སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་བ་ཟླ་འདིའི་ཕྱི་ཚེས་ ༡༤ ནས་ ༢༢ བར་ཚོགས་རྒྱུ་ཡིན་འདུག་ལ། ཚོགས་འདུའི་སྟེང་བོད་ནང་གི་ཛ་དྲག་གི་གནས་སྟངས་གཙོས། ཁྲིམས་བཟོ་དང་འདས་པའི་ལོ་གཅིག་གི་བཀའ་ཤག་གི་ལས་བསྡོམས་བཅས་ཀྱི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་འདུག
དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༣༠ སྟེང་། སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་བ་དེ་གངས་སྐྱིད་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་ཡང་སྟེང་གི་ཚོགས་ཁང་དུ་དབུ་འཛུགས་གནང་སོང་། ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་། སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་དབུས་པའི་སྤྱི་འཐུས་རྣམ་པ། ཟུར་ཉན་དུ་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་གསར་འགོད་པ་བཅས་ཕེབས་འདུག
ཚོགས་འདུའི་ཐོག་མར་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་གསལ་བསྒྲགས་དང་འབྲེལ་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གྱེར་འདོན་། ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གཏམ་བཤད་བཅས་གནང་གྲུབ་རྗེས། ཚོགས་གཙོ་མཆོག་གིས་སྤྱི་འཐུས་སྒྲོལ་མ་ཚེ་རིང་དང་སྨོན་ལམ་མཐར་ཕྱིན། ཡེ་ཤེས་སྒྲོལ་མ་གསུམ་ཚོགས་གཙོའི་ལས་ཚབ་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་དང་མཁན་པོ་ནོར་བུ་ཚེ་རིང་། དགེ་བཤེས་སྐལ་བཟང་དགྲ་འདུལ། ཆུང་བདག་ཀོ་རིན་བཞི་ལས་རིམ་ཚོགས་ཆུང་གི་ཚོགས་མི་བཅས་སུ་བསྐོ་འཛུགས་གནང་སོང་། དེའི་རྗེས་ཚང་མ་སྐུ་བཞེངས་ཐོག་ཕྱི་ལོ་ ༢༠༠༩ ལོ་ནས་ད་ལྟའི་བར་བོད་ནང་བོད་མི་ ༥༡ གིས་རང་ལུས་མེར་བསྲེཊ་གནང་སྟེ་མི་ ༤༡ འདས་གྲོངས་སུ་ཕྱིན་པ་དང་། སྐུ་གཤེགས་སྤྱི་འཐུས་ཚོགས་གཙོ་ཟུར་པ་དང་བཀའ་ཟུར་ཨ་ལགས་འཇིགས་མེད་མཆོག སྤྱི་ཟུར་པ་མདའ་ཟུར་ཉི་བཟང་མཆོག་བཅས་ལ་མྱ་ངན་གུས་འདུད་བཅས་གནང་རྗེས། བོད་ནང་གི་ཛ་དྲག་གནས་སྟངས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་མགོ་འཛུགས་གནང་སོང་།
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་ཚོགས་འདུ་དབུ་འཛུགས་གཏམ་བཤད་ནང་། བོད་ནང་ད་ལྟའི་བར་རང་ལུས་མེར་བསྲེགས་གནང་མཁན་ ༥༡ དང་། འདས་གྲོངས་སུ་ཕྱིན་པ་ ༤༡ ། ད་དུང་གནས་སྟངས་གསལ་བོ་མ་ཤས་པའི་རིགས་སོགས་གནས་ཚུལ་མང་པོ་བྱུང་ཡོད་ཀྱང་། རྒྱ་གཞུང་གིས་ད་དུང་དམག་མི་མང་དུ་གཏོང་གི་ཡོད་སྟབས། ད་རེབ་གྲོས་ཚོགས་ཀྱི་ཉིན་དང་པོར་བོད་ནང་རྒྱ་ནག་གིས་སྲིད་བྱུས་ག་རེ་འཛིན་གྱི་ཡོད་མེད་དང་། བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་པ་དང་། ད་ལྟའི་བར་བཀའ་བློན་ཁྲི་པ་དབུས་པའི་བཀའ་བློན་རྣམ་པ་དང་འཛིན་སྐྱོང་གི་ལས་བྱེད། ཚོགས་གཙོ་སྦྲེལ་པོ་དབུས་པའི་སྤྱི་འཐུས་ཚང་མས་ལས་འགུལ་རབས་དང་རིམ་པ་སྤེལ་ཡོད་ཀྱང་། ད་དུང་ལས་འགུལ་ཤུགས་ཆེ་རུ་གཏོང་དགོས་པའི་གནས་སྟངས་ཆགས་ཡོད་པ། སྤྱིར་རྒྱལ་སྤྱིའི་ཐོག་བོད་པར་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་ཀྱང་། ད་ལྟའི་བོད་ནང་གི་གནས་སྟངས་ཐོག་དོན་ལ་འཁེལ་བ་ཞིག་མ་བྱུང་ཚུལ་སོགས་གསུངས་སོང་།
ཁོང་གིས་མུ་མཐུད་དུ་དེང་སྐབས་རྒྱ་ནག་གི་མགོ་ཁྲིད་བརྗེ་བསྒྱུར་ལ་ཁེལ་ཡོད་སྟབས། བོད་ནང་ལྷིང་འཇགས་ཡོང་ཐབས་ཐོག་ལས་ཀ་བྱ་རྒྱུར་རེ་བ་མཐོང་གི་མེད་པ་དང་། བཙན་བྱོལ་བོད་མི་ཚོས་བོད་ནང་གི་ལས་འགུལ་སྤེལ་བ་དེ་དག་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་གང་ཐུབ་བྱ་དགོས་པ། ཐབས་ལམ་གང་འདྲར་བརྟེན་དགོས་ཀྱང་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དེ་རྒྱ་ནག་གི་མགོ་ཁྲིད་ཚོ་དང་བཀའ་མོལ་གནང་རྒྱུ་ལས་ཐབས་ལམ་གཞན་མེད་པ། དེ་ལ་རྒྱལ་སྤྱིའི་ཐོག་གི་རོགས་རམ་མེད་ན་རྒྱ་ཕྱོགས་ནས་ཡ་ལན་སྤྲོད་དཀའ་བ་དང་། ད་བར་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ལས་འགུལ་སྤེལ་བར་བསྔགས་བརྗོད་དང་། སྤྱི་འཐུས་ཀྱི་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་ལ་མུ་མཐུད་མང་ཚོགས་ཀྱིས་རྒྱབ་སྐྱོར་དང་མཉམ་ཞུགས་ཡོང་བའི་འབོད་སྐུལ་བཅས་གནང་སོང་།
ཡང་ཁོང་གིས་ཐེངས་འདིའི་གྲོས་ཚོགས་ཀྱི་ལས་རིམ་ཐད། ཕྱི་ཟླ་དགུ་བའི་གྲོས་ཚོགས་ནང་གཙོ་བོ་འཛིན་སྐྱོང་བཀའ་ཤག་གི་འདས་པའི་ལོ་གཅིག་རིང་ཕྱག་ལས་ག་རེ་གནང་ཡོད་མེད་ཀྱི་ལས་བསྡོམས་ཐོག་བསྐྱར་ཞིབ་བྱ་རྒྱུ་དེ་ཡིན་སྟབས། བཀའ་ཤིག་གི་འདས་པའི་ལོ་གཅིག་རིང་གནང་ཟིན་པའི་ཕྱག་ལས་ཐོག མི་མང་གི་བསམ་ཚུལ་དང་སྤྱི་འཐུས་རྣམ་པས་དོགས་འདྲི་དང་དགོངས་ཚུལ་གསུང་རྒྱུ། འཛིན་སྐྱོང་བཀའ་ཤག་གིས་གསལ་བཤད་ལན་འདེབས་གནང་རྒྱུའི་བང་བསྒྲིགས་ཡོད་པ། ཁྲིམས་བཟོའི་ལས་དོན་གྱི་ཐད་ནས་སྒྲིག་གཞི་བསྐྱར་བཅོས་ཁག་ཅིག་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དང་གསུམ་པའི་ཐོག་བཙུགས་པའི་ཆེད་བཙུགས་ཚོགས་ཆུང་གཉིས་ཀྱི་ལས་བསྡོམས་སྙན་ཐོའི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་སྐོར་སོགས་གསུངས་སོང་།
མཇུག་ཏུ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཉེ་ལམ་༸གོང་ས་མཆོག་གིས་ལ་དྭགས་བསོད་ནམས་གླིང་ཨི་ཊ་ལིར་ཐུགས་ཕམ་གྱི་བཀའ་སློབ་གནང་བའི་ཐོག་གསུངས་དོན། “ བར་ལམ་ང་ཚོའི་སྤྱི་ཚོཊ་ནང་གི་གནས་ཚུལ་བྱུང་སྟངས་ལ་བརྟེན་ནས། ༸གོང་ས་མཆོག་ཐུཊ་ཕམ་བྱུང་བའི་གནས་ཚུལ་ཆགས་ཡོད་པ་རེད། ངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་མིང་འཁུར་ཡོད་པའི་ཆ་ནས། ༸རྒྱལ་བ་རིན་པོ་ཆེ་ཐུཊ་ཕམ་བྱུང་བའི་གནས་ཚུལ་མ་ཡོང་གོང་ནས་འགན་ཁུར་ཏེ། ཐུགས་ཕམ་འབྱུང་གཞི་ལ་གདོང་ལེན་བྱ་དགོས་པ་ཞིག་ཆཊ་ཡོད་པ་དང་། ལྷག་པར་དུ་དམངས་གཙོའི་འཕེལ་རིམ་གྱི་ཐོག་ནས་ང་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོཊ་ལ་འགན་ཡོད་པ་རེད། ༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་སྔོན་མའི་འགྲོ་སྟངས་ལྟར་ན། ༸རྒྱལ་བ་རིན་པོ་ཆེས་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་གཞུང་གི་འགན་འཛིན་གཉིས་ཀ་གནང་སྐབས། བཀའ་རྩ་ཁྱབ་བསྒྲགས་གནང་བའི་ལམ་སྲོལ་ཞིག་ཡོད་པ་རེད། བཀའ་རྩ་ཁྱབ་བསྒྲགས་གྲོས་ཚོགས་ཀྱི་ངོས་ལེན་མ་བྱས་པ་དང་ཁྲིམས་དང་སྒྲིག་གཞིར་གཏན་འབེབས་བྱེད་མ་ཐུབ་པའི་གནས་ཚུལ་ཡང་བྱུང་ཡོད། ༸རྒྱལ་བ་རིན་པོ་ཆེ་མཆོག་གིས་དམིགས་བསལ་ཚོགས་ཆེན་དང་གཞུང་མང་རྒྱལ་ཡོངས་ཚོགས་ཆེན། ལྷག་པར་དུ་སྐུ་དབང་རྩིས་སྤྲོད་དང་འབྲེལ་བ་ཡོད་པའི་གནས་ཚུལ་ཐོག མང་ཚོགས་ནང་ཁ་བདེ་བོ་རེ་ཟུང་གིས་སོ་སོའི་བསྒྲུབ་དགོས་པ་ཏག་ཏག་མི་བསྒྲུབ་པར། སྤྱི་ཚོགས་ནང་དཀྲུགས་ཤིང་རྒྱག་པ་དང་། རྒྱུ་མཚན་མེད་པའི་བཀའ་མོལ་གནང་བ་ལ་བརྟེན་ནས་ཡོང་གི་ཡོད་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་མཚམས་རེར་འགྲེལ་བཤད་རྒྱག་སྐབས། སོ་སོའི་འདོད་ཕྱོགས་དེ་ཡིན་པ་དང་། གཞན་མ་ཡིན་པའི་འགྲེལ་བཤད་དེ་འདྲ་སྐྱོན་གནང་གི་འདུག ཚོགས་གཙོར་དེ་འདྲའི་རིགས་བཤད་མཁན་མང་པོ་བྱུང་། སྐབས་རེར་ལན་འདེབས་རྒྱག་དགོས་བསམ་པའི་དུས་ཡང་ཡོང་གི་འདུག” ཅེས་དང་།
ཁོང་གིས་མུ་མཐུད་དོན། ” སྐབས་རེར་ལན་འདེབས་མ་གནང་ན་ཡག་པོ་མེད་འགྲོ་བསམ་ནས་བཞག་པ་ཡིན། དེར་བརྟེན། ༸རྒྱལ་བ་རིན་པོ་ཆེས་བཀའ་གནང་ཡང་མཐའ་མའི་གཏན་འབེབས་གྲོས་ཚོགས་རང་གིས་གནང་ཡོད་སྟབས། མཐའ་མའི་འགན་དེ་ང་ཚོ་གྲོས་ཚོགས་ཀྱིས་འཁུར་དགོས་པ་རེད་མ་གཏོགས། ༸རྒྱལ་བ་རིན་པོ་ཆེར་ཐུགས་ཕམ་འབྱུང་གཞིའི་གནས་ཚུལ་དེ་འདྲ་སྤྱི་ཚོགས་ནང་གསུང་བསྡད་པ་ཡིན་ན། ཏག་ཏག་བསྡད་ཡོད་པ་མ་རེད། མ་འོངས་པར་དེའི་རིགས་ལ་གདོང་ལེན་བྱ་དགོས་པ་རེད། སྤྱི་འཐུས་རྣམ་པ་ཚོ་ས་བགོས་ལྟར་ས་གནས་ཁག་ཏུ་ཕེབས་སྐབས། སྤྱི་བའི་ལངས་ཕྱོགས་གང་ཡིན་པ་དེ་གསུང་རྒྱུ་ལས། སོ་སོ་སྒེར་གྱི་ལངས་ཕྱོགས་གསུང་བསྡད་པ་ཡིན་ན། བོད་མི་མང་སྤྱི་འཐུས་ཀྱི་ལས་འགན་འགྲུབ་ཀྱི་ཡོད་པ་མ་རེད། མ་འོངས་པར་ཐུགས་ཕམ་མི་ཡོང་བའི་གཞི་རྩ་ང་ཚོས་བསྒྲུབ་དགོས་པ་རེད་མ་གཏོགས། གཞན་པ་སུ་གང་སྒྲུབ་མཁན་ཡོད་པ་མ་རེད། སྤྱིའི་ཐོག་བསམ་བློ་བཏང་སྟེ་ད་ཐེངས་ནས་བཟུང་༸རྒྱལ་བ་རིན་པོ་ཆེ་ཡང་བསྐྱར་ཐུགས་ཕམ་མི་བཟོ་བའི་དམ་བཅའ་བརྟན་པོ་འཛིན་རྒྱུ་གལ་ཆེན་པོ་རེད། དེའི་ཐད་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཚང་མར་འགན་ཡོད་པ་རེད། ང་ཚོ་འགན་འཁུར་མཁན་ཚོ་དང་གཏམ་བཤད་བྱེད་བསྡད་མཁན་ཚོའི་བར་འཁྲུག་བསྡད་པ་ཡིན་ན། རང་བཞིན་གྱིས་མི་མང་ནང་འཁྲུག་བསྡད་ཡོད་སྟབས། མི་མང་ནང་གོ་རྟོགས་གསལ་བོ་ཞིག་སྤེལ་རྒྱུ་གལ་ཆེན་པོ་རེད། ”ཅེས་སོགས་གསུངས་བྱུང་།
གསར་འགོད་པ། དོན་གོ
་་་་་་། ང་ཚོ་འགན་འཁུར་མཁན་ཚོ་དང་གཏམ་བཤད་བྱེད་བསྡད་མཁན་ཚོའི་བར་འཁྲུག་བསྡད་པ་ཡིན་ན། རང་བཞིན་གྱིས་མི་མང་ནང་འཁྲུག་བསྡད་ཡོད་སྟབས། མི་མང་ནང་གོ་རྟོགས་གསལ་བོ་ཞིག་སྤེལ་རྒྱུ་གལ་ཆེན་པོ་རེད། ཟེར།
དྲ་གྲོགས་ཤར་ཕྱོགས་ཁུག་རྟ་ལགས་ རང་གིས་མཁྱེན་གསལ་རེད་ རང་བཙན་འཐབ་རྩོད་གནང་མཁན་གཞོན་ནུ་ཚོགས་པ་དང་ དེ་འདྲ་བའི་རྣམ་དཔྱོད་ཅན་རྣམས་ ག་འདྲ་བྱས་ནས་ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨད་ཞུས་མཁན་ཆགས་པ་རེད་དམ་། ཚིག་དེ་འདྲ་བེད་སྤྱོད་གཏོང་ན་ ཧ་ཅང་མ་འོས་པ་དང་ ལག་དག་ས་རེད་དམ་ སྒེར་གྱི་གནས་དོན་ལས་ སྤྱི་པའི་རྩ་དོན་གལ་ཆེ་བ་བརྩི་གནང་མཁན་ཞིག་སྤྱི་ཚོགས་ནང་དམའ་འབེབས་བྱས་པ་དེས་ སྐུ་ཉིད་ཀྱིས་རྩ་དོན་འགན་འཁུ་བའི་རྨང་གཞི་ཞིག་རེད་དམ་ རང་ལ་ཁུངས་སྐྱེལ་རྒྱུ་ཨུ་ཡོད་ན་། གུས་རང་གྲོས་ཚོགས་ཀྱི་གཏན་ལ་ཕབ་པའི་སྲིད་ཇུས་ལ་ག་དུས་ཡིན་ན་རྒྱ་སྐྱོར་ཡོད་། རེད་དེ་རང་བཙན་འཐབ་རྩོད་གནང་མཁན་ལ་མངགས་བརྗོད་དང་ ཐོབ་ཐང་ལ་ངེས་འཛིན་ལ་ མི་རིགས་ཤིག་གི་འཐབ་རྩོད་ནང་ངེས་པར་རིགས་གཉིས་ཡོད་ན་ ཐུགས་ཕན་གསོ་གི་ཡོད་པ་ཞིག་་མཐོང་ རྗེས་མར་བཀའ་མོལ་གང་གནང་ན་འགན་འཁུ་ཡོད་པའི་བཀའ་མོལ་གནང་རོགས་ ཚོགས་པ་ཁག་བཅུ་གཅིག་ནས་གནད་དོན་ལ་ཞིབ་འཇུག་གནང་སྟེ་མཉམ་ཞུགས་གནང་ན་ བོད་བསྟན་སྲིད་ལ་ཐུགས་ཕན་གསོ་ངེས་
དྲ་གྲོགས་རྣམ་པར་བཀའ་འདྲི་ཞུ་བཞིན་ལ་ ད་ལེན་ཚོགས་འདུ་ལ་མདོ་སྨད་སྤྱི་འཐུན་ཀི་རྟི་སྒྲོལ་དཀར་ལྷ་མོ་ལགས་སླེབས་ཨུ་ཡོད་ན་
མང་ཚོགས་ཐོམ་པ་བཟོ་མཁན་ནི་ཆབ་སྲིད་པ་དག་ལས་མི་མང་ག་ལ་ཡིན།
གྲོས་ཚོགས་ཀྱི་མཐར་གྲུབ་འབྲས་ཡག་པོ་ཞིག་ཡོང་རྒྱུའི་རེ་བ་དང་ཡིད་ཆེས་ཡོད།
གསར་འགྱུར་ཐད་ཀ་སྤེལ་གནང་བ་བཀའ་དྲན་ཆེ། དེ་བཞིན་ཉིན་རེའི་གནས་བསྡུས་རྣམས་སྤེལ་གནང་རོགས། མ་གཞི་དེ་རིང་གི་གྲོས་ཚོགས་ར་བ་འདིའི་ནང་༧རྒྱལ་བའི་བཀའ་བཞིན་སྒྲུབ་པ་དང་མང་ཚོགས་ཀྱི་འདོད་པ་བཞིན་བྱུང་ན་ཚད་དང་ལྡན་པའི་ལམ་ཕྱོགས་གཙང་མ་ཞིག་ཏུ་བསྐྱོད་ཐུབ་པའི་རེ་བ་ཞུ་འདོད་བྱུང་། ད་སྔར་༧རྒྱལ་དབང་མཆོག་ཐུགས་ཕམ་སུ་འཇུག་མཁན་ནི་རང་བཙན་དང་དབུ་མའི་ལམ་སོགས་ལྟ་གྲུབ་ཀྱི་ཐོག་ནས་མ་ཡིན་པས་འཁྲབ་སྟོན་མཁས་པའི་ཆབ་སྲིད་པ་རེ་གཉིས་ཀྱི་ངོ་གདོང་རེད།
གཟིགས་དང་ཚོགས་གཙོའི་གཏམ་བཤད་དེ། ང་ཚོ་འགན་འཁུར་མཁན་ཚོ་དང་གཏམ་བཤད་བྱེད་བསྡད་མཁན་ཚོའི་བར་འཁྲུག་བསྡད་པ་ཡིན་ན། རང་བཞིན་གྱིས་མི་མང་ནང་འཁྲུག་བསྡད་ཡོད་སྟབས། མི་མང་ནང་གོ་རྟོགས་གསལ་བོ་ཞིག་སྤེལ་རྒྱུ་ལ་ཆེན་པོ་རེད། ” ག་རེ་ཡིན་ནམ་དེ་སྔོན་མང་གཙོའི་དུས་དྲན་སྐབས་ཀྱིས་གཏམ་བཤད་ལས་གོ་ལྡོག་བརྗོད་བཞིན་འདུག་ན་དེ་ཚོར་མང་ཚོགས་ནང་ཐོམ་གཞི་ཡོང་ངེས་ཡིན།
གསར་འགྱུར་ཡག་པོ་བྲིས་འདུག གསར་ཁང་དང་གསར་འགོད་པར་རློམ་པ་རེ་གཉིས་ཀྱིས་ཀྱང་གསར་འགྱུར་འབྲི་སྟངས་འདི་རིགས་ལ་སློབ་སྦྱོང་འདྲ་བྱས་ན་ཡག་པོ་མི་འདུག་གེ