མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་མ་ཉུང་དུ་ཕྱིན་ན་ང་ཚོས་སྤུས་ཀར་ཤུཊ་རྒྱག་ཆོག་གི་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༨/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཉེ་བའི་ལོ་འགའི་རིང་བོད་ནས་གསར་དུ་འབྱོར་བའི་བྱིས་པ་ཉུང་དུ་ཕྱིན་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་ཡང་ཕྲུ་གུ་སྐྱེ་ཚད་ཉུང་དུ་ཕྱིན་ཏེ། དགོན་སྡེ་དང་སློབ་གྲྭ་ཁག་མང་པོ་ཞིག་ཏུ་གྲྭ་རྒྱུན་དང་སློབ་ཕྲུག་ཉུང་དུ་འགྲོ་བཞིན་ཡོད་པའི་ཐད། སྤྱི་ཚོགས་ནང་ལྟ་ཚུལ་སྣ་ཚོགས་ཤིག་ཡོང་གི་ཡོད་སྟབས། འདི་གའི་གསར་འགོད་པ་ཆེད་དུ་བཞུགས་སྒར་ཉེ་འཁྲིས་ཀྱི་སློབ་གྲྭ་ཁག་ཅིག་ནང་ཕྱིན་སྟེ། སློབ་མའི་གྲངས་འབོར་དང་ཡོངས་ཁུངས་སོགས་རྒྱུས་ལོན་བྱས་ཡོད། 

    ཉེ་ཆར་གསར་འགོད་པ་ཆེད་དུ་སུ་ཇཱ་བོད་ཁྱིམ་དང་ཅོན་ཏཱ་ར་བོད་ཁྱིམ་དུ་ཕྱིན་སྟེ་རྒྱུས་ལོན་བྱས་པ་ལྟར་ན། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ནང་ད་ལྟའི་ཆར་སློབ་མ་བུ་ ༨༥༧ དང་བུ་མོ་ ༧༠༠ བཅས་ཁྱོན་བསྡོམས་སློབ་མ་ ༡༥༥༧ དང་། དགེ་ལས་ ༡༧༦ ཙམ་ཡོད་འདུག སློབ་གྲྭ་འདིར་ཕྱི་ལོ་ ༢༠༠༥ ནས་ ༢༠༠༦ ལོའི་བར་སློབ་མ་ ༢༣༠༠ དང་། ༢༠༠༧ ལོར་སློབ་མ་ ༢༠༠༠ ཙམ་ཡོད་འདུག ༢༠༠༨ ལོ་ནས་བཟུང་བོད་ནས་ཡོང་མཁན་ཉུང་དུ་ཕྱིན་ཏེ། ༢༠༡༡ ལོར་བོད་ནས་གསར་དུ་ཕེབས་མཁན་ ༥༠ དང་། ཕྱིར་བོད་དུ་ལོག་རྒྱུའི་མིང་ཐོག་ནས་རྩ་དགོངས་ཞུ་མཁན་ ༢༩ བྱུང་ཡོད་འདུག ༢༠༡༢ ལོའི་ཟླ་ ༡ ནས་ ༧ བར་བོད་ནས་ཡོང་མཁན་ ༥༨ དང་། ཕྱིར་བོད་དུ་ལོག་མཁན་ ༢༢ བཅས་བྱུང་ཡོད་འདུག ༢༠༡༡ ལོར་སློབ་གྲྭ་ཆུང་བའི་ནང་མཐར་ཕྱིན་མ་ཡིན་པར་རྩ་དགོངས་ཞུ་མཁན་བུ་ ༡༡ དང་བུ་མོ་ ༡༣ ཁྱོན་ ༢༤ དང་། སློབ་གྲྭ་རྒན་པའི་ནང་བུ་ ༢༨ དང་། བུ་མོ་ ༤༥ བཅས་ཁྱོན་ ༧༣ བྱུང་ཡོད་འདུག ༢༠༡༢ ལོའི་ཕྱི་ཟླ་ ༣ པ་ནས་ད་ལྟའི་བར་རང་འགུལ་གྱིས་རྩ་དགོངས་ཞུ་མཁན་བུ་ ༣༦ དང་བུ་མོ་ ༣༥ ཁྱོན་ ༧༡ བྱུང་ཡོད་འདུག ད་ཆར་སུ་ཇ་སློབ་གྲྭའི་སློབ་མའི་ཡོང་ཁུངས་ཁག་ནི། བོད་ནས་ཡོང་བ་གཙོ་བོར་གྱུར་བའི་ ༢༠༡༡ ལོ་ནས་སློབ་གྲྭ་ཆུང་བའི་ནང་ཧི་མ་ལ་ཡའི་རི་རྒྱུད་དང་བལ་བོད་མཐའ་མཚམས་ཁུལ་ནས་སློབ་མ་ ༢༠༠ མ་ཟིན་ཙམ་ཞིག་ཡོད་པ་དང་། དེ་དག་ཁྲོད་ཉམས་ཐག་གི་རིགས་ལས་གཞན་དག་བོད་ཁྱིམ་སློབ་འཇུག་སྡེ་ཚན་བརྒྱུད་སློབ་མ་རེར་ཟླ་གཅིག་གི་སློབ་ཡོན་ཧིན་སྒོར་ ༢༡༠༠ ལེན་བཞིན་ཡོད་པ་དང་། སློབ་ཡོན་རང་ངོས་ནས་སྤྲད་དེ་གོ་སྐབས་གཉིས་པ་ལེན་མཁན་གྱི་སློབ་ཕྲུག་ ༣ བཅས་ཡོད་འདུག  

    ཅོན་ཏཱ་ར་བོད་ཁྱིམ་དུ་ཕྱིན་ཏེ་རྒྱུས་ལོན་བྱས་པ་ལྟར་ན། ཅོན་ཏཱ་ར་བོད་ཁྱིམ་སློབ་གྲྭར་ད་ལྟའི་ཆར་སློབ་ཕྲུག་བུ་ ༥༠༠ དང་བུ་མོ་ ༤༡༧ བཅས་ཁྱོན་བསྡོམས་སློབ་མ་ ༩༡༧ དང་། དགེ་རྒན་དང་ལས་བྱེད་ ༩༨ བཅས་ཡོད་འདུག སློབ་གྲྭ་འདིའི་ད་ལྟའི་སློབ་མ་དག་ནི་བོད་ནས་ཕེབས་པ་ ༧༨ དང་། རྒྱ་གར་དང་བལ་ཡུལ་ནས་ཕེབས་པའི་སློབ་མ་ ༢༩༧ ། ཧི་མ་ལ་ཡའི་རི་རྒྱུད་དང་བོད་པ་མ་ཡིན་པའི་སློབ་མ་ ༢༦༡། སློབ་ཡོན་རང་ངོས་ནས་སྤྲོད་མཁན་སློབ་མ་ ༢༣༦ ། དགེ་ལས་ཀྱི་ཕྲུ་གུ་ ༤༤། ཉིན་སློབ་ཀྱི་སློབ་མ་ ༡ བཅས་ཀྱིས་གྲུབ་ཡོད་འདུག ༢༠༡༡ ལོར་མཐར་ཕྱིན་མ་ཡིན་པར་རང་འགུལ་གྱིས་རྩ་དགོངས་ཞུ་མཁན་ ༡༤ དང་། ༢༠༡༢ ལོའི་ཕྱི་ཟླ་ ༡ ནས་ ༧ པའི་བར་མཐར་ཕྱིན་མ་ཡིན་པར་རང་འགུལ་གྱིས་རྩ་དགོངས་ཞུ་མཁན་ ༡༢ བྱུང་འདུག་པ་དང་། ༢༠༠༩ ལོ་ནས་ད་ལྟའི་བར་དགེ་རྒན་ ༤ རྩ་དགོངས་ཞུས་ཡོད་འདུག ད་ལོར་སློབ་མ་ ༡༢༤ སློབ་འཇུག་བྱས་ཡོད་པ་དག་ནི་བོད་རིགས་ ༧༨ དང་། དགེ་ལས་ཀྱི་ཕྲུ་གུ་ ༦ ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་མ་ ༤༠ བཅས་ཡིན་འདུག སློབ་གྲྭ་འདིར་ ༢༠༠༤ ལོ་ནས་ ༢༠༠༥ ལོའི་བར་བོད་ནས་ཕེབས་མཁན་ ༣༥༠ ནས་ ༤༠༠ མ་ཟིན་ཙམ་འབྱོར་ཡོད་ཀྱང་། དེའི་རྗེས་ནས་ལོ་རེར་བོད་ནས་སློབ་མ་ ༩ ནས་ ༡༠ མ་གཏོགས་འབྱོར་མི་འདུག དབུས་སྤྱི་ཁྱབ་ཡིག་ཚང་གི་བཀོད་ཁྱབ་ལྟར། ༢༠༠༩ ལོར་ནས་བཟུང་བོད་ནས་ཡོང་བའི་སློབ་མ་གཅིག་ཀྱང་སློབ་འཇུག་བྱས་མེད་པ་དང་། འཛིན་རིམ་བཞི་བ་དང་ལྔ་བའི་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་ནས་ཡོང་བའི་སློབ་མ་དག་ཀྱང་སུ་ཇཱ་སློབ་གྲྭར་བཏང་ཡོད་འདུག ད་ལྟའི་ཆར་འཛིན་རིམ་བརྒྱད་པ་ནས་བཅུ་བའི་བར་གྱི་འཛིན་གྲྭ་ཁག་ཏུ་བོད་ནས་ཡོང་མཁན་རེ་ཟུང་ཡོད་པ་ལས། སློབ་མའི་ཡོངས་ཁུངས་གཙོ་བོ་སྦིར་སྡེ་དགེ་གཞིས་ཆགས་དང་། ཅོན་ཏཱ་ར་ནང་ཆེན་གཞིས་ཆགས། བཀྲ་ཤིས་ལྗོངས། མུ་ན་ལེ། མན་ཊེ། སུན་ཊར་ནཱ་ཀར་བཅས་དང་། གཏན་སློབ་ཁག་ནས་ཕྱིར་འཐོན་མཁན། ཧི་མ་ལ་ཡའི་རི་རྒྱུད་དང་བལ་བོད་མཐའ་མཚམས་བཅས་ཡིན་འདུག

    གསར་འགོད་པ་ཆེད་དུ་བཞུགས་སྒར་ཉེ་འཁྲིས་ཤེས་རབ་དགའ་ཚལ་སློབ་གླིང་དུ་ ཕྱིན་སྟེ་རྒྱུས་ལོན་བྱས་པར། ཤེས་རབ་དགའ་ཚལ་སློབ་གླིང་དུ་ད་ལྟའི་ཆར་བུ་ ༢༠༠ དང་བུ་མོ་ ༡༣༧ བཅས་ཁྱོན་སློབ་མ་ ༣༣༧ དང་། དགེ་ལས་ ༥༤ ཙམ་ཡོད་འདུག སློབ་གྲྭ་འདིར་ཕྱི་ལོ་ ༢༠༠༠ ནས་ ༢༠༠༦ ལོའི་བར་ལོ་རེར་བོད་ནས་ཆ་སྙོམས་སློབ་མ་ ༥༠༠ ཡས་མས་དང་། ༢༠༠༧ ལོར་སློབ་མ་ ༨༠༠ བཅས་བསླེབས་ཡོད་འདུག་ཀྱང་། ༢༠༠༨ ལོ་ནས་བཟུང་ཉུང་དུ་ཕྱིན་ཏེ། ༢༠༡༡ ལོར་སློབ་མ་ ༡༢༠ དང་། ༢༠༡༢ ལོའི་ ཕྱི་ཟླ་ ༡ ནས་ ༧ པའི་བར་སློབ་མ་ ༡༡༠ ཙམ་ལས་འབྱོར་མི་འདུག ༢༠༡༡ ལོར་མཐར་ཕྱིན་མ་ཡིན་པར་རང་འགུལ་གྱིས་རྩ་དགོངས་ཞུ་མཁན་ ༡༦༡ དང་། ༢༠༡༢ ལོའི་ཕྱི་ཟླ་ ༡ ནས་ ༧ པའི་བར་མཐར་ཕྱིན་མ་ཡིན་པར་རང་འགུལ་གྱིས་རྩ་དགོངས་ཞུ་མཁན་ ༩༣ ཙམ་བྱུང་འདུག ད་ལྟའི་ཆར་སློབ་མའི་ཡོངས་ཁུངས་གཙོ་བོ་བོད་ནས་འབྱོར་བ་ཡིན་ཞིང་། གདན་ས་ཁག་ཏུ་གཟུགས་པོའི་འཕྲོད་བསྟེན་གྱི་དཀའ་ངལ་དང་། སློབ་གྲྭ་གཞན་ནས་རྩ་དགོངས་ཞུས་ཏེ་བསྐྱར་དུ་གོ་སྐབས་གཉིས་པ་ལེན་མཁན་བཅས་ སློབ་ཕྲུག་ ༤ བདེ་སྲུང་ལས་ཁུངས་ཀྱི་ངོ་སྦྱོར་འོག་འཛུལ་ཞུགས་བྱས་ཡོད་འདུག

   གསར་འགོད་པས་ཁ་པར་བརྒྱུད་གྷོ་པ་པུར་བོད་ཁྱིམ་དང་ངྷ་ཤོད་བོད་ཁྱིམ་བཅས་སུ་རྒྱུས་ལོན་བྱས་པ་ལྟར་ན། གྷོ་པ་པུར་བོད་ཁྱིམ་སློབ་གྲྭར་ད་ལྟའི་ཆར་བུ་ ༥༥༨ དང་བུ་མོ་ ༧༠༧ བཅས་ཁྱོན་སློབ་མ་ ༡༢༦༥ དང་། དགེ་ལས་ ༡༥༠ ཙམ་ཡོད་འདུག ༢༠༠༣ ལོ་ནས་ ༢༠༠༦ ལོའི་བར་ལོ་རེར་བོད་ནས་ཡོང་མཁན་ ༡༢༠ ཡས་མས་ཡོད་པ་དང་། ༢༠༠༧ ལོར་བོད་ནས་སློབ་མ་ ༨༧ ཡོང་ཡོད་འདུག ༢༠༠༨ ལོའི་རྗེས་སུ་བོད་ནས་ཡོང་མཁན་ཉུང་དུ་ཕྱིན་ཏེ། ཕྱི་ལོ་ ༢༠༡༡ ལོར་བོད་ནས་ཡོང་མཁན་ ༡༨ དང་། ༢༠༡༢ ལོའི་ཕྱི་ཟླ་ ༡ ནས་ ༧ པའི་བར་བོད་ནས་ཡོང་མཁན་ ༡༠ བཅས་ཡིན་འདུག ༢༠༡༡ ལོར་མཐར་ཕྱིན་མ་ཡིན་པའི་རྩ་དགོངས་ཞུ་མཁན་ ༡༣༠ དང་། ༢༠༡༢ ལོའི་ཕྱི་ཟླ་ ༡ ནས་ ༧ པའི་བར་རྩ་དགོངས་ཞུ་མཁན་ ༤༠ བྱུང་འདུག སློབ་གྲྭ་འདིའི་སློབ་མའི་ཡོངས་ཁུངས་གཙོ་བོ། བོད་ནས་ཡོང་མཁན་དང་། སུ་ཇཱ་བོད་ཁྱིམ་དང་སློབ་གྲྭ་གཞན་དག་ནས་འཛིན་རིམ་བཅུ་གཅིག་བཅུ་གཉིས་ཀྱི་སློབ་མ། སློབ་གྲྭའི་དགེ་ལས་དང་གཞུང་ཞབས་ལས་བྱེད་ཀྱི་ཕྲུ་གུ སློབ་ཡོན་སྤྲོད་མཁན། གཞན། ཧི་མ་ལ་ཡའི་རི་རྒྱུད་དང་བལ་བོད་མཐའ་མཚམས་བཅས་ཀྱི་སློབ་མ་ཡིན་འདུག ༢༠༡༢ ལོར་ཧི་མ་ལ་ཡའི་རི་རྒྱུད་དང་བལ་བོད་མཐའ་མཚམས། བོད་ནས་ཡོང་མཁན་གྱི་སློབ་མ་དང་། སློབ་ཡོན་སྤྲོད་བཞིན་པའི་སློབ་མ་བཅས་སློབ་ཕྲུག་ ༡༠༠ ལྷག་སློབ་འཇུག་བྱས་ཡོད་འདུག

    ངྷ་ཤོད་སློབ་གྲྭའི་ནང་ད་ཆར་བུ་ ༣༥༢ དང་བུ་མོ་ ༣༢༦ བཅས་ཁྱོན་སློབ་མ་ ༦༧༨ དང་། དགེ་ལས་ ༩༥ ཙམ་ཡོད་འདུག ༢༠༠༦ ལོ་ནས་བཟུང་བོད་ནས་ཡོང་མཁན་ཉུང་དུ་ཕྱིན་པ་དང་། བོད་ཁྱིམ་གྱིས་བོད་ནས་ཡོང་མཁན་ཚང་མ་སློབ་གྲྭ་གཅིག་ཏུ་འཇོག་རྒྱུའི་གཏན་འབེབས་བྱུང་བ་ལྟར། བོད་ནས་ཡོང་མཁན་གྱི་སློབ་མ་ཚང་མ་སུ་ཇཱ་དང་གྷོ་པ་པུར་ལ་བཏང་ཡོད་ཅིང་། སྐབས་དེ་ནས་བཟུང་ངྷ་ཤོད་སློབ་གྲྭ་བོད་ནས་ཡོང་མཁན་སློབ་མ་ཐད་ཀར་བསྡུ་བའི་ལས་གཞི་དེ་སྒོ་བརྒྱབ་ཡོད་འདུག ༢༠༡༡ ལོར་མཐར་ཕྱིན་མ་ཡིན་པའི་རྩ་དགོངས་ཞུ་མཁན་ ༨ བྱུང་འདུག ད་ལྟའི་ཆར་ངྷ་ཤོད་བོད་ཁྱིམ་སློབ་གྲྭའི་སློབ་མའི་ཡོངས་ཁུངས་གཙོ་བོ། ངྷ་སའི་ཉེ་འཁོར་ནོར་གླིང་དང་སྨན་རྩིས་ཁང་། ལྡི་ལི། རྡེ་ར་རྡིན་བཅས་ས་གནས་ཁག་ནས་ཡོང་གི་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༩ ལོ་ཡས་མས་ནས་ཡིག་ཚད་བརྒྱུད་བོད་པའི་གཞིས་ཆགས་ཁག་གི་ཉམ་ཐག་སློབ་མ་ ༥༦ དང་། ཧི་མ་ལ་ཡའི་རི་རྒྱུད་དང་བོད་རིགས་མ་ཡིན་པའི་སློབ་མ་ ༤༡ ལྷག་བསྡུས་ཡོད་འདུག་ལ། དེ་དག་ཁྲོད་ཉམ་ཐག་ལས་གཞན་མང་ཆེ་བ་སློབ་འཇུག་སྡེ་ཚན་བརྒྱུད་དེ་སློབ་འཇུག་བྱེད་ཀྱི་ཡོད་འདུག  

    ཕྱི་ཚེས་ ༡༦ ཉིན་གསར་འགོད་པ་ངྷ་སྟེང་བོད་ཁྱིམ་དུ་ཕྱིན་ཏེ་རྒྱུས་ལོན་བྱས་པ་ལྟར་ན། ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ནང་ད་ལྟའི་ཆར་བུ་ ༡༠༢༥ དང་བུ་མོ་ ༩༠༠ ཁྱོན་སློབ་མ་ ༡༩༢༥ དང་། དགེ་ལས་ ༢༧༡ བཅས་ཡོད་འདུག སློབ་གྲྭ་འདིར་ ༢༠༠༧ ལོའི་བར་དུ་ལོ་རེར་བོད་ནས་སློབ་མ་ ༧༠༠ ནས་ ༨༠༠ བར་སློབ་འཇུག་བྱས་ཡོད་ཀྱང་། ༢༠༠༨ ལོ་ནས་ཇེ་ཉུང་དུ་ཕྱིན་ཏེ། ༢༠༡༡ ལོར་བོད་ནས་འབྱོར་མཁན་ ༡༡ དང་། ༢༠༡༢ ལོར་བོད་ནས་འབྱོར་མཁན་ ༡༢ ཙམ་ལས་བྱུང་མི་འདུག ༢༠༡༡ ལོར་མཐར་ཕྱིན་མ་ཡིན་པར་རང་འགུལ་གྱིས་རྩ་དགོངས་ཞུ་མཁན་སློབ་མ་ ༡༠༡ དང་། ༢༠༡༢ ལོའི་ཕྱི་ཟླ་ ༡ ནས་ ༧ པའི་བར་མཐར་ཕྱིན་མ་ཡིན་པར་རང་འགུལ་གྱིས་རྩ་དགོས་ཞུ་མཁན་སློབ་མ་ ༦༤ བྱུང་འདུག འདི་ལོར་སུ་ཇཱ་དང་གྷོ་པ་པུར་ནས་འཛིན་རིམ་བཅུ་གཅིག་བཅུ་གཉིས་ཀྱི་སློབ་མ་དང་བོད་ནས་འབྱོར་བ་ཁྱོན་ ༦༢ ཙམ་སློབ་འཇུག་བྱས་འདུག ༢༠༡༢ ལོར་སློབ་ཡོན་རང་ངོས་ནས་སྤྲོད་མཁན་གཞུང་ཞབས་ཀྱི་ཕྲུ་གུ་དང་། གཞིས་ཆགས་ཁག་གི་ཉམ་ཐག་དང་དྭ་ཕྲུག ཕྱེད་དྭ་ཕྲུག་བཅས་སློབ་ཕྲུག་ ༤༦༩ དང་། ཧི་མ་ལ་ཡའི་རི་རྒྱུད་དང་བལ་བོད་མཐའ་མཚམས། རྒྱ་གར་བཅས་བོད་རིགས་མ་ཡིན་པའི་སློབ་ཕྲུག་ ༡༧༧ སློབ་འཇུག་བྱས་ཡོད་པ་དང་། དེ་དག་མང་ཆེ་བས་སློབ་ཡོན་རང་ངོས་ནས་སྤྲོད་ཀྱི་ཡོད་འདུག་ལ། ཉམ་ཐག་དང་རྒྱབ་གཉེར་ཡོད་མཁན་གྱི་རིགས་ལ་བོད་ཁྱིམ་གྱིས་སྦྱིན་བདག་འཚོལ་རོགས་བྱེད་ཀྱི་ཡོད་འདུག

    མཐར་གསར་འགོད་པས་བོད་ཁྱིམ་སློབ་འཇུག་སྡེ་ཚན་གྱི་འགན་འཛིན་ལེགས་བཤད་བསྟན་པ་ལགས་སུ། བོད་ཁྱིམ་སློབ་གྲྭའི་སློབ་འཇུག་གི་གནས་སྟངས་དང་། ཧི་མ་ལ་ཡའི་རི་རྒྱུད་དང་བོད་རིགས་མ་ཡིན་པའི་སློབ་མ་སློབ་འཇུག་བྱེད་ཕྱོགས་སྐོར་ལ་བཅར་འདྲི་ཞུས་པ་ལྟར་ན། ད་ལྟའི་ཆར་བོད་ཁྱིམ་གྱི་ཁྱབ་ཁོངས་སུ་སློབ་ཡོན་སྤྲོད་ཀྱིན་པའི་རིགས་དང་། སློབ་འཇུག་སྡེ་ཚན་བརྒྱུད་དེ་སློབ་ཡོན་སྤྲོད་ཀྱིན་པའི་རིགས་གཉིས་ཡོད་འདུག་ལ། སློབ་ཡོན་རང་ངོས་ནས་སྤྲོད་ཀྱིན་པའི་རིགས་ནི། ས་གནས་སོ་སོའི་ངོ་སྤྲོད་ལྟར་དོ་བདག་གི་ངོས་ནས་སློབ་ཡོན་འབུལ་རྒྱུའི་ཁས་ལེན་བྱས་ཏེ་ཡོང་གི་ཡོད་པ་དང་། དེ་དག་ལ་ཆ་རྐྱེན་དཔལ་འབྱོར་གྱི་མཐུན་རྐྱེན་ཡོད་པའི་ཐོག ཕྲུ་གུའི་རང་བཙན་ལག་དེབ་དང་། སྐྱེས་ལོ་སྐྱེ་ཚེས། ཕ་མའི་སྐྱབས་བཅོལ་ལག་དེབ་ (RC) དང་རང་བཙན་ལག་དེབ། ས་གནས་ཀྱི་ངོ་སྤྲོད་ཡི་གེ་བཅས་ཚང་དགོས་ཀྱི་ཡོད་འདུག སྔོན་མ་འདིའི་རིགས་ཕྱི་ཟླ་ ༩ པ་ནས་ ༡༡ བར་མ་གཏོགས་ཐོ་འགོད་བྱེད་ཀྱི་མེད་ཀྱང་། ད་ལྟའི་ཆར་སློབ་འཇུག་བྱེད་མཁན་གྱི་རིགས་ལ་རྒྱུན་དུ་ཐོ་འགོད་བྱེད་ཀྱི་ཡོད་པ་དང་། དེ་དག་ལ་ཟླ་རེར་ཟས་གོས་གནས་མལ་ཐད་ཧིན་སྒོར་ ༢༡༠༠༠ བསྡུ་གྱི་ཡོད་འདུག དེ་མིན་སློབ་འཇུག་སྡེ་ཚན་གྱི་སློབ་ཡོན་སྤྲོད་ཀྱིན་པའི་རིགས་བོད་ནས་ཡོང་མཁན་དང་ཉམ་ཐག་གི་རིགས་ལ་བོད་ཁྱིམ་གྱིས་སློབ་ཡོན་ཐབས་འཚོལ་བྱེད་ཀྱི་ཡོད་འདུག

    ཁོང་ལ་ཧི་མ་ལ་ཡའི་རི་རྒྱུད་དང་བལ་བོད་མཐའ་མཚམས་ཀྱི་སློབ་མའི་ཡོང་སྟངས་སྐོར་དྲིས་པར་ཁོང་གིས། “ སྔོན་མ་བོད་ནས་ཡོང་མཁན་གྱི་སློབ་མ་མང་པོ་ཡོད་སྟབས། ཧི་མ་ལ་ཡའི་རི་རྒྱུད་ཁུལ་ནས་རེ་སྐུལ་ཞུས་ཀྱང་ས་མིག་སྤྲད་ཡོད་པ་མ་རེད། ལོ་ཤས་གོང་ནས་བོད་ནས་ཡོང་མཁན་ཉུང་དུ་ཕྱིན་སྟབས། སློབ་མ་ཁ་ཤས་བླངས་པ་རེད། སློབ་འཇུག་གི་ཐད་ནས་དམིགས་བསལ་གྱི་ཆ་རྐྱེན་ཡོད་པ་མ་རེད། མང་ཆེ་བ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་པ་དང་འབྲེལ་བ་ཡོད་པའི་གཞུང་དང་ཚོགས་པ་ཁག ཆོས་ཚོགས། བླ་ཆེན་ཁག་བཅས་ཀྱི་ངོ་སྤྲོད་ཡི་གེ་བསྐུར་བ་ལྟར། ང་ཚོའི་ངོས་ནས་ཐོག་མར་ཁོང་ཚོ་སྒུག་ཐོའི་ནང་བཞག་སྟེ། ས་མིག་གཞིར་བཟུང་སློབ་གྲྭ་ཁག་ཏུ་གོ་སྒྲིག་བྱེད་ཀྱི་ཡོད། ད་ལྟའི་ཆར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་མ་མང་ཤོས་ཅོང་ཏཱ་ར་ཆགས་ཡོད། གནས་ཚུལ་འདི་གསར་པ་དེ་འདྲ་མ་རེད། སྔོན་མ་ནས་འགྲོ་བསྡད་པ་ཞིག་རེད། ད་ལྟ་བོད་ནས་ཡོང་མཁན་མར་ཆགས་པའི་སྐབས་འདིར་མི་མང་པོ་ཞིག་གིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་མ་མང་པོ་འཇུག་བཞིན་པ་ལྟ་བུར་མཐོང་གི་ཡོད་ཀྱང་། ང་ཚོའི་ངོས་ནས་ད་ལྟའི་བར་ང་ཚོས་༸གོང་ས་མཆོག་གི་གསུང་བཞིན་བསྒྲུབ་ཐུབ་མེད་སྟབས། ད་ལྟ་དངོས་སུ་གོ་སྐབས་བསླེབས་དུས་ལག་ལེན་བསྟར་བ་རེད། དེ་ཡང་ནང་པའི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་ཁོ་ནའི་ཆེད་རེད ” ཅེས་བརྗོད་བྱུང་།

    ཡང་ཁོང་ལ་བོད་ནས་ཡོང་མཁན་ཉུང་དུ་འགྲོ་བཞིན་པའི་ཐད་ཉེན་ཁ་འདྲ་མཐོང་གི་ཡོད་མེད་དྲིས་པར་ཁོང་གིས། “ང་རང་གི་ངོས་ནས་ཉེན་ཁར་མཐོང་གི་མེད། སྔོན་མ་བོད་ནས་ཡོང་མཁན་ཧ་ཅང་མང་པོ་བྱུང་སྟབས། གྷོ་པ་པུར་དང་སུ་ཇཱ་སློབ་གྲྭ་སོགས་སློབ་གྲྭ་རིམ་པ་བརྒྱབ་པ་རེད། ད་ལྟའི་ཆར་བོད་ཁྱིམ་ལ་མཚོན་ན་ལོ་རེར་སློབ་མ་ ༥༠༠ ཙམ་རེ་མཐར་ཕྱིན་གྱི་ཡོད་ལ། སློབ་འཇུག་གི་སྐབས་སུ་ ༥༠༠ ཡས་མས་སློབ་འཇུག་བྱེད་ཐུབ་ཀྱི་ཡོད་པ་རེད། སྤྱིར་བཏང་བོད་པའི་སྤྱི་ཚོགས་ནང་ཕྲུ་གུ་ཉུང་དུ་འགྲོ་བཞིན་ཡོད་པ་དེ་དངོས་ཡོད་རེད། ཡིན་ནའང་སློབ་གྲྭ་ཁག་ཏུ་སློབ་མ་རག་པའི་དཀའ་ངལ་དེ་འདྲ་ཡོང་གི་མ་རེད་སྙམ། སློབ་མ་ག་ཚོད་ཐོན་པ་དེའི་གྲངས་ཀ་ཏག་ཏག་སློབ་འཇུག་བྱེད་ཐུབ་ཀྱི་ཡོད། ད་ལྟ་ཆར་སློབ་མ་ཉུང་དུ་འགྲོ་བཞིན་པ་ཡིན་ན་ང་ཚོས་སྤུས་ཀའི་སྒང་ལ་ཤུགས་རྒྱག་ཆོག་གི་རེད། ” ཅེས་བརྗོད་བྱུང་།

༼ བོད་ཀྱིད་དུས་བབ་ཚགས་པར་ལས་བདམས་བཀོད་བྱས།༽

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༤ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༥ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༦ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༧ སྔོན་ལ།

མཆན། 3

  1. ཆོས་དར། says:
    ལོ་ 13 སྔོན།

    སུ་ཇ་སློབ་གྲ ད་ལྟ་སློབ་ཕྲུག་ ༡༥༥༧ ་འདུག དེའི་ནང་གི་སློབ་མ་ ༢༠༠ ་ཙམ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་རེད།
    གྷོ་པ་པར། ད་ལྟ་སློབ་མ་ ༡༢༦༥ ་འདུག དེའི་ནང་གི་སློབ་མ་ ༡༠༠ ་ལྷག་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་རེད།
    ཅོན་ཏ་ར། ད་ལྟ་སློབ་མ་ ༩༡༧ ་འདུག དེའི་ནང་གི་སློབ་མ་ ༢༦༡ ་ཙམ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་རེད།
    རྡ་ཤོད་སློབ་གྲ ད་ལྟ་སློབ་ཕྲུག་ ༦༧༨ ་ཙམ་འདུག དེའི་ནང་གི་སློབ་མ་ ༤༡ ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་རེད།
    རྡ་སྟེང་བོད་ཁྱིམ། ད་ལྟ་སློབ་མ་ ༡༩༢༥ ་ཙམ་འདུག དེའི་ནང་གི་སློབ་མ་ ༡༧༧ ་ཙམ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་རེད།
    ཁྱོན་སྡོམ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུག་གི་ ( ༧༧༨ )་ཙམ་འདུག
    གསོག་སྒར་སློབ་གྲྭ། ད་ལྟ་སློབ་ཕྲུག་ ༣༣༧ ་འདུག དེ་ནང་གོ་སྐབས་གཉིས་པ་ལེན་མཁན་ ༤ ་འདུག འདི་གཞུང་འབྲེལ་གྱིས་བཏང་བ་རེད། གོ་ཐོས་སུ་ད་ལྟ་གསོག་སྒར་སློབ་གྲྭའི་སློབ་མ་ཕྱེད་ཙམ་གྲྭ་ས་ཁག་དང་། སློབ་གྲྭ་གཞན་གྱིས་སློབ་ཕྲུག་གསང་འཛུལ་བྱས་པ་རྐྱང་རེད་ཟེར།

    Reply
  2. བསོད་ནམས་བཟང་པོ། says:
    ལོ་ 13 སྔོན།

    ཤུལ་ལུང་རྡོ་རྗེ་ལགས། གསར་འགྱུར་བསྐྱར་གཏོང་མ་རེད། གསར་འགྱུར་ཐབས་ཐེབ་རེ་ཀློག་སྟེ་སྐྱོན་འཚོལ་རྒྱུ་མ་གནང་རོགས། གོང་གི་གསར་འགྱུར་འདི་ཧ་ཅང་གི་རིན་ཐང་ཆེན་པོ་ཅན་ཞིག་རེད། སྦིར་སློབ་གྲྭ་དང་གྷོ་པ་པུར། ཅོན་ཏ་ར། གསོག་སྒར་སློབ་གྲྭ་སོགས་ལ་ཞིབ་འཇུག་གནང་འདུག གསར་འགྱུར་བརྒྱུད་ལམ་གཞན་གྱིས་བརྗོད་གཞི་འདིའི་ཐོག་ཏུ་ད་བར་ཞིབ་འཇུག་བྱས་ཡོད་པ་གཅིག་ཀྱང་མི་འདུག

    Reply
  3. ཤུལ་ལུང་རྡོ་རྗེ། says:
    ལོ་ 13 སྔོན།

    ཅི་རེད། ད་དེང་སང་གསར་འགྱུར་འདྲ་འབྲི་རྒྱུ་མི་རག་པ་ཨེ་རེད། གསར་འགྱུར་འདི་ཉིན་ཤས་གོང་ཐེངས་གཅིག་བཀོད་ཚར་སོང་བ། མི་རྒྱ་བསྐྱེད་ནས་ཧུར་བརྩོན་གྱིས་དང་འཛམ་གླིང་ནང་ང་ཚོས་ངེས་པར་དུ་ཤེས་དགོས་པའི་གནས་ཚུལ་མང་བོ་ཡོད་རྒྱུ་རེད། ཁྱེད་རྣམ་ལས་མི་ཉུང་ཉུང་རེད་ལབ་ཀྱིན། དེ་ཡང་བདེན་སྲིད་མོད་གསར་འགྱུར་གལ་ཆེན་རེ་གཉིས་དང་ངེས་པར་དུ་འབྲི་སྒྲིག་བྱེད་ཐུབ་རྒྱུ་རེད་པ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese