལ་བཅས་ཀྱི་ཁོངས་སུ་གཏོགས་པ་ནུབ་ཕྱོགས་ས་སྡེ་རྫོང་ཁག་རྣམས་བོད་གཞུང་ནས་བདག་སྤྲོད་བྱ་རྒྱུ། རྒྱ་ཕྱོགས་དཔོན་འགོ་ཞི་དྲག་དམག་མི་རྣམས་ས་ཆ་དེ་ཁོངས་བསྡད་མི་ཆོག  ཅེས་སོགས་འཁོད་ནས་ཆིངས་དོན་དེ་ཚོར་རྒྱ་བོད་གཉིས་ཐད་ནས་མོས་མཐུན་ཡོད་ཚུལ་སོགས་འཁོད་ཡོད། ཆིངས་ཡིག་འདི་ཉིད་བཞག་རྗེས་ཀྱང་རྒྱ་བོད་བར་ས་མཚམས་སུ་དམག་འཁྲུག་བྱས་ཏེ་བོད་ཕྱོགས་སྔར་ཡོད་ས་ཆ་འགའ་ཤས་ཤོར་ཡོད་ཀྱང་མཐར་ཕྱི་ལོ་ ༡༩༣༣ ཟླ་ ༦ ཚེས་ ༡༥ ཉིན་ཟི་བོད་ཆིངས་ཡིག་དོན་ཚན་ལྔ་ཅན་བཞག་ནས་སྔར་གྱི་ཆིངས་དོན་ལ་རང་གནས་ཡོང་བ་བྱས་ཡོད། དུས་དེ་ནས་བཟུང་འབྲི་ཆུའི་རྒྱུད་ལ་ས་མཚམས་བཟུང་ནས་ཕྱིན་ཡོད། ༸སྐྱབས་མགོན་བཅུ་གསུམ་པ་ཆེན་པོས་ཆུ་གླང་ལོ་ནས་ཆུ་སྤྲེལ་ལོ་བར་ཕྱིའི་རྒྱལ་སྲུང་དྲག་དཔུང་རྒྱ་བསྐྱེད་དང་། ནང་གི་གཞུང་འཛིན་ལམ་ལུགས་ཕྲ་ཚུགས་ཡོང་ཐབས་ལ་འབད་པ་གནང་འབྲས་སུ་འབྲི་ཆུ་ས་མཚམས་སུ་བཅད་པའི་བོད་ལྗོངས་སུ་ཆུ་སྤྲེལ་ཞལ་གདམས་ནང་རང་གི་སྐྱོང་ཡུལ་བོད་ལྗོངས་ཆོས་ཀྱི་ཞིང་སར་སླར་འཁོད་དེ་ཆུ་གླང་ནས་བཟུང་། ཆུ་སྤྲེལ་བར་བོད་ལྗོངས་འདི་ཉིད་དུ་བདེ་སྐྱིད་རྫོགས་ལྡན་གསར་དུ་བཞད་པས། ཞེས་སོགས་གསུངས་པ་བཞིན་སྐབས་དེའི་རང་དབང་གཙང་མའི་རྒྱལ་མཚམས་ཀྱི་གནས་བབས་ནི་དེ་ཙམ་ཞིག་ཏུ་གནས་ཡོད་པ་གསལ་པོ་ཡིན། དེ་རྗེས་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོ་མཆོག་ཕྱི་ལོ་ ༡༩༣༣ ཟླ་ ༡༢ ཚེས་ ༡༧ ཉིན་གྱི་དགོང་དྲོ་ནོར་གླིང་དུ་དགོངས་པ་ཞི་དབྱིངས་སུ་འཐིམ་ཚུལ་བསྟན་ཡོད། དུས་དེ་ནས་བཟུང་དར་རྩེ་མདོ་བར་གྱི་ས་མཚམས་རྩོད་ལེན་བྱ་སེམས་མེད་པ་ཙམ་མ་ཟད། སྔར་ཡོད་རྒྱལ་མཚམས་སྲུང་བྱའང་དེ་མུར་གནས་ཏེ་ནང་ཁུལ་རྩོད་རྙོག་སྣ་མང་གིས་དུས་འདའ་བར་བྱས་ཡོད། དུས་ཕྱིས་ཀྱི་ས་མཚམས་གནས་བབས་སྐོར་འབའ་བ་ཕུན་དབང་གི་མི་ཚེའི་ལོ་རྒྱུས་བོད་མི་གསར་བརྗེ་བ་ཞིག་ཅེས་པའི་དེབ་དེའི་ལེའུ་དྲུག་པའི་ནང་ “ངེས་གཉིས་བོད་སྡེའི་འབྲི་ཆུའི་ངོས་སུ་འབྱོར་རྗེས། འགག་སྒོ་ཡོད་སར་བསྐྱོད་ནས་དེར་ཡོད་བོད་དམག་གི་འགོ་པར་ཏཱ་ལའི་བླ་མའི་དོན་གཅོད་ཁང་གིས་གནང་བའི་ཡི་གེ་མིག་སྟོན་བྱས།” ཞེས་སོགས་གསུངས་པ་ལས་ཤེས་ནུས། དེར་བརྟེན་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གནས་ཚུལ་འདི་འདྲའི་འོག་༸གོང་ས་བཅུ་གསུམ་པ་ཆེན་པོའི་དར་ཆ་བསྒྲེངས་ཏེ་བོད་རང་བཙན་གྱི་གནས་བབས་བསྐྱར་གླེང་བྱེད་པ་ནི་དུས་ལས་ཡོལ་ཟིན་པ་ཞིག་རེད། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་མིས་བཙན་བཟུང་བྱས་རྗེས་བཙན་བྱོལ་གཞུང་ནས་བོད་དོན་འཛམ་གླིང་རྒྱལ་ཚོགས་ལ་ཞུ་སྙན་སོགས་གནང་བའི་ཡིག་ཆ་ལ་གཞིགས་ན་ཕྱི་ལོ་ ༡༩༧༩ བར་གཞུང་ཕྱོགས་ནས་འཐབ་རྩོད་བྱས་པའི་རང་བཙན་གྱི་གནས་བབས་དེ་ཡང་འབྲི་ཆུ་ས་མཚམས་སུ་བཟུང་པའི་རང་བཙན་གྱི་གནས་བབས་བསྐྱར་གླེང་བྱས་པ་ཙམ་ཡིན་འདུག འོན་ཀྱང་ཕྱི་ལོ་ ༡༩༧༩ ནས་བཟུང་གཞུང་གི་ཆབ་སྲིད་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་འགྱུར་བ་ཆེན་པོ་ཞིག་བྱུང་ཡོད། དུས་དེ་ནས་བཟུང་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་བོད་རིགས་ཡོངས་རྫོགས་ཀྱི་གནས་བབ་གླེང་འགོ་ཚུགས་ཡོད།

ཕྱི་ལོ་ ༡༩༨༧ ཟླ་༩ ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བསྩལ་བའི་གསུང་འཕྲིན་ནང་དོན་ཚན་དང་པོ། བོད་ས་ཡོངས་རྫོགས་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ། ཞེས་འཁོད་ཅིང་། དོན་ཚན་དང་པོའི་འགྲེལ་བཤད་ནང་བོད་ཤར་ཕྱོགས་ཆོལ་ཁ་ཁམས་དང་། ཨ་མདོ་ཐེ་བའི་ས་ཁྱོན་ཡོངས་རྫོགས། ཞེས་སོགས་གསལ་ཡོད། དེ་རྗེས་ཕྱི་ལོ་ ༡༩༨༨ ཟླ་ ༦ ཚེས་ ༡༥ ཉིན་སི་ཊ་སི་སྦག་ཏུ་ཡུ་རོབ་གྲོས་ཚོགས་སུ་གནང་བའི་གསུང་བཤད་ནང་། བོད་ཆོལ་ཁ་གསུམ་ཡོངས་རྫོགས་སྤྱིའི་བདེ་རྩ་དང་། མི་མང་དང་དེའི་ཁོར་ཡུག་སྲུང་སྐྱོབ་བྱེད་ཆེད་མི་དམངས་ཀྱི་འདོད་བློ་གཙོར་བཟུང་གིས་ཁྲིམས་ལུགས་གཞིར་བཟུང་བཙུགས་པའི་རང་སྲིད་རང་འཛིན་གྱི་མང་གཙོའི་ཆབ་སྲིད་ཀྱི་གོང་བུ་ཞིག་ཏུ་བསྒྱུར་རྒྱུ། ཞེས་སོགས་གསུངས་ཡོད། ད་ལྟའི་ཆར་ཞི་བའི་གྲོས་འཆར་དོན་ཚན་ལྔ་དང་། སི་ཊ་སི་སྦག་གི་གསུང་བཤད་དེ་རང་བཞིན་ནུས་མེད་དུ་སོང་ཡོད་པར་གསུངས་ཀྱང་། ཕྱི་ལོ་ ༢༠༠༨ ཟླ་ ༣ ནང་བོད་ཀྱི་རྒྱལ་ས་ལྷ་ས་ནས་འགོ་ཚུགས་ཏེ་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་ལ་ཞི་བའི་ངོ་རྒོལ་ཆེན་མོ་ལངས་ཤིང་། ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༤ ཉིན་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་འདུ་རྒྱས་འཛོམས་ཐོག་གནང་བའི་སྦར་སིལ་གསུང་བཤད་ནང་སླར་ཡང་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྐྱོང་གི་གནས་བབས་སྐྱར་གླེང་གནང་ཡོད། སྦར་སིལ་གསུང་བཤད་ནང་། ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༡ ཉིན་ང་ཚོས་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སྤྲད་པ་ཡིན། ཞེས་གསུངས་ཡོད། སྐབས་དེར་རྒྱ་ཕྱོགས་སུ་སྤྲད་པའི་ཡིག་ཆ་དོན་ཚན་གཉིས་པ། བོད་རིགས་གཅིག་གྱུར་གྱི་ངོ་བོ་ལ་བརྩི་བཀུར་དགོས་པ། ཞེས་པའི་དོན་ཚན་དེའི་ནང་ཆོལ་གསུམ་གཅིག་སྒྲིལ་གྱི་རང་སྐྱོང་གནས་བབ་གསལ་གླེང་བྱས་ཡོད། ཁ་ཅིག་གིས་མཐོན་པོ་རང་བཙན་གྱི་གནས་བབ་ནས་དམའ་ས་དབུ་མའི་ལམ་དུ་བབས་ཚུལ་གསུང་གི་ཡོད་ཀྱང་། དོན་དམ་པར་ཆོལ་གསུམ་རྒྱ་ཆེའི་མི་མང་གི་ནུས་པ་གཅིག་སྒྲིལ་གྱི་སྡིངས་ཆ་ཆེན་པོ་ཞིག་བསྐྲུན་ཡོད། ད་ལྟའི་ཆར་བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་མཁན་ནང་རེ་བཟུང་མ་གཏོགས་ཕལ་ཆེ་བ་འབྲི་ཆུའི་ཤར་རྒྱུད་ཀྱི་བོད་སའི་ཁོངས་ནས་ཐོན་གྱི་ཡོད། རྒྱ་ཕྱོགས་ནས་༸གོང་ས་༸སྐྱབས་མགོན་བཅུ་བཞི་པ་ཆེན་པོར་བོད་ཆེན་པོ་འུད་སྒྲོག་བྱེད་མཁན་ཞེས་སྐྱོན་འཛུགས་བྱེད་དོན་ཡང་འདི་རང་ཡིན། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་གསུངས་དོན། “ང་རང་ལོ་བཅུ་དྲུག་སྐབས་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཆབ་སྲིད་ཀྱི་དབང་ཆ་རྩིས་ལེན་ཞུས་པ་ཡིན། ད་ཆ་ལོ་དྲུག་བཅུ་ཕྱིན་པའི་རྗེས་ལ་མང་གཙོའི་ཐོག་ནས་འོས་འདེམས་བྱས་ཏེ་ཐོན་པའི་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྩིས་འབུལ་ཞུ་བ་འདི་དངོས་ནས་རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་ཟེར་བའི་དོན་དག་གཅིག་འདི་ཆགས་ཡོད།” ཅེས་གསུངས་པ་བཞིན། བཀའ་ཤག་གི་སྲིད་དམ་བདེ་སྐྱིད་མ་རྩིས་འབུལ་ཞུས་ཡོད། ད་ལྟ་གཞུང་འཛིན་སྲིད་སྐྱོང་གི་ཐུགས་འགན་བཞེས་མུས་ཡིན་པ་སྲིད་སྐྱོང་བློ་བཟང་སེང་གེས་ཀྱང་ཆོལ་གསུམ་གཅིག་སྒྲིལ་གྱི་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་རྩོད་ལེན་བྱེད་ཀྱི་ཡོད། ད་ལྟ་བོད་ཆོལ་ཁ་གསུམ་གྱི་མི་མང་དམ་ཚིག་འོ་ཆུ་གཅིག་སྒྲིལ་ཡོད་པའི་དུས་སྐབས་སུ་སྐད་ཆ་གང་ཞིག་བཤད་དགོས་ཀྱང་སྔ་ཕྱིའི་རྒྱབ་ལྗོངས་ལ་བསམ་ཞིབ་ནན་མོ་བྱས་ཏེ། མ་བཤད་ན་མི་སེམས་དུམ་བུར་བཏང་སྟེ་མི་རིགས་དུམ་བུར་འགྲོ་བའི་ཉེན་ཁ་ཡོད་པ་ངེས་པར་དུ་ཤེས་དགོས་སོ། །

གཉིས་པ། རང་བཙན་འཐབ་རྩོད་ཀྱི་དཔུང་ཁག་ཆིག་སྒྲིལ་བཟོ་ཐུབ་བམ།

དུས་རྒྱུན་ང་ཚོའི་སྤྱི་ཚོགས་ནང་རང་བཙན་འཐབ་རྩོད་པའི་མིང་འཛིན་གྱི་ཚོགས་པ་དང་མི་སྒེར་དེ་ཚོ་ཚང་མ་བློ་སེམས་གཅིག་མཐུན་ཡོད་པ་ལྟ་བུ་མངོན་ཡང་དེ་ནི་རང་བཙན་གྱི་སྐད་ཆ་མང་པོ་ཞིག་ད་བར་སྤྱི་སྤོམ་ཞིག་གི་ཐོག་བཞག་པའི་དབང་གིས་རེད། ད་ཆ་༸གོང་ས་བཅུ་གསུམ་པའི་མཚན་གནས་རྗེས་འབྲེལ་གྱི་རང་བཙན་གནས་བབས་བསྐྱར་གླེང་བྱེད་ཀྱི་ཡིན་ཞེས་ཤོད་མཁན་ཡོད། སྐད་ཆ་འདི་རང་བཙན་འཐབ་རྩོད་ཀྱི་མིང་འཛིན་པ་ཚང་མ་གཅིག་མཐུན་གྱི་སྐད་ཆ་ཞིག་ཡིན་བཟོ་མི་འདུག འོན་ཀྱང་༸གོང་ས་བཅུ་གསུམ་པའི་དར་ཆ་སྒྲེང་མཁན་དེ་ཚོས་རང་བཙན་འཐབ་རྩོད་པ་ཚང་མ་དར་ཆ་འདིའི་འོག་ཆིག་སྒྲིལ་ཡོང་རྒྱུར་བསམ་བློ་གཏོང་གི་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ་སྐད་ཆ་འདི་རང་གིས་རང་བཙན་དཔུང་ཁག་གི་ཆིག་སྒྲིལ་གཏོར་སྲིད་པ་རེད། གནས་ཚུལ་གསལ་པོ་མ་བྱུང་བའི་དབང་གིས་དེ་སྔ་ང་ཚོའི་སྤྱི་ཚོགས་ནང་ཁམས་པ་རང་སྐྱོང་གི་སྐད་ཆ་བྱུང་ཡོད་ལ། ཉེ་བའི་ཆར་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ལའང་༸གོང་ས་མཆོག་གི་དབུ་མའི་ལམ་དང་། ཟམ་གདོང་རིན་པོ་ཆེའི་དབུ་མའི་ལམ་ཞེས་པའི་སྐད་ཆ་ཡང་བྱུང་ཡོད། མ་འོངས་པར་རང་བཙན་གྱི་གནས་བབས་མི་འདྲ་བ་ཁ་ཤས་ཀྱི་སྐད་ཆ་ཡོང་མི་སྲིད་པ་མ་རེད། དཔེ་ན་རང་བཙན་འཐབ་རྩོད་པ་འཇམ་དབྱངས་ནོར་བུས། དེ་སྔོན་གསར་འགྱུར་བརྒྱུད་ལམ་ཐོག་རང་བཙན་གྱི་གནས་བབས་སྐབས་དང་དུས་བསྟུན་གྱི་གནས་བབས་གླེང་དགོས་པ་བཤད་ཡོད་ལ་ཕྱི་ལོ་ཉིས་སྟོང་གསུམ་མམ་བཞི་གང་རུང་ཞིག་གི་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་རེ་གཟའ་ཉི་མའི་གཏམ་གླིང་གི་ལེ་ཚན་ཞིག་ཏུ་རེ་ཞིག་ལྷོ་བྱང་ཀོ་རི་ཡ་བཞིན་ཕྱེད་ཀ་དམར་ཤོག་འོག་དང་ཕྱེད་ཀ་རང་དབང་ཐོག་ཕྱིན་ཀྱང་འགྲིག་པའི་བསམ་ཚུལ་སྟོན་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་འགའ་ཤས་ཐོག་ཚོགས་མི་བསམ་ཡོད་འགའ་ཤས་ནས་རང་བཙན་གྱི་གནས་བབས་ཁ་གསལ་དགོས་སྐོར་ཞུས་ཡོད་ཀྱང་སྐད་ཆ་དེ་ཚོ་སྤྱི་སྤམ་ཞིག་ཏུ་བཞག་ཡོད། འོན་ཀྱང་རང་ངོས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་དར་ཐོག་བོད་ཆོལ་ཁ་གསུམ་གྱི་ས་བབ་ཆ་ཚང་མཚོན་པའི་ས་ཁྲ་དེ་བཞག་ཡོད་པར་བརྟེན་ཁོ་ཚོས་རྩོད་བཞིན་པའི་རང་བཙན་གྱི་གནས་བབས་དེ་ས་ཁྲ་དེ་རང་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་བཞིན་རང་བཙན་འཐབ་རྩོད་པ་ཀླུ་མཁར་བྱམས་སོགས་གཞན་ཚོའི་ཀླད་པའི་ནང་རང་བཙན་གྱི་གནས་བབས་ག་འདྲ་ཡོད་མེད་གསལ་པོ་མེད། རང་བཙན་འཐབ་རྩོད་ཀྱི་མིང་འཛིན་འགའ་ཤས་ནི་དབང་ལྡན་མི་སྣ་འགའ་ཤས་ཀྱི་རྒྱུག་ཁྱི་ཙམ་ལས་ཁོ་ཚོ་རང་ངོས་ལ་རང་ཚུགས་ཐུབ་པའི་བསམ་བློའི་ནུས་པ་གང་ཡག་མེད། ང་ཚོ་བསམ་བློ་དང་སྐད་ཆ་མང་པོ་ཞིག་གི་ཐོག་ནས་མཉམ་འཛོམས་བྱས་པ་དེ་བསམ་བློ་དང་སྐད་ཆ་མང་པོ་ཞིག་གིས་ཁ་གཏོར་གཏོང་ཉེན་ཡོད། དོན་དམ་དུ་ད་ལྟའི་འཆར་རང་བཙན་འཐབ་རྩོད་པ་ཚང་མ་བློ་མཐུན་ཆགས་མེད། །

གསུམ་པ། རྒྱལ་ཡོངས་ལྷན་ཚོགས་ཀྱི་མ་འོངས་པ་གང་ཡིན་ནམ།

ཉེ་ཆར་གྱི་རང་བཙན་ཚོགས་འདུའི་ངོ་བོར་བལྟས་ན་སྤྱི་འཐུས་ལས་ཐོག་པ་བཅུ་ཙམ་ཚོགས་ཞུགས་གནང་ཡོད་པ་སོགས་ལས་རྒྱལ་ཡོངས་ལྷན་ཚོགས་དེ་གྲོས་ཚོགས་ཀྱི་གསོས་ཕྲུག་ཅིག་ཆགས་ཐབས་ལ་རེ་བ་བྱེད་ཀྱི་མེད་དམ་སྙམ། གང་ལྟར་ཡང་བོད་ཀྱི་རྒྱལ་ཡོངས་ལྷན་ཚོགས་ཞེས་པ་དེ་དམིགས་ཡུལ་ལྔའི་ཐོག་ལས་དོན་བསྒྲུབ་ཆེད་དུ་བཙུགས་པ་འགྲེལ་བརྗོད་བྱས་ཡོད། དམིགས་ཡུལ་དང་པོ་གཉིས་ནི་བོད་རང་བཙན་གྱི་རྒྱལ་ཁབ་བདག་དབང་ཆ་ཚང་ཡོད་པ་ཞིག་སླར་གསོ་བྱེད་རྒྱུ་དང་། རང་དབང་ཅན་གྱི་འོས་འདེམས་དང་། ཁྲིམས་ཀྱི་དབང་བསྒྱུར། སྐྱེ་བོ་སྒེར་གྱི་རང་དབང་གི་གཞི་རྩ་བཅས་ལ་བརྟེན་པའི་དམངས་གཙོའི་ལམ་སྲོལ་ཅན་གྱི་གཞུང་ཞིག་བོད་ནང་དུ་འཛུགས་རྒྱུ་ངེས་གཏན་བྱ་རྒྱུ། བཅས་འདི་གཉིས་རེད། རྩ་བའི་དམིགས་ཡུལ་འདི་གཉིས་ནི་སྒྲོམ་གཞི་བླངས་པ་ཙམ་ལས་བོད་རང་བཙན་གྱི་རྒྱལ་ཁབ་ཅེས་པའི་གནས་བབས་ཁ་གསལ་གྱི་ཡིག་ཆ་གང་ཡང་མེད། འབྱུང་འགྱུར་ནང་དམིགས་ཡུལ་འདི་ཚོའི་ཐོག་ཞིབ་གྲོས་གཞི་ནས་འགྲོ་རྒྱུ་རེད། དམིགས་ཡུལ་གསུམ་པ་ནི། རང་དབང་ཅན་གྱི་བོད་ནང་དུ་ཚུལ་མཐུན་དང་ཁྲིམས་མཐུན་གྱིས་བདམས་པའི་བོད་མི་མང་གི་སྲིད་གཞུང་ཞིག་མ་བཙུགས་བར་དུ་བཙན་བྱོལ་བོད་གཞུང་དེ་མུ་མཐུད་གནས་རྒྱུ་དེ་ངེས་གཏན་བྱ་རྒྱུ། ཞེས་པ་འདི་རེད། སྐབས་འདིའི་བཙན་བྱོལ་བོད་གཞུང་ཞེས་པ་དེ་གང་ལ་ངོས་འཛིན་བྱ་དགོས་གསལ་པོ་མེད་པ་ཞིག་རེད་འདུག གང་ཡིན་ཞེ་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཚུར་བཞེས་གནང་བའི་གཞུང་སའི་ཆབ་སྲིད་ཀྱི་སྐུ་དབང་དེ་མང་མོས་འོས་འདེམས་བྱུང་བའི་སྲིད་སྐྱོང་བློ་བཟང་སེང་གེ་ལ་ཕར་འབུལ་ཞུས་ནས་གཞུང་སའི་ལས་དོན་ཐམས་ཅད་ད་ལྟ་གྲ་གྲུ་མ་ཉམས་པར་ཕྲ་ཚུགས་ཡོད་ཀྱང་། གཞོན་ལྷན་ནས་ད་ལྟ་བོད་གཞུང་བསྡུ་གསོག་བརྒྱབ་སོང་། ཞེས་བོད་གཞུང་གི་རྒྱལ་རྟགས་སོགས་གཞོན་ལྷན་ནས་བདག་པོ་རྒྱག་རྒྱུ་ཡིན་སྐོར་བཤད་པ་མ་ཟད། ཨ་རིའི་དུས་དབང་སྐབས་བཙན་བྱོལ་བོད་གཞུང་ཞེས་བྲིས་པའི་སྟོད་གོས་འགྲེམ་སྤེལ་གྱི་ལས་འགུལ་སྤེལ་ཡོད།  དེ་བཞིན་འཇམས་དབྱངས་ནོར་བུ་སོགས་ནས་ཀྱང་བོད་གཞུང་བསྡུ་གསོག་བརྒྱབ་ཟིན་པས་ད་སྒྲིག་འཛུགས་ཤིག་ཆགས་ཟིན་པར་བརྟེན་ནུས་པ་མེད་སྐོར་སོགས་འདྲ་མིན་བཤད་ཡོད། གནས་ཚུལ་འདི་འདྲའི་ཐོག་ནས་བསམ་གཞིག་བྱས་ན་རྒྱལ་ཡོངས་ལྷན་ཚོགས་ཀྱི་དམིགས་ཡུལ་ནང་གསལ་བའི་བཙན་བྱོལ་བོད་གཞུང་ཞེས་པ་དེ་གང་ལ་ངོས་འཛིན་དགོས་མིན་གསལ་པོ་མེད། དམིགས་ཡུལ་བཞི་པ་ནི། བཙན་བྱོལ་བོད་གཞུང་གི་གཡོལ་མེད་འགན་འཁྲི་ནི་བོད་རང་བཙན་འཐབ་རྩོད་ཀྱི་ལས་འགན་ཏེ། འདི་ནི་ཆོད་སེམས་དང་ལྷག་བསམ་གཡོ་བ་མེད་པ་ཞིག་གི་ཐོག་ནས་བསྒྲུབ་རྒྱུ་དེ་ངེས་གཏན་བྱེད་རྒྱུ། ཞེས་པ་འདི་རེད། དམིགས་ཡུལ་བཞི་པས་གསུམ་པ་རྙོག་འཛིང་ཆེ་རུ་བཏང་ཡོད། ད་ཡོད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལང་ཕྱོགས་ནི་འགྱུར་མེད་དུ་གནས་ཡོད། གལ་ཏེ་འབྱུང་འགྱུར་ཚོགས་ཆེན་ཐོག་མང་མོས་ཀྱིས་གཞུང་གི་ཆབ་སྲིད་ལངས་ཕྱོགས་འགྱུར་བ་བཏང་ནས་རང་བཙན་འཐབ་རྩོད་ཐོག་ཕེབས་ན་རྩོད་མེད་དང་། གལ་སྲིད་ཚོགས་ཆེན་ཐོག་མང་མོས་ཀྱིས་ལངས་ཕྱོགས་ལ་འགྱུར་བ་མེད་པར་རང་གནས་བྱུང་ན་དམིགས་ཡུལ་བཞི་བའི་ལྟ་བ་འཛིན་མཁན་གྱི་བཙན་བྱོལ་གཞུང་དེ་རྒྱལ་ཡོངས་ལྷན་ཚོགས་ཞེས་པར་གོ་དགོས་སམ། ཡང་ན་རྒྱལ་ཡོངས་ལྷན་ཚོགས་དེས་གཞུང་གསར་པ་འཛུགས་རྒྱུ་ཡིན། དེ་ལྟར་ན་གཞུང་དེ་ད་ལྟའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁ་གཏད་ཚོགས་པ་ཞིག་ཏུ་འགྱུར་སྲིད་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་དུམ་བུར་གཏོང་སྲིད་པས་དེ་རྒྱལ་ཡོངགས་ལྷན་ཚོགས་ཀྱི་དམིགས་ཡུལ་མིན་པའི་རེ་བ་ཡོད། དམིགས་ཡུལ་ལྔ་པ་ནི་བོད་ཀྱི་ཆོས་རིག་སྲུང་སྐྱོབ་སྐོར་ཡིན་པས་དམིགས་བསལ་ཞུ་དགོས་གང་ཡང་མི་འདུག གོང་བརྗོད་ཕྲན་གྱི་བསམ་ཚུལ་ཐད་འབྲེལ་ཡོད་མང་པོས་འགྲིག་མིན་བསམ་འཆར་ཡོད་ངེས་པས་དགོངས་འཆར་ལྷུག་པོ་གནང་རོགས་གནང་། །

ད་ནི་གུས་པས་གསལ་བཤད་བྱ་དགོས་པ་འགའ་ཤས་འདུག་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་སྐུ་དུས་དང་འབྲེལ་བའི་ལོ་རྒྱུས་ཚང་མ་བཙན་བྱོལ་སྤྱི་ཚོགས་ནང་གི་རྒྱལ་རབས་སྨྲ་བའི་དབང་ཕྱུག་གཅིག་པུ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་བརྩམས་པའི་སྲིད་དོན་རྒྱལ་རབས་ལས་དྲངས་པ་ཡིན། རང་བཙན་ཚོགས་འདུ་དང་རྒྱལ་ཡོངས་ལྷན་ཚོགས་སྐོར་གྱི་གནས་ཚུལ་རྣམས་བོད་ཀྱི་དུས་བབས་གསར་ཤོག་ལས་དྲངས་པ་ཡིན་པས་དེ་དོན་དགོངས་འཇགས་ཞུ།

ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༣ ཉིན་བྲིས།

 

འབྲེལ་ཡོད་གསར་འགྱུར།

Advertisement for App

སླེབས་ལ་ཉེ་བའི་དཔེ་དེབ་གསར་པ། གསེར་ཐང་མཆན་སྦྱར་མ།

ཆུ་ཚོད་ ༢༠ སྔོན་ལ།
བོད་མི་གཉིས་ཀྱིས་ཧྥ་རན་སིའི་ནང་ཞི་བའི་གོམ་བགྲོད་བྱེད་བཞིན་འདུག པར་འབྲེལ་ཡོད་ནས་འདི་གའི་གསར་ཁང་ལ་མཁོ་སྤྲོད་གནང་། ༢༠༢༥།༥།༣༠
Mobile App

བོད་མི་གཉིས་ཀྱིས་ཧྥ་རན་སིའི་ནང་ཞི་བའི་གོམ་བགྲོད་བྱེད་བཞིན་འདུག

༢༠༢༥/༠༥/༣༠
Tibetan Children at China’s Colonial Boarding School in Nagchu area, Tibet
Mobile App

རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་བྱེད་པའི་ནང་དོན་ཅན་ཡོད་མེད་ཞིབ་བཤེར་གཏན་འགོག་བྱ་རྒྱུ་ཡིན་འདུག

༢༠༢༥/༠༥/༢༩
རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་པར། ༢༠༢༥།༥།༢༩
Mobile App

བལ་ཡུལ་ནང་རྒྱ་གཞུང་གི་དྲིལ་བསྒྲགས་གློག་བརྙན་སྟོན་རྒྱུ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༢༩
U.S. Secretary of State Marco Rubio testifies at a House Foreign Affairs Committee hearing on U.S. President Donald Trump's State Department budget request for the Department of State, on Capitol Hill in Washington, D.C., U.S., May 21, 2025. REUTERS/Elizabeth Frantz/File Photo  Purchase licensing Right
Mobile App

ཨ་རིས་རྒྱ་རིགས་སློབ་མ་རྣམས་ཀྱི་ཐོངས་མཆན་ཕྱིར་བསྡུ་བྱ་རྒྱུ་ཡིན་འདུག

༢༠༢༥/༠༥/༢༩
ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་ཞེས་པའི་ཉམས་ཞིབ་སྙན་ཐོ་འདོན་སྤེལ་དང་བགྲོ་གླེང་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༨
Mobile App

བོད་ནང་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོའི་ལས་གཞི་ཞེས་པའི་ཉམས་ཞིབ་སྙན་ཐོ་འདོན་སྤེལ་དང་བགྲོ་གླེང་འཚོགས།

༢༠༢༥/༠༥/༢༨

མཆན། 7

  1. ཕུན་ཚོགས ། says:
    ལོ་ 13 སྔོན།

    གྲོགས་རས་པའི་རྩོམ་ཡིག་པོ་ཞིག་འདུག་ཟེར་བ་དང་དེ་ལ་དཔྱད་བརྗོད་རྩོམ་ཡིག་ཅིག་ངོ་སྤྲོད་བྱས་པ་བཞིན། དེ་རིང་གཞི་ནས་རྩོམ་ཡིག་འདི་ལ་ལྷོད་ལྷོད་ཅིག་བལྟས་པ་ཡིན། རྩོམ་ཡིག་འདིའི་དབྱེ་ཞིབ་བྱེད་སྟངས་ལས་བློ་བསྐྱེད་ཆེན་པོ་ཐོབ། ངོ་མ་ཡག་བྱུང་།

    Reply
  2. རས་པ། says:
    ལོ་ 13 སྔོན།

    འདི་ནི་རྩོམ་ཡིག་འདིའི་ཐད་ཀྱི་བསམ་ཚུལ་རྩོམ་ཡིག་ཅིག་གི་འབྲེལ་ཐག་ཡིན། https://tibettimes.net/wordpress/blogs.php?id=138&post_id=21894

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ངས་མ་འོངས་བོད་ཀྱི་ཕུག་རྒྱང་རིང་པོར་བསམས་ན། ཡང་ན་བོད་རྒྱ་གར་དང་མཉམ་གནས་དགོས་པ་དང་། ཡང་ན་རྒྱ་ནག་མཉམ་དུ་སྡོད་དགོས་རྒྱུ་གཉིས་ལྷག་པའི་ཕན་ཐོགས་ཆེ་བ་ཞིག་མི་མཐོང་བས་རེད། དེ་ཡིན་ཙང་། རང་བཙན་མ་རྩོད། དབུས་ལམ་རྩོད་ཅེས་ལབ་བགྱིན་ཡོད་ལགས།

    Reply
  4. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    རྐརྨ་རྡོ་རྗེ་ལགས།
    དབུས་ལམ་དུ་རྒྱུགས་དྲག་ནས་དབུགས་ཀྱང་ཧད་གྲབས་བྱེད་བཞིན་པ་མ་རེད་པས? ད་དུང་ལོ་ངོ་ཇི་ཙམ་རྒྱུགས་དགོས་པ་རེད།

    དེ་ནས་མི་ལ་ལས་ཁ་ནས་རང་བཙན་ཐོན་མ་ཐག་རྒྱ་རོ་གུང་ཁྲན་ནང་བཞིན་ལམ་སེང་རྒོལ་རྡུང་གཏོང་རྐྱང་དང་རང་བཙན་ལྟ་གྲུབ་པ་ཚོ་༧རྒྱལ་བ་རིན་པོ་ཆེའི་དགྲ་ཟླར་འཛིན་པའི་འདུ་ཤེས་ཡ་མ་བརླ་འདི་བོད་མི་རིགས་ལ་ཤ་ཚ་ཨེ་རེད། ༧རྒྱལ་བ་རིན་པོ་ཆེར་ཤ་ཚ་ཨེ་རེད། ཡང་ན་གུང་ཁྲན་ཏང་ལ་ཤ་ཚ་བ་མ་རེད་པས། འདི་རིགས་ནི་ཕག་པའི་མིག་རྒྱང་གི་བལྟ་བའི་གནས་སྐབས་རང་ཉིད་ཀྱི་ལྟོ་འཕོར་དང་འབྲེལ་ཡོད་པ་གསལ་པོ་རེད།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    རང་བཙན་མ་རྩོད། དབུས་ལམ་རྒྱུགས།

    Reply
  6. མི་ཆུང་། says:
    ལོ་ 13 སྔོན།

    སྐད་ཆ་ལ་རྒྱུ་མཚན་འདུག སྤྱིར་ནས་ང་ཚོས་རང་བཙན་རྩོད་ན། བོད་བཙན་པའི་སྐབས་ཀྱི་ས་ཆའི་བདག་དབང་ཡོངས་སུ་རྩོད་རྒྱུ་ཡིན་ནམ། ཡང་ན་སོག་པའི་དབང་བསྒྱུར་རྗེས་ཀྱི་ས་ཆའི་བདག་དབང་རྩོད་རྒྱུ་ཡིན། དེ་མིན་རྒྱལ་དབང་པའི་སྐབས་ཀྱི་བདག་དབང་། གཞན་ཡང་རྒྱལ་དབང་བཅུ་གསུམ་པའི་སྐབས་ཀྱི་མེག་མ་ཝོན་གྱི་ས་ཐིག་གཞིར་འཇོག་རྒྱུ། འདི་དག་རྣམས་བོད་ཀྱི་རང་བཙན་གྱི་གནས་བབས་འདྲ་མིན་རྐྱང་ཡིན། བདག་དབང་གི་ས་ཆའི་རྒྱ་ཁྱོན་ཡང་ཧ་ཅང་ཆེན་པོ་ཡོད།

    གལ་སྲིད་བོད་ཁམས་ཀྱི་ས་ཆ་ཡོངས་སུ་རྫོགས་པར་འདོད་ན། ཟར་ཟུར་གྱི་ཆིངས་དོན་རྣམས་སྐབས་འདིར་རྩོད་པ་ལས་མ་རྩོད་པར་དགའ་སྙམ། རྒྱུ་མཚན་ནི་ཆིངས་དོན་དེ་དག་རྒྱ་བོད་མཉམ་གྲོས་ཀྱིས་བཞག་པ་རྣམས་རེད།

    དེང་ང་ཚོའི་སྤྱི་ཚོགས་ནང་གཡམ་རྒྱུགས་མཁན་དང་རང་བཙན་ཁ་རུ་ཁྱེར་ཏེ་འཚོ་ཐབས་དོན་གཉེར་བ་མང་བས། ཚང་མས་མནོ་བསམ་ཞིབ་ཏུ་གཏོང་རྒྱུ་གལ་ཆེ།

    Reply
  7. ཤར་ཕྱོགས་རྒྱལ་སྲས། says:
    ལོ་ 13 སྔོན།

    དོགས་པ་འདི་ནི་མི་ཚང་མར་ཡོད་པའི་དོགས་པ་ཞིག་ཡིན་ལ། མདོར་དེད་ན་དོགས་གཞི་འདི་འདྲ་བསྐྲུན་མཁན་རྣམས་གྱིས་༧གོང་ས་སྐྱབས་མགོན་ཆེན་པོའི་དབུ་མའི་ལམ་གྱི་ཟབ་ཅིང་རྒྱ་ཆེའི་ནང་དོན་ལ་ཟུར་ཟ་བྱེད་པ་ནི་གསལ་བོ་རེད།
    གསལ་བོར་ཞུས་ན། འཇམ་དབྱངས་ནོར་བུ་དང་ཀརྨ་རྒྱ་མཚོ་གཉིས་ཀྱིས་རེ་གཟའ་ཉི་མའི་གཏམ་གླེང་དུ། ཐ་ན་༧གོང་ས་མཆོག་བཙོན་ཁང་ཚུན་ཆད་འགྲིམས་དགོས་པའི་ཟུར་ཟ་བྱས་ཡོད། ངས་ད་ལྟའི་བཙན་བྱོལ་ནང་གི་སྒྲོམ་གཞི་དང་དབང་འཛིན་གྱི་ཤེད་ཤུགས་ཆགས་སྟངས་ལ་བལྟས་ནའང། ཕྱོགས་གཅིག་ནས་ཆིག་སྒྲིལ་དང། ཕྱོགས་གཞན་ཞིག་ནས་རང་མགོ་རང་ཐོན་གྱིས་ཆོལ་ཁ་སོ་སོར་འགྲོ་ཆོག་ཆོག་གི་ལམ་བུ་ཞིག་བཟོས་དང་བཟོ་བཞིན་པ་ནི་མཐོང་ཐུབ་པ་ཞིག་རེད།
    གཉིས་ནས། མདོ་ཁམས་སྟོད་སྨད་གཉིས་ཀྱི་ངོས་ནས་བཤད་ན། ཕལ་ཆེར་བོད་ཀྱི་རྩ་དོན་སྲི་ཞུར་ཞུགས་དགོས་དོན་གཙོ་བོ་རྒྱལ་བ་པཎ་ཆེན་ལ་དད་དམ་དང་འབྲེལ་བ་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད། ང་ཚོའི་སྤྱི་ཚོགས་ནང་གི་བསམ་མེད་དང་རྒྱུགས་ཁྱི་རེ་ཤོས་ཀྱིས་ཤེས་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཉེས་འགལ་བྱེད་པའང། མདོར་དེད་ན་ཆོལ་གསུམ་ཆིག་སྒྲིལ་གྱི་གཞི་རྩ་འཐོར་བྱེད་ཅིག་ཡིན་པ་མངོན་གསལ་དུ་འགྲོ་བཞིན་ཡོད། ང་ཚོ་བོད་མི་གཟུར་གནས་སུ་ཡིན་ནའང། ཐག་བཅད་ནས་བཤད་ཆོག་པ་ཞིག་ནི་ཆོལ་གསུམ་ཆིག་སྒྲིལ་མ་བྱུང་བར་གནས་པ་ཡིན་ན། སུ་ལ་ཁེ་ཕན་ཡོད་མེད་དང་སུའི་རང་མི་རིགས་ཀྱི་ངོ་བོ་བརྒྱུད་འཛིན་ཐུབ་མིན། ཐ་ན་སུས་ངོ་ཚ་ཁྲེལ་ཡོད་ཀྱི་ལ་རྒྱ་དང་གཤིས་ཀ་རྒྱུན་འཁྱོངས་ཐུབ་མིན་ད་ལྟའི་ཆར་མངོན་གསལ་ཇེ་དོད་དུ་འགྲོ་བཞིན་ཡོད་པ་རེད། ངའི་གྲོགས་པོ་བོད་དོན་རྒྱབ་སྐྱོར་པ་ཞིག་གིས། གལ་སྲིད་བོད་མི་རིགས་ཤི་དགོས་ཐུག་ནའང། ཚེ་ཐག་རིང་ཤོས་དེ་ཁམས་པ་དང། དེ་ལས་ཀྱང་ཚེ་ཐག་རིང་ཤོས་དེ་ཨ་མདོ་ཡིན་པ་ཐེ་ཚོམ་མི་འདུག་ཅེས་གསུངས་ཀི་རེད། དེ་ལ་རྒྱུ་མཚན་མེད་པ་ཁྱོན་ནས་མ་རེད།
    དེས་ན། རང་བཙན་ཁ་ལ་ཁྱེར་མཁན་གྱི་ཀུན་སློང་དང་དམིགས་ཡུལ་འཁྱོག་ལམ་དུ་ཤོར་བའི་བོད་མི་རེ་ཤོས་ཀྱི་གཡོ་བྱུས་འོག་བོད་མི་མིག་གཅིག་ཅན་རེ་འགས་རུབ་རུབ་བྱས། དེས་སྤྱི་ཚོགས་ལ་བརྡབ་གསིག་བཟོས་ན་དངོས་གནས་བློ་ཕམ་ཆེན་པོ་རེད། དེ་ལས་ཚང་མས་དབུ་མའི་ལམ་གྱི་དགོངས་དོན་འདིར་འཐབ་རྩོད་བྱས་ན། འདི་ལས་མཆོག་ཏུ་གྱུར་བ་ཞིག་སུས་རྙེད་ཐུབ་བམ། མ་གཞི་ནས་ང་ཚོ་བོད་འདི་མགོར་སྡུག་མ་ཡོང་ན་དངོས་ཡོད་ངོས་མི་ཟིན་མཁན་ཞིག་ཡོད་ཚོད་འདུག་པས། བསམ་བློ་གཏོང་ཕྱོགས་འདིའི་རིགས་མང་ཆེ་བ་ད་དུང་ནག་ཁུང་རང་ཡིན་པར་བསམས་ན་དེ་བས་ཀྱང་ཞེ་སྨྲང་བ་ལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese