ཉེ་ཆར་རྒྱ་ནག་ཟི་ཁྲོན་གྱི་ཅིན་པེན་གློག་འདོན་ཆུ་མཛོད་ཀྱི་ཉེ་ཁུལ་དུ་ས་རུད་ཆུ་ལོག་གི་གནོད་འཚེ་བྱུང་སྟེ། མི་མང་པོ་རྐྱེན་འདས་དང་ཁང་ཁྱིམ་མང་པོར་གཏོར་བཤིག་ཐེབས་ཡོད་འདུག
ཕྱི་ཟླ་ ༨ ཚེས་ ༣༠ དགོང་མོ་ནས་ ༣༡ ཞོགས་པའི་བར། རྒྱ་ནག་ཟི་ཁྲོན་ལིང་ཧྲན་ཁུལ་གྱི་མུ་ལི་བོད་རིགས་རང་སྐྱོང་ལྗོངས་དང་། ལན་ཡོན་རྫོང་། མེན་ཉིན་རྫོང་གསུམ་གྱི་འདབས་འབྲེལ་ཅིན་པེན་གློག་འདོན་ཆུ་མཛོད་ཀྱི་ཉེ་ཁུལ་དུ། ས་རུད་ཆུ་ལོག་བརྒྱབ་སྟེ་མི་མང་པོ་རྐྱེན་འདས་དང་། ཁང་ཁྱིམ་མང་པོར་གཏོར་བཤིག་ཚབས་ཆེན་བཟོས་ཡོད་འདུག
རྒྱ་གཞུང་ཞིན་ཧྭ་གསར་ཁང་གིས་ས་རུད་ཆུ་ལོག་གི་དོན་རྐྱེན་དེའི་ཁྲོད། མི་ ༡༠ རྐྱེན་འདས་དང་མི་ ༡༤ གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་སྤེལ་ཡོད་པ་དང་། ཕྱི་ཕྱོགས་ཀྱི་གསར་ལམ་མང་ཆེ་བས་ས་གནས་མང་ཚོགས་ཀྱི་སྐད་ཆ་ལུང་འདྲེན་བྱས་པ་ལྟར་ན། ས་རུད་ཆུ་ལོག་གི་དོན་རྐྱེན་དེའི་ཁྲོད་མི་ ༡༠༠ ལྷག་རྐྱེན་འདས་དང་། མི་བརྒྱ་ཕྲག་འགའ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག དེ་བཞིན། མེན་ཉིན་རྫོང་ས་གནས་མང་ཚོགས་ཤིག་གིས་ཨཱ་པའོ་ལའོ་གསར་ཁང་ལ། དོན་རྐྱེན་ཁྲོད་མི་ཁྲི་ ༢ ཙམ་རྐྱེན་འདས་སུ་གྱུར་ཡོད་སྐོར་ཀྱང་བརྗོད་འདུག
ད་ལྟའི་ཆར་གནོད་འཚེ་ཕོག་ཡུལ་ས་ཁུལ་དེ་དག་ནང་། གཞུང་ལམ་དང་ཟམ་པ་སོགས་ས་རུད་འོག་ནུབ་སྟེ་འགྲོ་ལམ་ཡོངས་སུ་འཁེགས་པ་དང་། གློག་དང་བརྡ་འཕྲིན་བརྒྱུད་ལམ་སོགས་ཀྱང་ཆད་ཡོད་པར་མ་ཟད། མུ་མཐུད་ཆར་ཤོར་ཆེན་པོ་རྒྱག་བཞིན་ཡོད་སྟབས། གནོད་འཚེ་ཕོག་ཡུལ་མི་མང་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱིན་ཡོད་འདུག
སྐབས་དོན་དབྱེ་ཞིབ་པ་དག་གིས་བརྗོད་པ་ལྟར་ན། ཅིན་པེན་གློག་འདོན་ཆུ་མཛོད་ནི་རྒྱ་གཞུང་གིས་ས་འོག་རྡུལ་ཕྲན་ཚོད་ལྟའི་རྟེན་གཞི་ཆེ་ཤོས་ཤིག་ཡིན་པ་དང་། ཆུ་མཛོད་ལས་གཞིའི་ས་ཁུལ་རང་དུ་མི་ཁྲི་ ༡ ལྷག་འདུསས་སྡོད་བྱས་ཡོད་པར་བཤད།
མུ་ལི་དང་ལན་ཡོན། མེན་ཉིན་རྫོང་གསུམ་གྱི་ཁོངས་སུ་བོད་རིགས་ས་ཁུལ་ཡོད་ཀྱང་། ཐེངས་འདིར་བོད་རིགས་འདུས་སྡོད་ཁུལ་དུ་ས་རུད་གནོད་འཚེ་བྱུང་ཡོད་མེད་སྐོར་གྱི་གནས་ཚུལ་ཅི་ཡང་ཤེས་རྟོག་བྱུང་མི་འདུག