དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་གྲོས་གཞི་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག་སྤྱི་ཟུར་རྩོམ་པ་པོ་བེ་རི་འཇིགས་མེད་དབང་རྒྱལ་ལགས་སུ་བཅར་འདྲི་ཞུས།
དྲི་བ། བོད་ནང་གི་ཛ་དྲག་གནས་སྟངས་ཐད་བོད་གཞུང་མང་གཉིས་ཀྱིས་གདོང་ལེན་ཇི་ལྟར་བྱེད་དགོས།
ལན། ངས་བསམ་པར་གདོང་ལེན་དངོས་གནས་དེ། ༢༠༠༨ ལོར་བྱེད་འོས་པ་ཞིག་ཡིན་ནའང་ཕྱིས་དྲགས་ཚར་སོང་། ད་དུང་ཡིན་ནའང་ཡིད་གཉིས་ཐེ་ཚོམ་མེད་པར་ཕྱི་སྡོད་བོད་རིགས་ཡོངས་རྫོགས་ཁ་ཞེ་གཉིས་མེད་ཀྱིས། ཡང་ན་བོད་དུ་འབྱོར་བའམ་ཡང་ན་ཤི་ལམ་དུ་འགྲོ་རྒྱུའི་ལམ་ཁ་གཉིས་ལས་ཕུང་གསུམ་གང་ཡང་མེད་པའི་བློ་ཐག་དངོས་གནས་ཤིག་བསམ་བློའི་ངོས་ནས་གཙང་བཅད་གནང་སྟེ། བཞུགས་སྒར་ངྷ་ས་ནས་མགོ་བཙུགས། དམངས་གཙོའི་ཀ་བ་གསུམ་གྱིས་སྣེ་ཁྲིད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལས་བྱེད་ཡོངས་རྫོགས་ཀྱིས་མཇུག་སྐྱོང་། དེ་བཞིན་ཕྱི་སྡོད་ས་གནས་བོད་རིགས་ཡོངས་ཀྱི་ཁོངས་སོ་སོ་ནས་གཞིས་མགོས་དབུ་ཁྲིད་བའི་གཞིས་ཆགས་ཁག སློབ་སྤྱིས་དབུ་ཁྲིད་པའི་སློབ་ཕྲུག་ཁག མཁན་བླས་དབུ་ཁྲིད་པའི་དགོན་སྡེ་ཁག དོན་གཅོད་ཁག་གིས་སྣེ་ཁྲིད་པའི་ཕྱོགས་སྡོད་བོད་རིགས་སོགས། བོད་མི་ཡོད་དོ་ཅོག ཞི་བའི་ལམ་ནས། “བོད་དུ་ལོག་པའི་ལས་འགུལ” སྲིིད་དོན་དང་འདྲ་ཆགས་ཙམ་མིན་པའི་སྒོ་ནས་ཐག་ཆོད་པོ་ཞིག་གནང་ན། ཆར་ཐག་ཆུ་ཐག་ཅིག་ཏན་ཏན་ཆོད་འགྲོ་བ་རེད། བལྟས་བལྟས་རིག་རིག་ལ་བོད་རིགས་འབུམ་ཕྲག་ཁ་ཤས་ཤིག་ཤི་ལམ་དུ་འགྲོ་བར་རྒྱལ་སྤྱིས་བཏང་སྙོམས་སུ་བཞག་ཐབས་མེད་ཀྱང་། གལ་སྲིད་འཇོག་པར་ཆ་བཞག་ནའང་འགྱོད་པ་མེད་པའི་བློ་ཐག་ཆོད་པོ་ཞིག་དགོས། དེ་ནི་ཁ་བསང་ནས་བཤད་ན་མཐོ་རིམ་མི་སྣ་ཚོའི་བློ་ཁོག་ཁོ་ན་ལ་རག་ལས་བསྡད་ཡོད། བློ་ཁོག་འདི་མ་བསླེབ་བར་དུ། གཞིས་སྡོད་བོད་རིགས་ཚོའི་ཚེ་སྲོག་རྒྱལ་སྤྱིའི་ཨོ་རྩེད་དཔལ་འབར་བཞིན་མུ་འཐུད་ནས་སྦར་ངེས་ཡིན་ཡང་། དེ་ནི་ཡ་ང་བའི་རྩེད་མོ་རྩེད་བྱེད་ཀྱི་ཆ་ལག་ཅིག་གི་རིན་ཐང་ལས་གང་ཡང་རག་ཐབས་མེད།
དྲི་བ། རྒྱལ་ཡོངས་ཚོཊ་ཆེན་དང་དམིགས་བསལ་ཚོཊ་ཆེན་རིམ་པའི་སྐབས་ཀྱི་གྲོས་ཆོད་ཁག་ལ་གྲུབ་འབྲས་ཐོན་ཡོད་མེད་ཐོག་གཟིགས་ཚུལ་ག་རེ་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་སྒང་གྲོས་ཆོད་མང་པོ་ཞིག་ཡོང་གི་རེད། དེ་དག་ལག་བསྟར་བྱེད་ཕྱོགས་ཐད་དགོངས་ཚུལ་ག་རེ་ཡོད།
ལན། ད་བར་ཚོགས་ཟིན་པའི་ཚོགས་ཆེན་དེ་དག་ཐོག་བཞག་པའི་གྲོས་ཆད་ཁག་ལ་གྲུབ་འབྲས་ངེས་ཅན་ཞིག་བྱུང་ཡོད་པ་རེད་དྲན་ཡོད། ཐེངས་འདིར་ཡང་ཚོགས་ཞུགས་པའི་ཁྲོད་ལྷག་བསམ་ཁོ་ན་ལ་བརྟེན་པའི་བསམ་འཆར་དང་། གནས་ལུགས་དངོས་ཕྱོགས་པའི་དགོངས་ཚུལ་སྣ་ཚོགས་ཡོང་ངེས་རེད། གང་ཞིག་བྱུང་བའི་གྲོས་གཞི་དང་གྲོས་ཆོད་ཡོངས་རྫོགས་དོན་སྙིང་ལྡན་པ་དང་། ལག་བསྟར་ཐུབ་པ་ཡོངས་མིན་གང་ལྟར་ཡང་། ཕན་ཐོགས་ངེས་ཅན་རེ་ཏན་ཏན་ཡོང་གི་རེད། ཡ་མཚན་ཆུང་ཆུང་ཞིག་མི་སྐྱེས་ཀ་མེད་བྱུང་བ་ནི། གྲོས་ཚོགས་སྔོན་ལ་ཚོགས། ཚོགས་ཆེན་རྗེས་ལ་སྐོང་གི་ཡོད་པ་འདི་རེད། སྐྲ་སྔོན་ལ་འབལ། ཚེས་གྲངས་རྗེས་ལ་བརྩི་བའི་དཔེ་ལྟར། ཐག་སྔོན་ལ་བཅད། གྲོས་རྗེས་ལ་གནང་བའི་རྣམ་པ་ཞིག་ཐོན་འོང་ན་ཡང་། ཡུལ་དུས་ཀྱི་དབང་གིས་ཐུགས་ཁག་མེད་པ་ཡིན་རྒྱུ་རེད།
དྲི་བ། བཙན་བྱོལ་བོད་གཞུང་གི་མཚན་བྱང་བཅོས་བསྒྱུར་བྱས་པའི་ཐོག་སྤྱི་ཚོཊ་ནང་ལྟ་སྟངས་གཉིས་ཡོང་གི་ཡོད་པའི་ཐད་དགོངས་ཚུལ་ག་རེད་ཡོད།
ལན། བཙན་བྱོལ་བོད་གཞུང་གི་མཚན་བྱང་བསྒྱུར་བ་འདིས་རྐྱེན་པས། རྒྱལ་ཁབ་ཕྱི་ནང་གི་བོད་རིགས་དང་བོད་ཞེན་ཅན་ཧ་ཅང་མང་པོ་ཞིག་གི་སེམས་ཁོང་ལ་ཆུ་འཁྱགས་བླུགས་པ་ནང་བཞིན་ཆགས་པ་ནི་དངོས་ཡོད་གནས་ཚུལ་རེད། བོད་གཞུང་གི་མཚན་བྱང་ཕྱིར་བསྡུའི་གྲོས་འཆར་སླེབས་དུས་ཀྱི་གྲོས་ཚོགས་ནང་དུ། ང་རང་བཅར་ཕོད་མ་སོང་། སྐབས་དེར་ང་རང་ཨི་ཊ་ལི་ལ་ཡོད། ཕྱིར་ལྡི་ལི་ལ་བསླེབས་རྗེས་ཐད་ཀར་ངྷ་སར་ཕྱིན་ན་གྲོས་ཚོགས་ཏག་ཏག་རྗེས་ཟིན་གྱི་འདུག་ཀྱང་། གྲོས་འཆར་འདིར་སྐྲག་ནས་རྦད་དེ་འགྲོ་ཕོད་མ་སོང་། ཝཱ་ཎཱ་མཐོ་སློབ་ལ་ཕྱིན་རྗེས། ངོ་དེབ་དང་དྲ་རྒྱ་ཁག་ནས་ཉིན་རེ་བཞིན་བོད་གཞུང་མཚན་བསྒྱུར་གྱི་གསར་འགྱུར་ཆུ་རླབས་བཞིན་འཕྱོ་ཡོང་གི་འདུག མེ་རླབས་བཞིན་འབར་ཡོང་གི་འདུག འོན་ཀྱང་ཤ་ཞེན་དང་རེ་བ་ཁོ་ན་རྩ་འཛིན་བྱས་ནས་སེམས་སྡུག་བྱས་པ་དེས། ཕན་ཐོགས་གང་ཡང་མི་འདུག བོད་གཞུང་མཚན་བསྒྱུར་བྱས་པ་ནི་ཡུལ་དུས་གནས་བབས་ལ་བརྟེན་པའི་ལྡོག་ཐབས་མེད་པའི་གནས་སྟངས་ཤིག་ཡིན་སྟབས། དེ་ལ་ཨུ་ཚུགས་བརྒྱབ་ཀྱང་ཕན་ཐོགས་མེད་པ་ར་འཕྲོད་བྱུང་། བོད་རིགས་སྤུན་ཟླ་ཡོངས་ཀྱིས་ཐུགས་ཞིབ་ནན་པོ་གནང་དགོས་པ་ཞིག་ནི། “བོད་གཞུང་དགའ་ལྡན་ཕོ་བྲང་” གི་མཚན་བྱང་། “དབུས་བོད་མིའི་སྒྲིག་འཛུགས”སུ་བསྒྱུར་ནའང་། དོན་ལ་བོད་དམངས་གཙོའི་སྒྲིག་འཛུགས་ཀྱི་སྲོག་རྩ་ནི་མེས་པོའི་ཤུལ་བཞག་གི་སྲོག་རྩ་དེ་རང་ཡིན་པ་ལས། དེ་ལ་ཆེ་ཆུང་དང་རིང་ཐུང་མཐོ་དམན་གང་ཡང་སོང་མེད།
དེའི་རྒྱུ་མཚན་ད་ལྟའི་བོད་མིའི་སྒྲིག་འཛུགས་འདི་ཉིད་ཀྱི་དབུ་ཁྲིད་གནང་མཁན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལ། ྋགོང་ས་མཆོག་གིས་བཀའ་བློན་ཁྲི་པའི་གོ་སར་དབང་བསྐུར་གནང་བའི་ཉིན་མོ་ནས་༧གོང་ས་ལྔ་པ་ཆེན་པོའི་གཞུང་འཛིན་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་སྦུག་དམ་དངོས་སུ་རྩིས་སྤྲོད་མཛད་པ་དང་། ཁྲི་འདོན་མཛད་སྒོ་ཉིན་མོར་གཞིས་བཞུགས་བོད་ས་སྟོད་སྨད་གང་ས་ནས་བསང་གསོལ་དགའ་འབོད་སྒྲོག་པར་རྒྱ་གཞུང་གིས་འགོག་རྒོལ་བྱེད་དགོས་ཐུག་པ། གནས་ཚང་རྒྱ་གར་དང་ཕྱི་རྒྱལ་གང་དུ་ཕེབས་ཀྱང་ཕེབས་བསུའི་བྱེད་སྒོ་སྤེལ་ཕྱོགས་བཅས་ཀྱིས་མཚན་བྱང་བསྒྱུར་ནའང་དོན་གྱི་རིན་ཐང་དང་ལྗིད་ཁོག་ལ་འགྱུར་བ་གང་ཡང་སོང་མེད་པའི་གནས་ལུགས་འདི་ཉིད། བོད་རིགས་ཡོངས་རྫོགས་ལ་ར་འཕྲོད་ཡོངས་ཐབས་སུ་འབད་བརྩོན་གང་ནུས་གནང་རྒྱུ་དུས་ལ་བབ་ཡོད་པ་ལས། གྲིབ་ནག་གི་ཕག་ནས་ཤ་ཞེན་དང་། སེམས་ཤུགས་ཅན་གྱི་སྤུན་ཟླ་མི་རིགས་ཁག་གཅིག་འབུར་འཇོམ་བྱེད་པའི་ལས་ཆར་སྤྱད་པའི་དུས་ལ་བབ་མེད་པ་དེ་ཅིས་ཀྱང་མཁྱེན་དགོས་ཀྱི་འདུག་སྙམ།
གསར་འགོད་པ། དཔལ་ལྡན།
༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽
གཞུང་ཞིག་ལ་དེའི་ཚོད་ཀྱི་ཐབས་ལམ་ཞིག་མེད་ན། མ་དགའ་རྒད་པོ་དབུས་ལ་འགྲོ་འགྲོ་བྱས་ན་ཅི་ཡོང་།
དགེ་བཤེས་ལགས་ཀྱིས་གསུངས་པ་རྟག་རྟག་རེད་རེད་སྐྲ་སྔོན་ལ་འབལ་ཚེས་གྲངའ་རྗེས་བརྩིས་གསུངས་བ་དེ་དངོས་གནས་འདྲ་པོ་རེད་
དགེ་བཤེས་ལགས་ཀྱི་གསུང་དེ་ཕྲལ་ཕུགས་རྒྱང་གསུམ་ལ་བསམས་གཞིགས་གནང་བའི་གསུང་སྟངས་ཤིག་རྩ་བ་ནས་མ་རེད། ཁོང་གིས་གསུངས་པ་དེ་དག་ནི་ཚོར་བ་རྗེས་འབྲང་གི་གསུངས་ཙམ་ལས་དེ་མིན་དངོས་དང་མཐུན་པ་ཞིག་མཐོང་མ་སོང་།
དགེ་བཤེས་ལགས་ཀྱིས་ཁ་སྟོང་པ་མ་བཤད་རོགས། ༢༠༠༨ ལོར་སྐུ་ཉིད་སྤྱི་འཐུས་ནང་ཡོད་པ་རེད། སུས་བཀག་སོང་། སྐུ་མཁྱེན་འགན་འཁུར་མེད་པའི་སྐད་ཆ་དེ་ཚོར་ཉོབ་སྣང་ལས་གང་ཡང་མི་འདུག
རྒན་ལགས་སུ་དགེ་ཕྲུག་མང་པོ་ཡོད་པས་མི་ཁག་ཅིག་གི་སྣེ་ཁྲིད་ནས་བོད་དུ་འགྲོ་བའི་གྲ་སྒྲིག་གནང་རོགས། ང་ཚོ་ཁྱོད་ཀྱི་རྗེས་སུ་ཡོང་ཆོག
བཙན་པོ་དང་དྲང་བོ། སེམས་སུ་སིམ་པའི་བཀའ་གསུང་རིལ་ལུ་མ་ཞིག་གནངས་འདུག་པར་དགའ་ཡོད། བཀའ་དྲིན་ཆེ།
གོ་རྒྱུ་མེད་པའི་སྐད་ཆ་རེད། བོད་གཞུང་དམངས་གཉིས་ཀ་བོད་དུ་ལོག་གི་ཡིན་ལབ་ན་རྒྱ་གར་གྱིས་གཏོང་གི་རེད་དམ། དེ་སྔ་གཞོན་ནུ་ཚོགས་སྡེ་འགས་གོ་སྒྲིག་འོག་བོད་སྐྱོད་ཀྱི་ཐབས་ཤེས་འཐེན་པར་མ་ཟད་གླིང་ཚ་མི་གཅིག་པོ་བྲོས་བྱོལ་འོག་བལ་ཡུལ་དུ་བསྐྱོད་པ་ལས་རྒྱ་གར་གཞུང་གིས་བཏང་མེད། གང་ལེན་མེད་པའི་སྟོང་གཏམ་རྗིག་པོ་ཞིག་རེད།
ཚོགས་ཆེན་དང་འབྲེལ་བའི་བཅར་འདྲི་འགའ་ཞིག་ལ་བལྟ་ཁོམ་བྱུང་།
དེ་རིང་རྩོམ་པ་པོ་བེ་རི་ལགས་ནས་དམིགས་བསལ་དགའ་ཞིག་གསུངས་འདུག་བསམས།
དགོངས་འཆར་དང་པོ་དེ་མི་ཚང་མའི་སེམས་ནང་ཡོད་པ་རེད།
ཡིན་ནའང་འགྲོ་ལུགས་དང་། ཡོང་སྟངས། བྱེད་སྟངས་ཀྱི་ལམ་སྟོན་ཞིག་མེད་པ་དེ་རང་གིས་སྟོང་པར་གྱུར་ཟིན་པ་རེད།
སྐུ་ཉིད་ཝཱ་ཎཱ་མཐོ་སློབ་ཏུ་ཕྱག་ལས་གནང་བར་ཧ་ཅང་དགའ་ཡོད།
དེང་སང་རྩིམ་ཡིག་དམིགས་བསལ་ཅན་དེ་ཙམ་མ་མཇལ་བས་ཚ་བས་བརླན་པར་གྱུར་བ་འདྲ།
བདེ་མོ་བྱོས། ཚེ་རིང་།
་་་་་ བོད་རིགས་སྤུན་ཟླ་ཡོངས་ཀྱིས་ཐུགས་ཞིབ་ནན་པོ་གནང་དགོས་པ་ཞིག་ནི། “བོད་གཞུང་དགའ་ལྡན་ཕོ་བྲང་” གི་མཚན་བྱང་། “དབུས་བོད་མིའི་སྒྲིག་འཛུགས”སུ་བསྒྱུར་ནའང་། དོན་ལ་བོད་དམངས་གཙོའི་སྒྲིག་འཛུགས་ཀྱི་སྲོག་རྩ་ནི་མེས་པོའི་ཤུལ་བཞག་གི་སྲོག་རྩ་དེ་རང་ཡིན་པ་ལས། དེ་ལ་ཆེ་ཆུང་དང་རིང་ཐུང་མཐོ་དམན་གང་ཡང་སོང་མེད། ་་་་་ཟེར།
དྲིས་ལན་ཕྱི་མ་འདིའི་ཕྱེད་བདེན་པ་དང་ཕྱེད་སྲིད་དོན་གྱི་སྐད་ཆ་རེད། ལར་ལོ་རྒྱུས་སྨྲ་བ་དང་གཞུང་ལུགས་སྨྲ་བ། རྩོམ་པ་པོ་གཅིག་ལྕོགས་ཤིག་གིས་མཁྱེན་མི་སྲིད་པ་ཞིག་གང་དུ་ཡོད། དེ་ནི་གྲོས་ཚོགས་ལ་བཅར་མ་ཕོད་པའི་སྟེང་ནས་གསལ་བོ་ཆགས་ཡོད་པ་རེད། ད་ལྟའི་གནད་དོན་གཙོ་བོ་ནི་བཀའ་ཁྲི་ལ་ཕེབས་བསུ་ཡོད་མེད་དང་སྦུག་དམ་ཡོད་མེད་ཀྱི་གནད་དོན་ཞིག་མ་རེད། རྩ་བའི་ཆ་ནས་མིང་བརྗེ་ཟིན་དུས་ངོ་བོ་འགྱུར་ཚར་བ་རེད། དཔེར་ན། སྐྱ་བོ་ཞིག་རབ་ཏུ་བྱུང་བ་ལྟ་བུ་རེད། གལ་སྲིད་རབ་བྱུང་བ་ཞིག་གིས་ཆོས་འཇིག་རྟེན་གཉིས་མཉམ་སྤྱོད་ཡོང་ཐུབ་མེད་པ་ལྟ་བུ་རེད། དེ་ལས་ཀྱང་ཤི་ལམ་ལ་དེད་ཟིན་པ་ནི་ཁྲིམས་ཐོག་གི་ལོ་རྒྱུས་ཐོབ་ཐང་གློད་ཟིན་པ་རེད། ཚང་མ་ལོས་བསམ་འཆར་འདོན་བཞིན་པའང་གནད་དོན་འདི་བརྗོད་ཀྱི་ཡོད་པ་རེད། གང་ལྟར་གཞིས་བཞུགས་བོད་མིར་བློ་སྟོབས་དང་ནུས་པ་གཉིས་འཛོམས་རེད་ལ། མི་འགྱངས་པར་བོད་རང་གི་གཞུང་ཞིག་ཐོན་སྲིད་པའང་གསལ་བོ་རེད། ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་གཙོ་བོ་འགྲོ་བ་མིའི་ཐོབ་ཐང་ཐད་ཕྱག་ལས་དང་བཙན་བྱོལ་བ་ཚོར་བདག་སྐྱོང་གནང་རྒྱུ་ལས་ལྷག་ཡོད་པ་མ་རེད།