བལ་བོད་ས་མཚམས་འགྲམ་འགག་སྒོ་དང་སྟོད་དིང་རི། ལྷ་རྩེ་སོགས་སུ་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་པའི་བོད་མི་སྐོར་ཞིག་ཚེས་ ༢༣ ཉིན་འགྲམ་གྱི་ཟམ་པ་བརྒྱུད་བལ་ཡུལ་ཉེན་རྟོག་པར་རྩིས་སྤྲོད་བྱས་འདུག
འདི་གར་གནས་ཚུལ་བཏང་འབྱོར་བྱུང་བར། འདི་ལོའི་ཕྱི་ཟླ་ ༣ ཡས་མས་སུ་བལ་བོད་ས་མཚམས་འགྲམ་ནས་འཛིན་བཟུང་བྱས་ཤིང་གཞིས་ཀ་རྩེ་ནས་ཟླ་བ་ ༤ ལྷག་རིང་བཀག་ཉར་བྱས་པའི་ཨ་མདོ་རྔ་པའི་ཚོང་བ་ཨ་དཀར། རང་ལོ་ ༥༠ ཙམ་ཡིན་པ་ཁོང་དང་། དེ་མིན་ཀོང་པོ་ནས་ཡིན་པའི་ཚེ་རིང་རྡོ་རྗེ། རང་ལོ་ ༢༢ ། ཆབ་མདོ་དཔའ་ཤོད་ནས་ཡིན་པའི་དཀོན་མཆོག་ཆོས་འཕེལ། རང་ལོ་ ༢༧ ། འཇོ་མདའ་ནས་ཡིན་པའི་བསོད་ནམས་བདེ་མཚོ། རང་ལོ་ ༢༤ ། མགོ་ལོག་ནས་ཡིན་པའི་ཆོས་སྟོབས། རང་ལོ་༣༣ ཡིན་པ་བཅས་སྔ་ཕྱིར་ལྷ་རྩེ་དང་དིང་རི་སོགས་ནས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཤིང་ཡུན་རིང་གཞིས་ཀ་རྩེ་ནས་བཀག་ཉར་བྱས་མཐར། ཟླ་འདིའི་ཚེས་ ༢༣ ཉིན་ཁོང་རྣམས་བལ་བོད་ས་མཚམས་འགྲམ་གྱི་ཟམ་པ་བརྒྱུད་བལ་ཡུལ་ཉེན་རྟོག་པར་རྩིས་སྤྲོད་བྱས་ཡོད་འདུག་ལ། ཕྱི་ཚེས་ ༢༤ ཉིན་བལ་ཡུལ་རྒྱལ་ས་ཀ་ཐ་མཎ་ཌོ་ཕྱི་མི་ཞིབ་བཤེར་ལས་ཁུངས་སུ་འབྱོར་ནས་དེ་གར་བཀག་ཉར་བྱས་ཡོད་འདུག་ཀྱང་། ཁོང་རྣམས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མ་སོང་།
གནས་ཚུལ་གཏོང་མཁན། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།