མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱབས་བཅོལ་ལག་དེབ།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

བསེ་རུ། ས་རཱ་མཐོ་སློབ།

 

སྤྱི་ལོ་ ༢༠༡༢།༩༡༡ ཉིན་ཏེ། དེ་རིང་ངས་རྒྱ་གར་བྱང་ཕྱོགས་དྷ་རམ་ས་ལའི་ཉེ་འདབས་ཀ་ཅ་རི་ཞེས་པའི་ཉེན་རྟོག་ལས་ཁུངས་སུ་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུ་བར་བཅར། ང་རང་མགོ་བོ་འཐོམས་དྲགས་པའི་དབང་གིས། ལག་དེབ་དུས་འགྱངས་ལོ་ལྔ་ཞུ་རྒྱུའི་གོ་སྐབས་དེ་ཆུད་ཟོས་སུ་ཕྱིན་ཏེ། ལོ་ངོ་གཅིག་གི་དུས་འགྱངས་མ་གཏོགས་ཞུ་ཐུབ་མ་སོང་།  དེ་ནི་སུའི་ནོར་འཁྲུལ་ཡིན་ནམ། ང་རང་འཐོམས་ཞྭ་གྱོན་པའི་བྱས་འབྲས་རེད།

 

ལོ་ངོ་ལྔ་དུས་འགྱངས་ཞུ་བའི་བརྒྱུད་རིམ་ནི། འབྲེལ་ཡོད་ལས་ཁུངས་ནས་གསལ་བསྒྲགས་བསྐྱངས་དོན་ལྟར། ལག་དེབ་ཀྱི་དུས་ཡུན་མ་རྫོགས་པའི་ཟླ་བ་གཅིག་ཙམ་གྱི་སྔོན་ཚུད་ནས་དྷ་ས་བདེ་དོན་ནས་ངོས་སྦྱོར་དང་། དེ་ནས་ལམ་སེང་བདེ་སྲུང་ཡན་ལག་ལས་ཁུངས་སུ་ཐོ་འགོད། དེ་ནས་རྒྱ་གར་ཉེན་རྟོག་ལས་ཁུངས་སུ་ཐོ་འགོད་འགེངས་ཤོག་དང་ངོས་སྦྱོར་དེ་ཚོ་ཕུལ་ཏེ། ཉེན་རྟོག་པས་ཉིན་ཤས་རྗེས་ས་གནས་སོ་སོར་དྲི་བརྩད་(Inquiry)བྱེད་པར་སླེབས་རྗེས་དྷ་ས་བདེ་དོན་ལས་ཁུངས་འགྲམ་གྱི་རྒྱ་གར་ཉེན་རྟོག་ལས་ཁུངས་ནས་ངོས་འབྱོར་གྱི་ཡིག་ཆ་ཞིག་བླངས་རྗེས། བདེ་དོན་དང་། བདེ་སྲུང་ཡན་ལག་གི་ཡིག་ཆ་དེ་གསུམ་ལྷན་སྦྱར་ཐོག་ཁུར་ནས་ཀ་ཅ་རི་ཉེན་རྟོག་ལས་ཁུངས་སུ་བཅར་དགོས་ཀྱི་འདུག

 

དེ་རིང་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུ་མཁན་ས་ཐག་རིང་ཐུང་སྣ་ཚོགས་ནས་ཕེབས་འདུག་ལ། རྒན་གཞོན་བར་གསུམ་གྱི་སྐྱ་སེར་སྣ་ཚོགས་ཕེབས་འདུག ཚང་མས་རིམ་པ་བཞིན་འཚང་ཁ་དང་སྐད་ཅོར་མེད་པའི་ཐོག་ནས་རིམ་པར་ལས་ཁུངས་འོག་ཏུ་སྔར་རྒྱུན་བཞིན་ཐོ་འགོད་བྱས། དེའི་བར་དེར་བུད་མེད་ལོ་ཆུང་ཞིག་གིས་”དེ་རིང་སྔོན་མའི་ལོ་ལྟར་འཚང་ཁ་རྒྱག་གི་མི་འདུག དེ་ཡག་པོ་འདུག་”ཟེར་བཞིན་མོ་རང་གི་རོགས་པ་དེར་བཤད་པ་ཁོ་བོས་ཐོས། ང་ཚོ་ཡིག་ཚང་ནང་དུ་སླེབས་དུས་དེར་ལོ་ལྔ་ཅན་གྱི་དུས་འགྱངས་བྱེད་སའི་ཐོ་འགོད་དེབ་ཆེན་ཞིག་དང་། ལོ་གཅིག་ཅན་གྱི་དུས་འགྱངས་བྱེད་སའི་ཐོ་འགོད་དེབ་ཆེན་གཉིས་འདུག དེ་གཉིས་ལས་གཅིག་ལ་བོད་ཁྱིམ་སློབ་མའི་སྒྲིག་ཆས་གྱོན་པའི་སློབ་གྲྭ་བ་བུ་མོ་ཞིག་གིས་དང་བླང་ངང་ཐོ་འགོད་བྱེད་བཞིན་འདུག་ལ་གཞན་དེར་བུད་མེད་ན་ཆུང་གཞན་ཞིག་གིས་ཐོ་འགོད་རོགས་རམ་བྱེད་ཀྱིན་འདུག

 

འོན་ཀྱང་། ཁོང་གཉིས་དང་བླང་ཡིན་མིན་མི་ཤེས་མཁན་གྱི་བོད་མི་མང་པོ་ཞིག་གིས་ཁོང་གཉིས་ནི་ལས་བྱེད་བྱེ་བྲག་པ་གཅིག་རེད་བསམ་པའི་སྣང་བ་ཞིག་མ་གཏོགས། ཁོང་གཉིས་སོ་སོ་རང་ཉིད་ལ་དང་བླང་ངང་རོགས་པ་བྱེད་མཁན་ཡིན་པའི་སྣང་བ་ཞིག་ཀྱང་འཆར་གྱི་མེད་ཚོད་རེད། དངོས་གནས་བྱས་ན་ཁོང་གཉིས་ལ་ཐུགས་རྗེ་ཆེ། བཀའ་དྲིན་ཆེ་ཞེས་ཞུ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། དེ་ལྟར་ཞུ་མཁན་གྱི་བོད་མི་ག་ཚོད་ཙམ་ཡོད་དམ།

 

ང་རང་ཐོ་འགོད་ཚར་རྗེས་སྐྱབས་བཅོལ་ལག་དེབ་དེ་ཉར་བཞིན་གཡས་ལྟ་གཡོན་ལྟ་རེ་བྱེད་དུས་བོད་མི་མང་པོ་ཞིག་གི་སེམས་ནང་སྐྱོ་སྣང་དང་ཡིད་ཆད་ཀྱི་རྣམ་པ་ཤུགས་ཆེ་མངོན་གྱི་འདུག ལྷག་པར་དུས་འགྱངས་ཀྱི་དུས་ཚོད་ཡོལ་ཟིན་པའི་བོད་མི་ཁག་ཅིག་ཚ་གེ་ཚིག་གེའི་ངང་ཤབ་ཤུབ་སྣ་ཚོགས་སྨྲ་བཞིན། བོད་མི་གཞན་ཚོར་ཡིད་སྨོན་སྐྱེས་པ་ལྟ་བུར་གནས་བཞིན་འདུག ད་དུང་ཁོང་ཚོས་ཉེན་རྟོག་པར་ཐབས་ལམ་ཇི་ལྟར་བྱས་ཏེ་རང་ཉིད་ཀྱི་འདོད་དོན་དེ་སྒྲུབ་ཐབས་བྱེད་དགོས་མིན་ཐོག་བསམ་བློ་གཏོང་གིན་འགྲམ་པ་སྐྱོར་བཞིན་འདུག ལ་ལ་ནི་ཁ་པར་ཕར་བཏང་ཚུར་ཉན་ངང་ཅི་བྱེད་འདི་བྱེད་མེད་པར་ལྷག་འདུག ད་དུང་འགའ་ཞིག་གིས་མི་ཆེན་དེ་འདྲ་དང་། སྐད་སྒྱུར་རྒོད་པོ་དེ་འདྲ་ཡང་རོགས་པར་ཁྲིད་ཡོད་ཚོད་རེད། གང་ལྟར་མ་འོངས་པར་མི་ལོ་ལྔ་བཅུ་ལྷག་ད་དུང་འདིར་ལྟར་སྐྱེལ་དགོས་སམ།

 

དེ་རིང་གིི་ཉི་མ་ལྟ་བུར་སྐབས་རེ་ངང་སྒུག་བྱས་ཏེ་ཞོགས་པ་ཆུ་ཚོད་དགུ་པ་བཅུ་པ་ནས་ཕྱི་དྲོའི་ཆུ་ཚོད་ལྔ་པ་དྲུག་པར་བསྒུགས་དགོས་པ་དང་། སྐབས་རེ་ཆུ་ཚོད་གཉིས་གསུམ་ནང་ཚར་བའང་ཡོང་གི་ཡོད། གང་ལྟར་དུས་ཡུན་རིང་བས། ཡིག་ངོ་ཆོད་མཁན་གྱི་གང་ཟག་ཅིག་ཡིན་ན། ཉིན་འདིར་དཔེ་དེབ་དང་ཚགས་པར་རིགས་བཀླག་རྒྱུ་ཁྱེར་བ་དང་། ཡིག་ངོ་མི་ཆོད་མཁན་ཞིག་ཡིན་ན། ལག་ཏུ་ཕྲེང་བ་རེ་བཟུང་སྟེ། ཚེ་འདི་ཕྱིར་ཕན་པའི་མ་ཎི་ཡིག་དྲུག་སོགས་བཏོན་ནས་བཞུགས་ན་སེམས་ཀྱི་ཉོབ་སྣང་དེ་ཞི་བར་ཕན་ཚོད་རེད། ཅི་སྟེ། ཕོ་གསར་མོ་གསར་འདྲ་ཡིན་ན། བརྩེ་དུང་གི་གཏམ་རྒྱུད་གླེང་རེས་དང་། སྲིད་དོན་པ་ཞིག་ཡིན་ན། སྤྱི་ཚོགས་དཔྱད་གླེང་གི་གཏམ་གླེང་རེ་གནང་ནས་བཞུགས་ནའང་དམིགས་བསལ་གྱི་བགྲོ་གླེང་ལྷུག་པོ་ཡོང་ས་རེད། ད་དུང་བསམ་གཞིགས་ཀྱི་འཁོར་ལོ་བསྐོར་མཁས་པོ་ཞིག་ཡིན་ན། རང་ཉིད་ཀྱི་མི་ཚེ་འདི་ལྟར་ཡུལ་གྱར་དུ་གྱར་དགོས་པའི་ལོ་རྒྱུས་ཀྱི་བྱུང་རབས་ལ་ཕྱི་མིག་གཅིག་ལྟ་ཐུབ་ས་རེད་ལ། མི་རིགས་འདི་ཉིད་ཀྱི་སྐྱོ་གར་གྱི་སྣང་བརྙན་གསོན་པོ་ཞིག་ཀྱང་སེམས་ཀྱི་མེ་ལོང་ངོགས་སུ་རབ་རིབ་ནས་ཇེ་གསལ་དུ་འཆར་བའི་ཉིན་མོ་རྩ་ཆེན་ཞིག་ཀྱང་ཆགས་ངེས་རེད་སྙམ་བྱུང་།  
 

དེ་ནས་དུས་ཡུན་གང་འཚམ་གྱི་རྗེས་ཐོག་རྩེག་ཉིས་ཐོག་ཏུ་ཡོད་པའི་ཉེན་རྟོག་དཔོན་པོའི་ཡིག་ཚང་ནས་འོག་གི་རྡོ་སྐས་ཀྱི་འདབས་བར་རིམ་པར་བང་རིམ་སྒྲིག་བཞིན་འདུག ང་རང་སེམས་པ་ལྷོད་ལྷོད་ངང་དེ་རིང་དཔོན་པོའི་ས་ཡིག་དེ་རག་ན་འགྲིག་གི་རེད་སྙམ་བཞིན་བང་རིམ་གྱི་མཇུག་དེར་སྡོད་རྩིས་བྱས། དེའི་སྐབས་གཞོན་སྐྱེས་ཕོ་གསར་བཞི་ལྔ་ཙམ་བང་རིམ་གྱི་སྔ་མཇུག་ཏུ་གྱོན་ཆས་(Fashion)ཡིན་མདོག་ངང་གྱོན་ཞིང་། ལག་ཐོགས་ཁ་པར་(I phon)རྫིག་པོ་དེ་འདྲར་རྩེད་མོ་རྩེ་བ་དང་། གཞས་སྣ་ཉན་བཞིན་པའི་སྣང་ཚུལ་མཐོང་། ད་དུང་གྱོན་གོས་ཚུལ་ལྡན་མ་གྱོན་པར་གོས་ཐུང་ཕྱེད་ཀ་(short pant)གྱོན་ཏེ་སྐྱབས་བཅོལ་ལག་དེབ་དེ་ལག་ཏུ་བཟུང་ཞིང་བང་རིམ་ཁྲོད་དུ་ཡིན་མདོག་མདོག་ངང་གནས། ངའི་བསམ་པར་ཡིག་ཚང་དུ་ཡོང་སྟངས་དེ་འདྲ་རང་ད་ཡིན་གྱི་མ་རེད། དེ་ཚོར་ལམ་སྟོན་བསླབ་བྱ་རྒྱག་མཁན་འདྲ་བྱུང་མེད་པ་འདྲ་བསམ་བྱུང་ལ། གཡས་གཡོན་གྱི་བོད་མི་ཚོའི་ཁྲོད་ནས་ཀྱང་མིག་ཟུང་ཀེམ་ཀེམ་ངང་གཅིག་མ་འགྲིག་པའི་རྣམ་འགྱུར་སྟོན་གྱིན་འདུག དེ་ནི་ཡིག་ཚང་གང་ཞིག་ཏུ་འགྲོ་དགོས་ཀྱང་། ཡིན་ལུགས་ཚུལ་ལྡན་ངང་འགྲོ་དགོས་པ་ནི་སྤྱིར་བཏང་གི་ཤེས་བྱ་ཞིག་རེད་ལ། ས་ཕྱོགས་གང་སར་ཡ་རབས་གུས་ཞབས་ཀྱི་མཚོན་བྱེད་ཙམ་དུའང་བརྩི་གིན་ཡོད་པ་དེ་བོད་མི་མང་ཆེ་བས་མཁྱེན་གྱི་ཡོད་ཚོད་དུ་སྣང་།

 

ང་ཚོ་བང་རིམ་རིམ་པར་འགྲིམ་བཞིན་པའི་སྐབས་སུ་བུ་དང་པོ་དེ་ཏག་ཏག་སྒོ་ཁ་ནས་ལམ་སེང་གོས་ཐུང་དེ་འདྲ་གྱོན་པར་གཤེ་གཤེ་དང་སྦྲགས་ཕྱིར་སློག་བཏང་། དེའི་རྗེས་ཀྱི་ཕོ་གསར་དེ་ཚོ་ཡང་རིམ་པར་“ར་བསད་ལུག་འདར་“ཞེས་པའི་དཔེ་ལྟར། གསང་སྤྱོད་ནང་དུ་གོས་ཐུང་ཕར་བརྗེ་ཚུར་བརྗེ་བྱེད་དགོས་པའི་གནས་སུ་གྱུར། དེ་ནས་ངའི་མདུན་ངོས་སུ་བང་རིམ་ཁྲོད་བུད་མེད་དང་ཨ་ནེ་ལགས་གཉིས་གསུམ་ཞིག་བཀའ་མོལ་ཐུག་པ་འཁོལ་འཁོལ་གནང་གིན་དབྱིངས་ཚུད་འདུག ཏག་ཏག་ཡང་ཉེན་རྟོག་པ་ཞིག་གིས་“ཁྱེད་ཚོ་མར་རྒྱུགས། བང་རིམ་འདི་མན་ཆད་ལོག་“ཅེས་པའི་ངར་སྒྲ་ཞིག་གྲགས་རྗེས། ཁོང་རྣམས་ཀྱི་རྣམ་འགྱུར་སྐད་ཅིག་ཉིད་ལ་འགྱུར་ཞིང་། གཅིག་གིས་གཅིག་ལ་ལྟ་གིན་དབུགས་ཀྱང་གཏོང་གི་ཡོད་མེད་ཀྱི་ཚོད་དུ་གྱུར། ངའི་བསམ་པར་“བཟང་པོའི་ཞོར་ལ་ཇ་ཆང་དང་། ངན་པའི་ཞོར་དུ་རྒྱུག་རྡུང་།”ཞེས་པའི་གཏམ་དཔེ་དེ་ལྷང་ངེར་དྲན་ཏེ། ད་ཡང་རླུང་རྟ་ཆག་སོང་། དེ་རིང་“ཟས་ལ་ཁ་ལ་སླེབས་དུས་ལྕེས་བུད་རྒྱག་བརྒྱབ་སོང་།”སྙམ་བྱུང་། ཡིན་ནའང་། འཇམ་ཐིང་ཐིང་ངང་དལ་བུར་ཁོང་ཚོའི་རྗེས་སུ་ཕྱིན་ཏེ། ང་རང་འཇིགས་དངངས་ཤིག་དང་ལྷན་དུ་ཉེན་རྟོག་དཔོན་པོའི་འགྲམ་དུ་འབྱོར། ཁོང་གིས་ངའི་སྐྱབས་བཅོལ་ལག་དེབ་ལ་ནན་ཏན་ངང་གཟིགས་རྗེས། མཚན་རྟགས་དེ་མྱུར་བར་བཀོད་སོང་། ང་རང་ལོ་ངོ་གཅིག་གི་འགག་འཕྲེང་དོག་མོ་དེ་ལས་བརྒལ་ཐུབ་ཙམ་བྱུང་བས། ངས་ལམ་སེང་ལག་དེབ་ཚུར་བླངས་རྗེས་(Thanks sir)ཞེས་འཛུམ་དམུལ་དམུལ་ངང་འབོད་བཞིན་ང་རང་ལ་ཚེ་སྲོག་གསར་པ་ཞིག་ཐོབ་པ་ལྟ་བུའི་དགའ་སྣང་ངང་ཕྱིར་ལོག དེ་ནས་ངས་ལོ་རྗེས་མར་ཟླ་བ་གཅིག་གི་སྔོན་ཚུད་ནས་ལོ་ལྔ་དུས་འགྱངས་ཐོ་འགོད་ཀྱི་རིམ་པ་དེ་གོ་རིམ་ལྡན་ཞིང་། ཚགས་ཚུད་ངང་བསྒྲུབ་ཀྱི་ཡིན་བསམ་བཞིན་རང་གིས་རང་ལ་དྲན་སྐུལ་ཞིག་བྱས། ད་དུང་བོད་མི་གཞན་མང་པོ་ཞིག་ང་ལྟ་བུའི་འཐོམས་ཞྭ་གྱོན་མཁན་ཇི་ཙམ་ཡོད་ཨང་སྙམ་བཞིན་ཕྱིར་ལོག

 

དེ་རྗེས་རོགས་པ་ཞིག་ཡིག་ཚང་གི་ཆེད་དུ་དྷ་ཤོད་དུ་འགྲོ་དགོས་སྟབས་ང་ཡང་ལྷན་དུ་དེར་བསྐྱོད། དེ་ནས་དེབ་རིགས་སོགས་ཤེས་ཡོན་གྱི་དགོས་མཁོའི་རིགས་ཉོ་སའི་ཚོང་ཁང་ཞིག་ཏུ་བསྐྱོད། དེ་ལྟར་བསྐྱོད་དགོས་དོན་ནི་འདི་ག་མཐོ་སློབ་ཀྱི་གངྒཱའི་བཞད་སྒྲ་འདོན་ཐེངས་ཉེར་གཉིས་པའི་རྩོམ་སྒྲིག་པ་ཚོས་རྩོམ་ལུས་འདྲ་མིན་གྱི་རྩོམ་རིག་འགྲན་བསྡུར་ཞིག་བྱས་ཡོད་སྟབས། དོ་དགོང་སྒྱུ་རྩལ་གྱི་དགོང་ཚོགས་དཔྱིད་ཀྱི་ཕོ་ཉ་ཞེས་པ་ཞིག་གོ་སྒྲིག་ཐོག་སྙན་ངག་གྱེར་འདོན་དང་། གླུ་ལེན་གར་འཁྲབ། ཨང་རིམ་རྩེར་སོན་རྣམས་ཀྱི་མྱོང་ཚོར་གཏམ་གླེང་བྱེད་པ་སོགས་ཀྱི་ཐོག དེ་འབྲེལ་ཁོང་རྣམས་ལ་བྱ་དགའ་གནང་གཏན་ཁེལ་ཡོད་ཅིང་། བྱ་དགའི་ལག་ཁྱེར་དང་ལྷན་དུ་འབྲི་དེབ་སོགས་རྔན་པ་ཆུང་ཆུང་གནང་སྲོལ་ཡོད་ལྟར་འབྲི་དེབ་སོགས་དགོས་མཁོ་ཁག་ཅིག་རྒྱ་གར་ཚོང་ཁང་ཞིག་ནས་སློབ་གྲྭའི་མིང་ཐོག་ཏུ་ལེན་རྩིས་བྱས་ཏེ། ཚོང་བདག་དེར་སྐད་ཆ་བཤད་ནས་ཅ་ལག་གང་མང་ཞིག་བླངས་ཏེ་ངའི་རོགས་པས་ཚོང་ཁང་གི་ཟིན་ཐོ་ལྟ་བུའི་དེབ་གཅིག་གི་ཐོག་ས་ཡིག་དང་། སྤྱི་ལོ་ཟླ་ཚེས་ཙམ་བྲིས་པ་མ་གཏོགས་ངེད་གཉིས་ཀ་ས་དངུལ་སྒོར་ཨ་ན་གཅིག་ཀྱང་མ་སྤྲད་པར་དགོས་མཁོ་རྣམས་བདེ་བླག་ངང་དུས་ཐོག་ཏུ་མཐོ་སློབ་ཀྱི་ཡིག་ཚང་དུ་འབྱོར་ཐུབ་པ་བྱས།

 

སྐབས་དེ་དུས་རྒྱ་གར་བ་དེས་ཀྱང་ངེད་གཉིས་ཀ་ས་རཱ་མཐོ་སློབ་ནས་ཡིན་པའི་ཡིད་ཆེས་བློ་འགེལ་བྱས་ཏེ་མིང་ཙམ་ཡང་སྐད་ཆ་མ་དྲིས་པར་ཅ་ལག་རྣམས་ལག་ཏུ་བཞག གནས་སྟངས་འདིས་ཅི་ཞིག་མཚོན་གྱི་འདུག་གམ། རྒྱ་གར་བ་ཚོས་བོད་མིར་ཡིད་ཆེས་བློས་འགེལ་བྱེད་སྟངས་འདིས་ང་ལ་དམིགས་བསལ་གྱི་ཚོར་སྣང་ཞིག་སྐྱེ་རུ་བཅུག ད་དུང་ཁྱེད་དང་ཁོང་རྣམས་ལ་ཡང་དེ་ལྟར་ཚོར་སྣང་དམིགས་བསལ་བ་རེ་སྤྲོད་ངེས་རེད། ད་དུང་མི་ཡུལ་དུ་ཇི་ཙམ་འདུག་དགོས་རུང་རྒྱ་གར་གྱི་ཡུལ་མི་འདི་དང་འདིའི་རིགས་ཡིད་ཆེས་ནམ་ཡང་བརླག་ཏུ་མི་འཇུག་པའི་འགན་ཞིག་ཀྱང་བོད་མི་མི་རེ་ངོ་རེར་ཡོད་པ་ཞིག་མ་ཡིན་ནམ། འདི་ནས་རྒན་རབས་ཚོས་ཡ་རབས་ཚུལ་ལྡན་དང་། དྲང་པོ་དྲང་བཞག་བྱེད་དགོས་རེད་ཅེས་པའི་བསླབ་བྱའི་རིན་ཐང་དེ་ཚོ་ཡང་རྩ་ཆེན་ཞིག་ཡིན་པའི་ངེས་ཤེས་རྙེད་ངེས་རེད།

 

ང་རང་ལམ་བར་ནས་མཐོ་སློབ་ཏུ་མར་ལོག་སྐབས། དེ་རིང་ངའི་སྐྱབས་བཅོལ་ལག་དེབ་ལོ་ལྔ་དུས་འགྱངས་བྱེད་མ་ཐུབ་པའི་གནས་སྟངས་ཀྱི་རྒྱབ་ལྗོངས་དང་། གཞོན་སྐྱེས་དེ་ཚོ་ཕྱིར་སློག་སྟངས། བུད་མེད་དང་ཨ་ནེ་དེ་ཚོར་གཤེ་གཤེ་གཏོང་སྟངས། བོད་མི་ཚོའི་ཕྱི་ལུས་ཀྱི་རྣམ་འགྱུར་ལས་ནང་སེམས་ཀྱི་སྐྱོ་སྣང་དང་ཡིད་ཆད། སུན་སྣང་དང་ཉོབ་སྣང་། བློ་ཕམ་དང་དངངས་འཚབ་སོགས་བློ་ཡུལ་དུ་ཡང་ཡང་འཆར་གྱིན། དོ་དགོང་གི་དགོང་ཚོགས་ཀྱི་ལས་རིམ་དེ་ཡང་ལྷང་ངེར་དྲན། ང་རང་རྩོམ་རིག་དགེ་རྒན་གྱི་མིང་ཙམ་འཛིན་བཞིན་ཡོད་སྟབས། གོ་སྒྲིག་པ་ཚོས་དེ་རིང་དགོང་ཚོགས་སྐབས་སུ་མཇུག་བསྡུའི་གཏམ་བཤད་བྱེད་རོགས་ཞེས་བཤད་པ་ལྟར་ཁས་ལེན་བྱས་ཟིན་པས། ད་ཅི་ཞིག་ཤོད་དགོས་མིན་ཡང་བློ་ངོར་དྲི་རྟགས་སྣ་ཚོགས་འཆར། གང་ལྟར་མཇུག་བསྡུའི་གཏམ་བཤད་སྐབས་སུ་དེ་རིང་སྤྱི་ཚོགས་ཀྱི་སྣང་ཚུལ་དང་དེའི་གནས་ཚུལ་ཟུར་ཙམ་ཞིག་ཞར་ཞོར་དུ་མ་བཤད་ན་འགྲིག་མ་སོང་སྙམ་བཞིན་ཕྱིར་འབྱོར།

དགོང་ཚོགས་ནི་སྒྱུ་རྩལ་གྱི་དགོང་ཚོགས་ཡིན་སྟབས། འཆར་འགོད་ལྟར་སློབ་གཉེར་ཚང་མས་རང་རང་གི་རྣམ་དཔྱོད་རྩལ་ལས་ཐོན་པའི་སྒྱུ་རྩལ་དང་འབྲེལ་བའི་སྙན་ངག་གྱེར་འདོན་དང་། གླུ་ལེན་གར་འཁྲབ། ཉམས་མྱོང་ལྷུག་བརྗོད། ལེགས་གསོལ་བྱ་དགའ་གསོལ་སྩལ་སོགས་ཆེས་འཁྲུག་ཆ་དོད་པའི་རིག་རྩལ་གྱི་དགོང་ཚོགས་ཤིག་ཏུ་གྱུར། ང་རང་གི་བསམ་པར་མིའི་རྣམ་དཔྱོད་ཀྱི་རིག་རྩལ་ནི་མཐའ་དང་མུ་མེད་པ་ཞིག་ཡིན་ཞིང་། སྤྱད་ནས་རྫོགས་རྒྱུ་མེད་པ་ཞིག་ཡིན་སྟབས། སློབ་གཉེར་བ་གཞན་དང་གཞན་ཚོས་དགོང་ཚོགས་འདིའི་ཆ་ཤས་གང་མང་ལེན་ཐུབ་ན་ཅི་མ་རུང་སྙམ་བཞིན་བསམ་གཞིགས་ཀྱི་རྒྱ་མཚོར་ལྷུང་བཞིན་གནས་པའི་མུར། དུས་ཚོད་ཀྱི་འཁོར་ལོ་མྱུར་སྟབས་ཀྱིས་འཁོར་བ་ལྟ་བུས་མཐར་མཇུག་བསྡུའི་གཏམ་བཤད་བྱེད་དགོས་པའི་དུས་ལ་སླེབས་པས། གཙོ་སྐྱོང་བས་ཁྱི་ལ་སེང་གེའི་མིང་བཏགས་པའི་ཁོ་བོ་སྡིངས་ཆའི་སྟེང་ཡོང་དགོས་པའི་རེ་སྐུལ་གནང་ཞིང་། དེ་ནི་ཁོ་བོར་མཚོན་ན་བཀའ་ཆད་ཐོག་འདྲ་བ་ཞིག་མགོ་ཐོག་ཏུ་གློ་བུར་དུ་ལྷུང་བ་ལྟ་བུའི་ཚོར་སྣང་ཞིག་ཀྱང་སྐྱེས།  

ངས་སློབ་གཉེར་བ་ཚོའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ནས་ཅི་བྱ་གཏོལ་མེད་ངང་ཡར་ལངས་ཏེ། སྙིང་ཁམས་ཀྱི་འཕར་ལྡིང་ཡང་ཇེ་མགྱོགས་ངང་འཕར་བཞིན་པའི་མུར་ཤར་མར་བཤད་སྟེགས་ཀྱི་མདུན་དུ་ཕྱིན། དེ་ནས་མར་ཁ་སློག་ནས་”ང་སྒྱུ་རྩལ་ལ་དུངས་ཤིང་། སྒྱུ་རྩལ་གྱིས་ང་སྡུག་ལ་སྦྱར།”ཞེས་ཁ་ནས་རང་དབང་མེད་པར་ཤོར། ལག་གིས་སྙིང་གར་མནན་ཙམ་མནན་ཙམ་བྱས། “ངས་ད་དུང་སྙིང་རྡིག་རྡིག་ཟེར་གྱི་འདུག་”ཅེས་སྨྲས་ནས་གཏམ་གླེང་གི་འགོ་བཙུགས་ཏེ། གོ་རིམ་དང་གྲ་སྒྲིག་མེད་པའི་གཏམ་བཤད་སྐར་མ་བཅུ་ཙམ་བཤད། ཅི་ཞིག་བཤད་ཡོད་མེད་ནི་སློབ་མ་རྣམས་ཀྱི་རྣ་དབང་བརྒྱུད་སེམས་ཁམས་སུ་ཐིམ་ཡོད་ཚོད་ཡིན། འོན་ཀྱང་། ངས་ནམ་ཡིན་ནའང་གཏམ་བཤད་སྐབས་སུ་རྫིག་རྫིག་མཁས་མཁས་ཀྱི་གཏམ་བཤད་ཅིག་བྱེད་ཐུབ་ཀྱི་མེད་ལ། དེ་ལྟར་བྱ་རྒྱུའི་འབད་བརྩོན་ཡང་བསྟེན་གྱི་མེད། དེ་ནི་ངའི་ཞན་ཆ་ཆེ་ཤོས་ཤིག་ཡིན་པར་ངོས་འཛིན་བྱས་ནའང་ཆོག འོན་ཀྱང་ངས་སེམས་གཏིང་གི་སྐད་ཆ་མང་པོ་ཞིག་ཁ་ནས་ཇི་ལྟར་ཐོན་མིན་ཡང་མི་ཤེས་པར་དགེ་ལས་སློབ་གཉེར་བ་ཚོའི་ཐུགས་ལ་འཕྲོད་མིན་མི་ཤེས་ཀྱང་། གང་ལྟར་ཚོགས་ཁང་གི་མཁའ་དབྱིངས་བརྒྱུད་ནས་ས་རྡོར་སེམས་པ་མེད་ཀྱང་གོ་ཡོད་ཚོད་ཡིན།

 

གཏམ་གླེང་མཇུག་ཆ་ཚང་བསྡུས་རྗེས། ངས་དེ་རིང་གི་སྒྲུང་ཞིག་བཤད་ཀྱི་ཡིན་ཞེས་སྐད་ཆ་གསར་པ་ཞིག་གི་འགོ་བཙུགས། དེ་རིང་ང་རང་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུ་བར་ཕྱིན་པ་ཡིན། སྤྱི་ཚོགས་ཀྱི་སྣང་ཚུལ་དང་གནས་ཚུལ་ལས་འཕྲོད་པའི་གོང་འཁོད་ཀྱི་སྒྲུང་ལས་ཟུར་ཙམ་སྨྲོས་ཏེ། སྤྱི་ཚོགས་ནང་འགྲོ་ཤེས་འདུག་ཤེས་དགོས་པ་དང་། རང་ངོ་རང་ཤེས་དང་། རང་འགན་རང་ཁུར་ངང་། ཤེས་ཡོན་དང་ཀུན་སྤྱོད་ཟུང་དུ་འབྲེལ་དགོས་པ་མ་ཟད། རྟོགས་པ་ལྷ་དང་མཉམ་ནའང་ཀུན་སྤྱོད་མི་དང་བསྟུན་དགོས།  ཞེས་པའི་ཚིག་འདིས་མཇུག་སྡོམ་ཞིག་བརྒྱབས་ཏེ་དལ་བུར་སྙིང་ཁམས་ལྷོད་ཤིག་ཤིག་ངང་སླར་ཐལ་མོའི་རྡེབ་སྒྲའི་ཁྲོད་ནས་ཕྱིར་རྒྱབ་ངོས་ཀྱི་རྐུབ་སྟེགས་ཕྱོགས་སུ་དལ་བུར་བཞུད།

 

ང་རང་ནང་དུ་སླེབས་རྗེས་དེ་རིང་གི་བྱུང་བ་རྣམས་ངོ་དེབ་ནང་ཤར་མར་ཐུང་ཐུང་ཞིག་འབྲི་འགོ་ཚུགས། གང་འཚམ་ཞིག་བྲིས་ཚར་རྗེས། ངའི་རིག་པའི་བུ་ཆུང་འདི་ཇེ་རྒོད་དུ་ཕྱིན་ཏེ། ང་རང་ལེ་ལོའི་མལ་ལས་བསླངས་ཤིང་། དེ་རིང་གི་ཉིན་ཐོ་འདི་ཇེ་རྒྱས་ཤིག་འབྲི་བར་སྐུལ་ལྕག་ཐེངས་ཤིག་བཏང་། དེ་ནས་ཁོ་བོས་ངོ་དེབ་ནང་དུ་ཐད་ཀར་བྲིས་པ་རྣམས་ཚུར་བླངས་ཏེ། རྒྱུན་གཏན་གྱི་རྩོམ་ཡིག་ཁོངས་སུ་བཞག་སྟེ་མུ་མཐུད་བྲིས། འདི་ལྟར་འབྲི་གིན་འབྲི་གིན་དོན་རྐྱེན་ཆུང་ཆུང་ཞིག་ནས་ངའི་བསམ་གཞིགས་ཀྱི་བུ་ཆུང་མི་རིགས་ཤིག་གི་སྐྱོ་གར་རྒྱ་མཚོའི་ནང་དུ་ལྷུང་། མི་ཚོས་”དགོང་མོ་མ་ཉལ་འདྲེ་དང་འདྲ། ཞོགས་པ་མ་ལངས་བ་དང་འདྲ། །”ཞེས་ཤོད་སྲོལ་ཡོད་པ་ལྟར། ངས་དོ་ནུབ་གཏམ་དཔེ་དེའི་རྗེས་འབྲངས་པ་ཞིག་མ་བྱས་བསམ་ནའང་བྱེད་དགོས་པའི་གནས་སུ་གྱུར། ད་ལྟ་ནི་འདིར་མཚན་མོའི་ཆུ་ཚོད་གཉིས་པ་རེད། ཨ་རི་དང་ཡོ་རོབ་སོགས་སུ་ཡོད་པའི་ངའི་དྲ་གྲོགས་ཁ་ཤས་ཀྱིས་ཀྱང་། “འཕྱི་པོ་ཆགས་འདུག ཉལ་གྱི་མིན་ནམ།” “go to sleep” “གཟུགས་པོའི་འཕྲོད་བསྟེན་གལ་ཆེན་པོ་རེད་ད”ཞེས་སོགས་ཀྱི་འཕྲིན་ཐུང་ཡང་ཡང་འབྱོར་བཞིན་པའི་དུས་འདིར་ངས་དེ་རིང་གི་ཉིན་ཐོ་འདི་ཇི་ལྟར་མཇུག་བསྡུ་དགོས་མིན་ཡང་མི་ཤེས་པའི་གནས་སུ་གྱུར།

 

དེར་བརྟེན་ངས་གློ་བུར་དུ་འདིར་ལྟར་དབང་མེད་དུ་ངག་ནས་ཐལ་སོང་། སྐྱབས་བཅོལ་བའི་བོད་མི་ཚོ། སྐྱབས་བཅོལ་ལག་དེབ་དེར་གཅེས་ཉར་མཛོད་དང་། དེ་ནི་ཁྱེད་ཀྱི་ཚེ་སྲོག་དང་འབྲེལ་ནས་ཡོད། སྐྱབས་བཅོལ་ལག་དེབ་གནང་མཁན་དེའི་བཀའ་དྲིན་ཡང་དྲན་པར་མཛོད་དང་། དེ་ནི་ཁྱེད་ཀྱི་ཁྱིམ་གཞིས་དང་འབྲེལ་ནས་ཡོད། སྐྱབས་བཅོལ་དུ་གནས་ཐུབ་པའི་བཀའ་དྲིན་ཡང་དྲན་པར་མཛོད་དང་། དེ་ནི་ཁྱེད་ཀྱི་འཚོ་གནས་དང་འབྲེལ་ནས་ཡོད། ཁྱེད་རང་སྐྱབས་བཅོལ་ལག་དེབ་བཟུང་མཁན་ཞིག་ཡིན་པ་དེ་ཡང་ནམ་ཡང་མ་བརྗེད་རོགས། དེ་ལྟར་བརྗེད་ན་རང་ཉིད་ཀྱིས་རང་ཉིད་ངོ་མི་ཤེས་པའི་མི་ཐ་ཤལ་ཞིག་ཏུ་འགྱུར་ངེས་རེད། ཁྱེད་རང་སྐྱབས་བཅོལ་ལག་དེབ་མེད་མཁན་གྱི་བོད་ཞིག་ཡིན་ནའང་རང་ཉིད་ཡུལ་གྱར་བ་ཞིག་ཡིན་པ་དེ་ནམ་ཡང་མ་བརྗེེད་རོགས། ས་སེན་མོ་གང་དང་ཆུ་ཐིགས་པ་གཅིག་གི་ཐོབ་ཐང་མེད་པའི་གནས་སྟངས་དེ་དྲན་པར་མཛོད། ཁྱེད་རང་རྒྱལ་ཁབ་གཞན་ཞིག་གི་མི་སེར་ལག་ཁྱེར་ཡོད་མཁན་ཞིག་ཡིན་ནའང་ང་རྒྱལ་དང་སྤོབས་སེམས་ནམ་ཡང་མ་གནང་རོགས། དོན་དམ་དུ་ཁྱེད་ཀྱི་ཤ་ཁྲག་རུས་གསུམ་འབྲེལ་བའི་མི་རིགས་འདི་ཆེས་ཉམ་ངའི་གནས་སྟངས་ཤིག་ཏུ་གྱར་ཡོད་པ་དེ་ཐུགས་ལ་ཆོངས། གང་ལྟར། རྒྱ་གར་གཞུང་དང་མི་མང་ང་ཚོ་ཡུལ་གྱར་བའི་གཞུང་སྒེར་ཚང་མར་བཀའ་དྲིན་ཆེན་པོ་རེད། ང་ཚོ་གཞུང་སྒེར་ཚང་མ་རྒྱ་གར་གཞུང་ལ་བཀའ་དྲིན་ཆེན་པོ་ཡིན་མདོག་མདོག་ནམ་ཡང་མ་གནང་རོགས། ལྷག་པར། ༸གོང་ས་མཆོག་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ང་ཚོར་བཀའ་དྲིན་ཆེན་པོ་རེད། ང་ཚོ་གང་ཟག་བྱེ་བྲག་པ་རེ་རེ་༸གོང་ས་མཆོག་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་བཀའ་དྲིན་ཆེན་པོ་ཡིན་མདོག་མདོག་ནམ་ཡང་མ་གནང་རོགས། ད་དུང་རང་ཉིད་གནས་སྡོད་བྱེད་སའི་རྒྱལ་ཁབ་དང་ས་ཁུལ་གང་དུ་ཡིན་ནའང་། སྤྱི་པའི་ཚོགས་པ་དེ་དང་དེ་རང་ལ་བཀའ་དྲིན་ཆེན་པོ་རེད་མ་གཏོགས། ཚོགས་པ་དེ་དང་དེར་ཁྱེད་རང་བཀའ་དྲིན་ཆེན་པོ་ཡིན་མདོག་མདོག་ནམ་ཡང་མ་བསམ་རོགས།

 

ཐུགས་རྗེས་གཟིགས།

མི་ལ་མིའི་རྣམ་དཔྱོད་ཡོད་པས་ཐུགས་བསམ་བཞེས། མི་སྐད་མིས་གོ་བས་སེམས་ལ་ཟུངས། མི་ཡུལ་རང་ཁྱིམ་མིན་པས་བསམ་བློ་ཐོངས།

འདི་ནི་ངའི་དཔྱོད་ཤེས་ཀྱི་བློ་མིག་གིས་ལྟ་སྟངས་ཤིག་ཡིིན།

འདི་ནི་ངའི་མི་ཚེའི་རིན་ཐང་འཚོལ་སྟངས་ཀྱི་ཟུར་ཞིག་ཡིན།

འདི་ནི་ངའི་ཚོར་སྣང་དང་འཆར་སྣང་བསྲེས་པའི་ནོར་བུ་ཞིག་ཡིན།

འདི་ནི་ངའི་ཡུལ་གྱར་ལས་དབང་འབྲེལ་ཉིན་ཐོ་ཞིག་ཡིན།

མདོར་ན། འདི་ནི་ང་ཚོ་ཚང་མའི་ཆེད་དུ་ཡིན།

 

གར་འགྲོ་གར་སྡོད་ཕ་ཡུལ་ཡིན།།
སུ་འགྲོགས་སུ་འདྲིས་སྤུན་ཉེ་ཡིན།།

མི་ཚེ་དུས་ཀྱི་འཁོར་ལོ་ཡིན།།

ད་ལྟ་ད་ལྟའི་དུས་འདི་ཡིན།།
ང་རང་ཉིན་ཐོ་མཇུག་བསྡུ་བའི་མཚམས་འདིར་སླར་ཡང་ཆུ་ཚོད་ལ་ལྟ་སྐབས། མཚན་མོའི་ཆུ་ཚོད་གཉིས་དང་ཕྱེད་ཀ་ཡོལ་ཚར་འདུག

ངའི་ལུས་པོ་དང་ཀླད་པ་ཡོངས་རྫོགས་ཚ་པོ་ཆགས་ཡོང་གི་འདུག་ལ། གློག་ཀླད་ཀྱི་ཚ་དྲོད་ཀྱིས་མཐེབ་མཛུབ་འདི་ཚོ་ཡང་ཚ་པོ་ཆགས་ཡོང་གི་འདུག གང་ལྟར་ངས་ཉིན་ཐོ་འདི་རང་ཉིད་ཀྱི་ཉིན་གཅིག་གི་སེམས་ཀྱི་ཚོར་སྣང་དང་མྱོང་སྣང་། སྤྱི་ཚོགས་ཀྱི་མཐོང་སྣང་དང་། འཆར་སྣང་སོགས་ཆ་ཚང་སྤེལ་མར་བསྲེས་པའི་ཉིན་ཐོ་ཞིག་ཡིན། རྒྱ་ཆེའི་ཀློག་པ་པོ་ལགས། མཚམས་འདི་ནས་ངས་ཁྱེད་རྣམ་པར་ང་ཉལ་ཆོག་པ་ཞུ་ཞེས་ཞུ་འདོད་བྱུང་ལ། ཉིན་ཐོ་འདི་བཀླགས་པར་ཡང་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་། ལྷག་པར་ཉིན་ཐོའི་ནང་སྤྱི་སྒེར་གང་རུང་ལ་ཕན་པའི་ཚིག་བཟང་དོན་བཟང་འདྲ་ཡོད་ན་ཐུགས་ལ་འཇོག་རོགས་ལ། ཅི་སྟེ། གཡས་ཕོག་གཡོན་ཕོག་དང་། ལོང་བ་གཡང་ཁྲིད་ལྟ་བུར་འགྱུར་ཉེན་ཡོད་ན་རྣམ་དཔྱོད་བློ་མིག་གིས་བྱི་དོར་ཡང་ཡང་མཛད་རོགས་ཞེས་ཞུ་བར་ཐལ་ལོ།།

 

འབྲེལ་ཡོད་གསར་འགྱུར།

BEIJING, CHINA - MARCH 04: Chen Jining, party secretary of Shanghai attends the opening of the fourth session of the 14th Chinese People's Political Consultative Conference (CPPCC) at The Great Hall of People on March 04, 2026 in Beijing, China. The fourth session of the 14th National Committee of the Chinese People's Political Consultative Conference (CPPCC), often referred to in its acronym form as CPCC meetings, begins on Wednesday in Beijing. (Photo by Lintao Zhang/Getty Images)
Mobile App

རྒྱ་ནག་གི་སྐབས་ཉི་ཤུ་བའི་ཆབ་སྲིད་ལྷན་ཁང་གི་ཚོགས་མི་ཞིག་ལ་ཞིབ་བཤེར་བྱེད་བཞིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
international day for the elimination of violence at Macloadganji, Dharamsala,  2026
Mobile App

ཉིན་བཅུ་དྲུག་རིང་བུད་མེད་ཀྱི་བདེ་འཇགས་སྲུང་སྐྱོབ་དང་འབྲེལ་བའི་གོ་རྟོགས་ལས་འགུལ་སྤེལ་གྱིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
Tenzin Lekshay. Photo: CTA
Mobile App

བསྟན་འཛིན་ལེགས་བཤད་ལགས་སུད་སི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག

༢༠༢༦/༡༡/༢༤
ཐའེ་ཝན་དུ་ཚོགས་འདུ་འཚོག་སྐབས། པར་ཐའེ་ཝན་དོན་གཅོད་ཀྱི་ངོ་དེབ་ལས་བླངས། ༢༠༢༦།༡༡།༢༣
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ལ་གདོང་ལེན་བྱེད་ཕྱོགས་ཐད་ཚོགས་ཆེན་ཞིག་འཚོགས།

༢༠༢༦/༡༡/༢༤
༸གོང་ས་མཆོག གསར་འགྱུར།

ཨ་རི་དང་རྒྱ་གར་གྱིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་མཉམ་ལས་བྱེད་དགོས་པའི་སྐུལ་འདེད་བྱས།

༢༠༢༦/༡༡/༢༤
Front Slider

སྤྱི་སེམས་ཚོགས་པ་ངོ་སྤྲོད་དང་ལས་དོན་གནང་ཕྱོགས།

༢༠༢༦/༡༡/༢༤

མཆན། 16

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བསེ་རུ་ལགས།
    བྱེད་པོ། སྒྲོག་མཁན། བྱེད་པོའི་བྱ་བ། སྒྲག་ཡེ། བྱ་ཡུལ། བསྒྲག་བྱའམ་བསྒྲག་ཡ། ཐོབ་པ་ལྟར།
    ཡང་། འདས་པ་བསྒྲགས། ད་ལྟ་བ། སྒྲག མ་འོངས་པ་བསྒྲག་བྱའམ་བསྒྲག་ཡ། ཡིན་པ་ཁས་ལེན་དུ་ཆུག་ཀྱང་། ང་ལ་དྭོགས་པ་དང་མི་བདེ་བ་ཅིག་ཡོད་པ་དེ་ནི། མིང་མང་ཆེ་བར་དུས་ད་ལྟ་བའི་དག་ཆ་འབྲི་དགོས་པ་ལྟར།
    འདིར་ཡང་། ཁྱབ་སྒྲག་གམ་ཁྱབ་སྒྲོག དྲིལ་སྒྲག་གམ་དྲིལ་སྒྲོག ཕྱོགས་སྒྲིག འཁྱོན་སྡོམ་ཞེས་བྱུང་ན་རྒྱུ་མཚན་ཀུན་མཉམ་ཐོག བོད་ཡིག་དང་བོད་སྐད་སླ་རུ་སྤྱོད་ཤེས་པས་དོན་དུ་བཤད་པ་ཡིན་ལགས། མུ་མཐུད་ནས་དགག་གཞག་ལ་དགའ་བསུ་ཡོད་དོ། །

    Reply
  2. བསེ་རུ། says:
    ལོ་ 14 སྔོན།

    བསྟན་འཛིན་བསོད་ནམས་ལགས་དང་། སྐྲན་ལགས། སྤེན་རྡོར་ལགས་གསུམ་གས་རིམ་པར་”ཡིག་ནོར་བརྩེགས་ཐོ་”བརྒྱབས་འདུག་ཅེས་གསུངས་འདུག་ཀྱང་། ཡིག་ནོར་འདི་དང་དེ་རེད་ཅེས་སྣ་ལ་མཛུབ་མོ་བཙུགས་མ་བྱུང་།
    ད་བར་བསྒུགས་པ་ཡིན། ཅི་སྟེ། ཡིག་ནོར་ཡོད་པ་ཤེས་བཞིན་དུ་ཐེར་འདོན་མ་གནང་ན། དེ་ནི་འགན་ཁུར་མེད་པའི་བཀའ་མོལ་དུ་ངོས་བཟུང་རྒྱུ་ལས་མ་འདས། ལྷག་བསམ་རྣམ་དག་གི་བཀའ་མོལ་ཞིག་ཡིན་ན། ཁྱེད་རྣམས་ཀྱིས་གང་མཐོང་བའི་ཡིག་ནོར་རྣམས་ཟུར་འདོན་གནང་རོགས། ང་དང་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་རེད།

    ཀརྨ་རྡོ་རྗེ་ལགས་ཀྱིས། འགོ་དང་མགོ འཇུག་དང་མཇུག བཞིའི་འཇུག་དོན་དཔེ་མཚོན་དང་བཅས་གསལ་པོར་གསུངས་འདུག
    འོན་ཀྱང་། གསལ་བསྒྲགས་ལས་གསལ་སྒྲག་ལེགས་པའི་དགོངས་ཚུལ་གསུངས་འདུག་པར། ངས་བསམ་ན། “བོད་ཡིག་གི་དག་ཆའི་རིགས་རང་འདོད་ལྟར་གང་བྲིས་བྲིས་དང་། གང་བྱུང་བྱུང་བེད་སྤྱོད་བཏང་ན། བརྡ་དག་གི་རྣམ་གཞག་མི་དགོས་ལ། དག་ཡིག་དང་ཚིག་མཛོད་ཀྱི་རིགས་ཀྱང་བེད་མེད་ཁོ་ན་མ་ཡིན་ནམ། “ཞེས་དྲི་རྟགས་ཞིག་སླར་ཡང་འགོད་དགོས་ཐུག་སོང་།

    འབུར་ཐོ་ལགས། སྐུལ་ལྕག་དང་ཕྱིར་དྲན་གནང་བ་བཀའ་དྲིན་ཆེ།

    Reply
  3. འབུར་ཐོ། says:
    ལོ་ 14 སྔོན།

    དྲ་གྲོགས་བསེ་རུ་ཟེར་བ་འདི་སྔོན་མ་ནས་གོ་མྱོང་། རྩོམ་ཡིག་མང་བ་འབྲི་མཁན་ཞིག་རེད་ལ། དག་ཆ་ངར་བ་ཅན་ཞིག་རེད། གང་དུ་ཡོད་དང་ལས་གནས་མ་ཤེས། དེ་རིང་རྩོམ་འདི་བཀླགས་རྗེས་གྲོགས་པོ་ཁྱོད་ཀྱི་ལས་བྱ་དང་སེམས་ཚོར་ཚང་མ་ཤེས་ཐལ། རྩོམ་ཡིག་འདིས་ང་ལ་ཡང་ཚོར་སྣང་ཟབ་མོ་ཞིག་སྟེར་སོང་། གཞན་ཚོ་ལ་ཡང་དེ་ལྟར་ཡིན་རྒྱུ་རེད། ངས་གོང་དུ་འཆན་ཞིག་བྲིས་ཡིན་མོད། ཕལ་ཆེར་འགྲོ་མ་ཐལ་བསམ་སོང་། གྲོགས་པོ་རྗེས་ཕྱོགས་ཀྱང་འདི་ལྟ་བུའི་རྩོམ་ཡིག་རེ་སྤེལ་རྒྱུ་ངས་རེ་བ་ཡིན། གཞི་རིམ་ལ་འདི་ལྟ་བུའི་གོ་བདེ་ཞིང་། སློབ་གསོ་ལྡན་པའི་རྩོམ་ཡིག་རེ་དགོས་གལ་ཆེ། རྩོམ་ཡིག་འདི་ཉིན་གསུམ་གྱི་རིང་ཚར་ཆིག་སྟོང་དྲུག་བརྒྱ་ཉི་ཤུ་རྩ་དྲུག་བཀླགས་འདུག དེ་ནི་དོ་སྣང་བྱེད་མཁན་ཡོད་པའི་དཔང་རྟགས་ཤིག་རེད། དྲྭ་གྲོགས་ལགས། ཐུགས་རྗེ་ཆེ།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    འགོ་འཇུག་གཉིས་དང་མགོ་མཇུག་གཉིས་ཀྱི་ཐོབ་སའི་ཁྱད་པར།

    འགོ་ནི། འགོ་པ། བྱ་བ་སོགས་འགོ་རྩོམ། འགོ་འཛིན།
    འཇུག་ནི། རྗེས་འཇུག ཡང་འཇུག འཇུག་ཡུལ། ཡར་འཇུག་ས་སོགས་སོ།
    དང་།
    མགོ། མི་མགོ། ར་མགོ ལུག་མགོ རོ་མགོ་རེད། མགོ་འཐོམ་སོགས་དང་།
    མཇུག་ནི། མགོ་མཇུག སྦུལ་གྱི་མགོ་མཇུག བ་ཡི་མཇུག་མ། མཇུག་སྒྲོ་སོགས་ལྟ་བུའོ། །

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཡིག་ནོར་ལ་དགོངས་དག་དང་། རང་ལུགས་དཔེ་སྟོན་གསར་རྙིང་།
    ཨིན་ཇིས་བོད་ནང་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་གསལ་སྒྲག་ཅིག་གནང་འདུག་པ། འདི་ཡི་འགོ་ནས་འཇུག་བར་ཚར་གཅིག་བཀླགས་ནས། དེ་ཡི་ནང་དོན་ལ་གུས་རྩི་་ཚད་མེད་ཞུ་བཞིན་ཡོད་ལགས། ལྟ་བུའོ། །

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ངས་ནི། དབྱིན་ཇི་དང་དབྱིན་ཇི་གཉིས་ལ་ཁྱད་པར་མེད་པས་གཉིས་ཀ་དག་པར་འདོད།
    སྲུང་བརྩི་དག་ལ། སྲུང་གཙི་ལ་ཁུངས་མེད། མི་དང་དུ་འགྲོར་མགོ་དང་མཇུག་མ་དང་། ལས་དང་ཡི་གེར་འགོ་དང་འཇུག་ཅས་བྲིན་ན་བདེ། གསལ་བསྒྲགས་འདི་འདས་པས་མི་འཐད་ལ། མིང་ལ་ད་ལྟ་བ་བཀོལ་ན་བཟང་བས། གསལ་སྒྲག་ཅེས་པ་ཞིག་དགོས་འདུག་སྙམ་ཡང་དཔྱད་པར་འཚལ།

    Reply
  7. མི་ཆུང་། says:
    ལོ་ 14 སྔོན།

    ཉིན་ཐོ་ཡག་པོ་བྲིས་འདུག བསྔགས་བརྗོད་ཡོད།

    Reply
  8. སྤེན་རྡོར། says:
    ལོ་ 14 སྔོན།

    རྒན་ངག་དབང་རྡོ་རྗེ་ལགས། སོ་སོའི་རྩོམ་ཡིག་ནང་ཡིག་ནོར་བརྩེགས་ཐོ་བརྒྱབ་ཡོད་པ་ད་དུང་མཐོང་གི་མེད་ན་ང་ལ་བཤད་རྒྱུ་གང་ཡང་མེད།
    གོང་གི་ཁྱེད་ཀྱི་གསུང་སྟངས་ལ་ཉན་ན། དེ་སྔ་སྐུ་ཉིད་དང་སྐུ་ཉིད་ལྟ་བུ་མང་པོ་ཞིག་གིས་ཀུན་སློང་ཡག་སྡུག་ཅི་རིགས་ཐོག བོད་ཀྱི་དུས་བབ་ནང་ཡིག་ནོར་འདུག་ཟེར་ནས་སྐད་བརྒྱབ་པ་དེར་གནོང་འགྱོད་སྐྱེ་དགོས་ངེས་ཤིག་ཡིན་འདུག་མོད། ད་སྔ་ནོར་འཁྲུལ་ངོས་ལེན་དང་དགོངས་སེལ་ཞུས་པ་དེ་འདྲ་མཐོང་ཐོས་མ་སོང་། (འདི་ནས་གསལ་བཤད་ཞུ་དགོས་པ་ཞིག་ལ། བསེ་རུ་ལགས་ལ་མཚོ་ན། དུས་བབ་ཐོག་ཀུན་སློང་གཙང་མ་རྣམ་དག་ཡིན་པ་ཡིད་ཆེས་ཡོད)
    བསྒྲགས་དང་སྒྲོག བརྩི་དང་གཙི། མགོ་དང་འགོ དབྱིན་དང་ཨིན། འདི་རིགས་ཐོག་ཁྱེད་རང་གིས་གསུངས་པ་ལྟར། མ་འོངས་པར་ཤར་མཐོང་དུས་ནུབ་མ་མཐོང་བ་དང་ནུབ་མཐོང་དུས་ཤར་མ་མཐོང་བའི་རང་ལྟ་མཆོག་འཛིན་གྱི་བློ་མིག་མ་གནང་ན་ལེགས་པར་མཐོང་ངོ་།།

    Reply
  9. བསེ་རུ། says:
    ལོ་ 14 སྔོན།

    ཀརྨ་རྡོ་རྗེ་ལགས།

    ཡོངས་ཁྱབ་ཏུ་གསལ་བསྒྲགས་ཞེས་སྤྱོད་མུས་ལ། གསལ་སྒྲག་དང་། གསར་བསྒྲགས་ཞེས་སྤྱོད་མཁན་ཡང་འདུག ད་དུང་། དྲིལ་བསྒྲགས་ལ་དྲིལ་སྒྲོག ཁྱབ་བསྒྲགས་ལ་ཁྱབ་སྒྲོག་ཅེས་སོགས་རང་འདོད་ལྟར་སྒྱུར་བཅོས་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག་པས། བོད་ཡིག་གི་དག་ཆའི་རིགས་རང་འདོད་ལྟར་གང་བྲིས་བྲིས་དང་། གང་བྱུང་བྱུང་བེད་སྤྱོད་བཏང་ན། བརྡ་དག་གི་རྣམ་གཞག་མི་དགོས་ལ། དག་ཡིག་དང་ཚིག་མཛོད་ཀྱི་རིགས་ཀྱང་བེད་མེད་ཁོ་ན་མ་ཡིན་ནམ།

    གང་ལྟར། སྨྱུག་ཐོགས་པ་ཚོས་སྐབས་འགའ་ཞིག་ལ་”དབྱིན་དང་ཨིན་”ལྟ་བུར་ཐུགས་སྣང་ཆེ་མདོག་དང་། སྐབས་འགའ་ཞིག་ལ་ཆེད་གཉེར་གྱིས་”སྲུང་བརྩི་”ལྟ་བུ་”སྲུང་གཙི་”རུ་བཅོས་པ་སོགས་ཤར་མཐོང་དུས་ནུབ་མ་མཐོང་བ་དང་། ནུབ་མཐོང་དུས་ཤར་མ་མཐོང་བའི་ཟོལ་གྱིས་རང་ལྟ་མཆོག་འཛིན་གྱི་བློ་མིག་ཐོགས་པའང་ཡོང་གིན་འདུག་པས། དེ་རིགས་ཀྱིས་བློ་གཟུ་བོར་གནས་ཐུབ་པའི་ཆེད་མན་ངག་རིན་ཆེན་རིལ་བུ་གང་མང་ཐབས་འཚོལ་གྱིས་ཡང་ཡང་མཆོད་རོགས་ཞུ་རྒྱུ་ཡིན། །

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བསེ་རུ་ལགས།
    གསལ་བསྒྲགས་འདི་ཡང་གསལ་སྒྲག་ཅེས་བྲིས་ན་སྐྱོན་ཁོ་ན་ལས་ཡོན་ཏན་ཅང་མེད་པ་ཡིན་ནམ།

    Reply
  11. བསེ་རུ། says:
    ལོ་ 14 སྔོན།

    དྲ་གྲོགས་བསྟན་འཛིན་བསོད་ནམས་ལགས་དང་། སྐྲན་ལགས། ཁྱེད་རྣམ་གཉིས་ཀྱིས་”བརྩེགས་ཐོ་”བརྒྱབས་པའི་ཡིག་ནོར་རྣམས་ཟུར་འདོན་གནང་སྟེ་འདིར་འགོད་རོགས་གནང་། ང་དང་རྒྱ་ཆེའི་ཀློག་པ་པོ་ཀུན་ལ་ཕན་ཐོགས་ཡོང་ངེས་རེད།
    དེའི་རྗེས་ཁོ་བོས་རང་ཉིད་ཀྱིས་རང་ཉིད་ལ་ཐེངས་ཤིག་བལྟས་ཆོག

    དྲ་གྲོགས་ཚང་མས། ཁོ་བོར་ལམ་སྟོན་དང་སྐུལ་ལྕག་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུའོ།།

    “ནོར་འཁྲུལ་ངོས་ལེན་མེད་པའི་མི་དེར་ནམ་ཡང་ཡར་རྒྱས་ཀྱི་རེ་བ་མེད།” དེ་དོན་ཐུགས་ལ་འདོགས་རོགས། བསེ་རུས་གདམས་པའོ།།

    Reply
  12. གངས་རི་བ་བློ་གཏེར་རིག་མཛོད། says:
    ལོ་ 14 སྔོན།

    སློབ་དཔོན་ལགས་ཀྱི་ཉིན་ཐོ་མགོ་ནས་འཇུག་བར་བཀླགས་པ་ཡིན། སྙན་པོ་ཞེ་བོ་བྱུང་། ཐུགས་རྗེ་བཀྲིན་ཆེ་གནང་། སློབ་དཔོན་ལགས། སྐུ་ཉིད་ཀྱི་རྩོམ་ཡིག་ལ་སྒྱུ་རྩལ་གྱི་བྲོ་བ་ཆེས་ཁྱད་དུ་འཕགས་པ་ཞིག་ལྡན་པས་ཀློག་པ་པོ་མང་པོ་ཞིག་ལ་བློ་བསྐྱེད་གསར་པ་འབྱུང་བའི་འབྱུང་ཁུངས་ལྟ་བུར་གྱུར་འདུག་པས་མུ་མཐུད་ནས་འདི་ལྟར་རྩོམ་པའི་ལས་ལ་འཇུག་པར་མཁྱེན་འཚལ་ཞུ།

    Reply
  13. སྐྲན། says:
    ལོ་ 14 སྔོན།

    མ་གཞི་བཀའ་དྲིན་ཞུ་དགོས་པའི་ཡུལ་རེད་མོད་ཀྱང་། དོན་ངོ་མར་’ཡིག་ནོར་བརྩེགས་ཐོ་བརྒྱབས་’ནས་མཐོང་རྒྱུ་འདུག་ལ་དོན་ནོར་ཡང་ལེའུ་ཚན་དང་པོའི་མཐའ་ན་”ང་རང་འཐོམས་ཞྭ་གྱོན་པའི་བྱས་འབྲས་”ཟེར་བ་ལྟ་བུ་སོགས་ཀྱང་ཁྱོད་རང་གིས་ཅི་ཞིག་གྱོན་པ་མིན་འགྲོ་བསམ་སོགས་མང་དུ་འདུག་པས། རྗེས་ཕྱོགས་གཟབ་པར་འཚལ་ལགས།

    Reply
  14. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    དངོས་ཡོད་གནས་ཚུལ་ཞིག་ཉིན་ཐོར་བཀོད་པ་དེར་ལེགས་ཆ་མང་བས་ཐུགས་རྗེ། རྒྱུན་མཐུད་ཡོང་བ་ཤོག གཟིམས་འཇགས་གནང་རོགས།

    Reply
  15. བསྟན་འཛིན་བསོད་ནམས། says:
    ལོ་ 14 སྔོན།

    བསེ་རུ་ལགས། སྔོན་ཆད་དུས་བབ་ཚང་ལ་ཡིག་ནོར་འདུག་ཟེར་ནས་སྐད་བརྒྱབ་པ་རེད། ད་ལྟ་སོ་སོའི་རྩོམ་ཡིག་ནང་དུ་ཡང་ཡིག་ནོར་བརྩེགས་ཐོ་བརྒྱབས་ཡོད་པ་ག་རེ་ཡིན་ན། ཧ་ཧ་ཧ་་་་་་་་རྩེད་མོ་ཡིན། ཉིན་ཐོ་ཡིན་དུས་དོ་སྣང་དེ་ཙམ་མ་གནང་བ་ཡིན་པར་ཆ་བཞོག
    མ་གཞི་ཉིན་ཐོ་ཧ་ཅང་ཡག་པོ་བྲིས་འདུག ང་ཚོར་ཡང་འདི་འདྲ་འབྲི་བའི་ལམ་སྲོལ་ཡོད་ན་ཧ་ཅང་ཡག་པོ་ཡོང་ས་རེད། ཉིན་ཐོ་འདི་རྩོམ་སྟངས་མ་འདྲ་བ་ཞིག་རེད། ནུས་པ་ཆེན་པོ་དང་ཀློག་སྤྲོ་བོ་ཡོད་པ་རེད། སྔོན་མ་རྒྱ་གར་གྱི་སྲིད་དོན་པ་དང་རྩོམ་པ་པོ་ཉིན་ཐོ་སྤེལ་མཁན་དེ་མང་པོ་ཞིག་བྱུང་ཡོད་པ་རེད། སྤྱི་ཚོགས་ནང་སྐད་གྲགས་ཆེན་པོ་ཆགས་པ་མ་ཟད་ནུས་པའང་ཆེན་པོ་འཐོན་པ་དེ་འདྲ་བྱུང་ཡོད། དེང་སྐབས་ཨ་རི་དང་ཡོ་རོབ། འཇར་པན་སོགས་སུ་གསར་འགོད་པ་དང་། རྩོམ་སྒྲིག་པ་ཉིན་ཐོ་རྒྱུན་མུར་སྤེལ་མཁན་སྐོར་ཞིག་ཡོད་པ་རེད། འཛམ་གླིང་ནང་མི་ཧ་ཅང་མང་པོས་ཁོང་ཚོའི་ཉིན་ཐོ་ལ་དོ་སྣང་སྤྲོད་ཀྱི་ཡོད་པ་རེད། ང་ཚོར་ཡང་དེ་འདྲ་འགའ་ཤས་ཡོད་ན་ཡག་པོ་འདུག

    Reply
  16. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་་། སྐྱབས་བཅོལ་བའི་བོད་མི་ཚོ། སྐྱབས་བཅོལ་ལག་དེབ་དེར་གཅེས་ཉར་མཛོད་དང་། དེ་ནི་ཁྱེད་ཀྱི་ཚེ་སྲོག་དང་འབྲེལ་ནས་ཡོད། སྐྱབས་བཅོལ་ལག་དེབ་གནང་མཁན་དེའི་བཀའ་དྲིན་ཡང་དྲན་པར་མཛོད་དང་། དེ་ནི་ཁྱེད་ཀྱི་ཁྱིམ་གཞིས་དང་འབྲེལ་ནས་ཡོད། སྐྱབས་བཅོལ་དུ་གནས་ཐུབ་པའི་བཀའ་དྲིན་ཡང་དྲན་པར་མཛོད་དང་། དེ་ནི་ཁྱེད་ཀྱི་འཚོ་གནས་དང་འབྲེལ་ནས་ཡོད། ཁྱེད་རང་སྐྱབས་བཅོལ་ལག་དེབ་བཟུང་མཁན་ཞིག་ཡིན་པ་དེ་ཡང་ནམ་ཡང་མ་བརྗེད་རོགས། དེ་ལྟར་བརྗེད་ན་རང་ཉིད་ཀྱིས་རང་ཉིད་ངོ་མི་ཤེས་པའི་མི་ཐ་ཤལ་ཞིག་ཏུ་འགྱུར་ངེས་རེད། ་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese