མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྣང་ཚུལ་སྐྱ་བོ།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

སྟོང་གླེང་གི་སྐོར་ཚོ།

སྡེ་དགེ་ཀརྨ་རྣམ་དག

གལ་ཏེ་མི་རིགས་ཤིག་ལ་མཚར་སྡུག་གི་སྔོན་ཆད་ཅིག་ཡོད་མྱོང་ན། དེ་ནི་མི་རིགས་དེའི་རང་དབང་དང་གུ་ཡངས་ཀྱི་འཚོ་བར་རོལ་བ་དང་། ཤེས་རིག་དང་བསམ་པའི་དཔལ་ཡོན་དར་བའི་དུས་ཚིགས་ཤིག འགན་འཁུར་གྱི་འདུ་ཤེས་དང་མཉམ་རུབ་ཀྱི་ནུས་ཤུགས་སྒྲིམ་པའི་ཁོར་ཡུག་ཅིག མ་འོངས་ཕུགས་བསམ་རིང་ལ་ཁ་བཤད་ལག་ཏུ་ལེན་པའི་མིའི་རིགས་ཀྱི་སྤྱི་ཚོགས་ཤིག་ཡིན་འོས་ལ། གལ་ཏེ་མི་རིགས་ཤིག་ལ་གཟི་བརྗིད་ཀྱི་སྔོན་ཆད་ཅིག་ཡོད་མྱོང་ན། དེ་ནི་བསམ་ཕོད་པ་དང་སྒྲུབ་ཕོད་པ།  རྩོད་ལེན་དང་ཐོབ་ཤོར་གྱི་རེ་དོགས། དཀའ་སྡུག་ལ་གདོང་གཏོད་པའི་སྤོབས་པ་དང་།  རང་རིགས་ཀྱི་ “ལ་རྒྱའི་མགོ་བོ་གཞན་གྱི་རྐང་འོག་ཏུ་མི་འཇོག” པའི་སྙིང་སྟོབས་དང་ཆོད་སེམས་དེ་ཡིན་འོས།  ང་ཚོ་གངས་རྒྱུད་པའི་མི་རིགས་འདི་ལ་དེ་འདྲའི་སྔོན་ཆད་ཅིག་ཡོད་ཨེ་མྱོང་ངམ་ཟེར་བའི་དབང་དུ་བཏང་ན། ལོས་ཀྱང་ཡོད་དེ། ལོ་རྒྱུས་ཀྱི་གཙང་བོའི་གཞོགས་ན་འགྲེངས་ཏེ། རྒྱང་ལྟ་ཡིས་ཆུ་མོའི་མགོ་ཁུངས་ཐེངས་གཅིག་ཉུལ་ན། རང་རིགས་ཀྱི་སྐད་ཡིག་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གསར་གཏོད། ཕྱི་ཕྱོགས་ཀྱི་ཤེས་རིག་ནང་འདྲེན་དང་དར་སྤེལ། ཁྲང་ཨན་རྒྱལ་སའི་མདུན་ཐང་ལ་དཔུང་དམག་གི་སྒར་ཆེན་བཏབ་པ་དང་། གངྒཱའི་ཆབ་གཞོགས་སུ་མཐོ་སྒང་གི་རྡོ་རིང་བསླངས་པ་སོགས་ད་ལྟ་དྲན་ནའང་ཡི་ག་སངས་པའི་བོད་བཙན་པོའི་དངོས་བྱུང་གི་གཏམ་རྒྱུད་འདི་དག་མཐོང་ན།  ང་ཚོ་ནི་ལོ་རྒྱུས་རིང་བའི་མི་རིགས་ཤིག་དང་རླབས་ཆེན་གྱི་མི་རིགས་ཤིག་ཡིན་པའི་སྤོབས་སེམས་ཤིག་ངང་གིས་སྦྱིན་མི་ཡོང་ངམ།  འོན་ཀྱང་མ་འོངས་ཁ་བའི་བདག་པོ་དང་། དུས་རབས་ཀྱི་རྩོད་ལེན་པ།  མི་རིགས་ཀྱི་སྣེ་ཤན་པ། བཙན་པོའི་སྙིང་སྟོབས་དང་ལོ་རྒྱུས་མ་འོངས་བུ་ཚའི་ལག་ཏུ་བརྒྱུད་སྤྲོད་བྱེད་མཁན་ཏེ། ཉམ་ང་བའི་མི་རིགས་ཤིག་གི་རེ་ལྟོས་ཡོད་ཚད་ནས་ཡོད་ཚད་འཆོལ་ས་རུ་འབོད་པའི་ད་ལྟ་རང་རེའི་གཞོན་རབས་ཀྱི་སྐོར་ཚོ་ཕལ་ཆེ་བ་ཞིག་མི་རིགས་མི་རིགས། མཐུན་སྒྲིལ་མཐུན་སྒྲིལ། ལ་རྒྱ་ལ་རྒྱ། གསར་གཏོད་གསར་གཏོད། སྙིང་སྟོབས་སྙིང་སྟོབས། ཕུགས་བསམ་ཕུགས་བསམ། མདུན་སྐྱོད་མདུན་སྐྱོད་ཅེས་གླེང་ལ། དེ་དག་རེ་རེའི་མཇུག་ཏུ་དགོས། དགོས། ཞེས་གྲངས་ལྟར་ཟློ་བཞིན་དུས་རབས་ཀྱི་དཀྱོག་མཚམས་ན།  ལག་ལེན་དང་གོམ་འགྲོས་ཀྱི་རྡོག་མགོ་མ་ཐེག་པར་ཧད་དེ་འགྲེངས་ནས་ཡོད།  “འདི་ནི་སེམས་ནང་ལ་དཀའ་སྡུག་གི་རང་དབང་མཚུངས་ནའང་ལུས་ཕུང་ལ་མནར་གཅོད་ཀྱི་ན་ཟུག་ཐེབས་མི་དགོས་པའི་རང་དབང་ཙམ་ཡོད་པ། རང་ཚུད་བཙན་བྱོལ་སྤུན་ཟླ་ ”  མ་གཞི་ད་ལྟ་ནི་དཔལ་འབྱོར་གྱི་དུས་རབས་ཤིག   འཕེལ་རྒྱས་ཀྱི་དུས་རབས་ཤིག  སད་རྟོག་གི་དུས་རབས་ཤིག  བསམ་གཞིག་གི་དུས་རབས་ཤིག གསར་གཏོད་ཀྱི་དུས་རབས་ཤིག རང་རྒྱལ་གྱི་དུས་རབས་ཤིག  ཤེས་རིག་གི་དུས་རབས་ཤིག་ཡིན་ལ།  བྱེ་བྲག་བོད་མི་རིགས་ལ་མཚོན་ན་སྲུང་སྐྱོབ་ཀྱི་དུས་རབས་ཤིག རྩོད་ལེན་གྱི་དུས་རབས་ཤིག  ལག་ལེན་གྱི་དུས་རབས་ཤིག  ཐབས་མཁས་ཀྱི་དུས་རབས་ཤིག་ཏུའང་སླེབས་ནས་ཡོད།

 

དུས་རབས་ཀྱི་ཁུག་སོ་འདི་འདྲ་ཞིག་ནས་ད་དུང་ང་ཚོས་ “རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དང་གསར་པ་ཡོད་ཚད་བདུད་ཀྱི་འཕྲུལ” དུ་མི་སེམས་པར་གསར་རྙིང་གང་ཞིག་ཡིན་རུང་ཕན་ཐོགས་ངེས་ཅན་རེ་ཡོད་ན་དང་དུ་ལེན་པ་དང་ཕན་ཐོགས་མེད་ན་འདོར་བ་ལ་ཆགས་ཞེན་གྱིས་ཕངས་སེམས་འཆོར་དགོས་དོན་འདུག་གམ།  འདི་ཕ་མེས་ནས་ཡོད་པའི་ལུགས་སྲོལ་རེད། དེ་ཡང་མེས་ནས་བརྒྱུད་པའི་གོམས་གཤིས་རེད་ཅེས་རྩོད་ཅིང་ཚིམས་ནས་ཡོད། ད་ལྟ་ད་དུང་ཡང་ ”ན་ལ” གཉིས་དེ་ཉིད་ལ་འཇུག་མིན་དང་སུམ་ཅུ་པའི་འགྱུར་ཕྱག་དངོས་ཡིན་མིན་ལ་”སྨྲ་སྒོ་དང་སི་ཏུ། ཞ་རྣམ་པྲ་”གསུམ་གྱི་འདོད་ཚུལ་མི་མཐུན་པ་ལྟ་བུ་སོགས་ནམ་ཡང་ཐག་ཆོད་དུ་མེད་པའི་རྩོད་ཤགས་རེའི་མཇུག་སྐྱོང་བཞིན་སྡོད་པ་ལས།  སྐབས་བབ་བོད་སྐད་ཡིག་བྱིངས་དང་མཐུན་ལ། བོད་ཀྱི་བརྡ་སྤྲོད་ཀྱི་དགོངས་དོན་བཞིན་འབྲི་ཀློག་བཤད་གསུམ་ཐུབ་པའི་དྭངས་གཙང་གི་ཁོར་ཡུག་ངེས་ཅན་ཞིག་སྐྲུན་པའི་འདུ་ཤེས་འཁྲུངས་ན་དོན་སྙིང་རེ་མི་ཆེ་ཨང་།  སློབ་གྲྭ་ཁག་ལ་མཚོན་ནའང་ཤེས་ཀྱང་ཆོག་མ་ཤེས་ཀྱང་རུང་ཕན་ཐོགས་ལྷག་པོ་གང་ཡང་མེད་པའི་རྩོད་ཤགས་འགྱེད་མཚམས་རེ་ཞིག་བསྐྱུར་ཏེ།   མཁས་དབང་ ”ཉན་ཤུལ་མཁྱེན་རབ་འོད་གསལ་གྱི་སུམ་རྟགས་” ལྟ་བུ་སློབ་གཞིར་བཞག་སྟེ་སྦྱང་བརྩོན་བྱས་ན་དོན་དངོས་ལག་ལེན་ལ་ཕན་ཐོགས་དེ་མི་ཆེ་གྲང་།  སྔར་ཡོད་གཞུང་ལུགས་ཀྱི་འགྲེལ་ལ་འགྲེལ་བ་བྲིས་ཏེ་འགྲེལ་བའི་རི་བོ་བརྩེགས་པ་ལས། བོད་ཡིག་གཅིག་པུའི་ཐོག་ནས་རྒྱུས་ལོན་མི་ཐུབ་པའི་དེང་རབས་ཀྱི་དགོས་མཁོའི་ཤེས་བྱ་དག་བོད་ཡིག་ཏུ་ཕབ་སྒྱུར་གྱིས། ཚད་མཐོའི་རིག་གནས་ནང་འདྲེན་བྱ་རྒྱུ་ནི་ད་ལྟའི་མི་རབས་ཀྱི་འོས་འགན་དུ་སོང་ཡོད།  སློབ་སྦྱོང་གི་ཐད་ནས་བསམས་ན་ང་ཚོས་དབྱིིན་ཡིག་སྦྱོང་། ལོ་རྒྱུས་སྦྱོང་། སྙན་ངག་སྦྱོང་། བརྡ་སྤྲོད་སྦྱོང་། ནང་ཆོས་སྦྱོང་། སློབ་མས་ཚང་མ་སྦྱོང་ལ་དགེ་རྒན་གྱིས་ཚང་མ་སློབ། རེད་དེ།  ང་ཚོས་ཚང་མ་ཤེས་མེད་ལ། སྤུས་ཚད་ངེས་ཅན་ཞིག་དེ་བས་ཤེས་མེད། ཚང་མ་འོལ་སྤྱོད་ཙམ་དུ་ལུས་ཡོད།  དགོས་དགོས་ཀྱི་སྟོང་གླེང་མང་པོས་མི་ཚེ་ལ་བཞི་ཤད་མི་འཐེན་པར་རང་གང་ལ་སྤྲོ་ཞིང་མོས་པའི་རིག་གནས་ཤིག་བདམས་ཏེ། རིགས་གཅིག་རྐང་འཛིན་དང་ཆེད་སྦྱོང་། ཞིབ་འཇུག་གི་ཁ་ཕྱོགས་སུ་སྐྱོད་ཐུབ་ན་ཅི་མ་རུང་ཨང་། དེ་ལྟར་མ་བྱུང་ཡང་རང་གིས་གང་ལ་སྦྱངས་པའི་རིག་གནས་དེ་ཉིད་སུ་ཞིག་གི་མདུན་དུ་སོང་ནའང་ཤེས་སྙམ་གྱི་སྤོབས་གདེང་ཞིག་རྙེད་པ་བྱུང་ན་སློབ་སྦྱོང་གི་འབྲས་བུ་ཐོན་པ་ཡིན་ལ། རང་ཉིད་ཀྱི་མི་ཚེ་དོན་ལྡན་དང་གཟི་བརྗིད་དུའང་སེམས་ལོས་ཆོག

 

ཤེས་རིག་ཕྱི་འདྲེན་གྱི་མི་རབས།

 

རི་ཆུ་གོམ་ལ་གཞལ་བའི་འགྲུལ་བཞུད་ཀྱི་དུས་རབས་ནས་ང་ཚོའི་མེས་པོ་དག་རིག་རྟོག་སད་ཡོད་ལ། དཀའ་སྡུག་གི་གོ་རིམ་མང་པོ་ཞིག་བརྒྱུད་དེ་རླབས་ཆེན་གྱི་ཤེས་རིག་ནང་འདྲེན་བྱས་ཡོད།  རླབས་ཆེན་གྱི་མེས་པོ་མཇུག་རྫོགས་པའི་སྟོན་མཇུག་དེ་ནས་ད་ལྟའི་བར་ང་ཚོ་ལ་དོན་དམ་གྱི་མཁས་དབང་དང་། རླབས་ཆེན་གྱི་མི་སྣ་བྱུང་མྱོང་ངམ་ཞེ་ན།  ངོ་མ་དྲི་ཚིག་དེ་ནི་ངའི་གཤེད་མ་རུ་སྣང་འོང་ལ། དྲན་ན་མིག་ཟུང་གི་མཆི་མ་ཤམ་ཤམ་དུ་བཞུར་འོང་། ངོ་མ་བཤད་ན་དུས་ཚིགས་དེ་ནས་ད་ལྟའི་བར་དོན་དམ་གྱི་མཁས་དབང་དང་། རླབས་ཆེན་གྱི་མི་སྣ་མ་བྱུང་བ་མིན་མོད།  ཁོང་ཚོས་རང་མི་རིགས་ཀྱིི་ཆེད་དུ་མགོ་བོ་དགྱེ་མྱོང་ལ། རྔུལ་ཆུ་གཏོར་མྱོང་། ལ་ལུང་བརྒལ་ཡོད་ལ། བློས་བཏང་བྱས་ཡོད། ཤེས་རིག་སྦྱངས་ཡོད་ལ། རྩོམ་ཡིག་བྲིས་ཡོད།  རེད་དེ།  མཐའ་མཇུག་གི་ཕམ་ཁ་ནི་ཁོ་ཚོ་རང་ཉིད་ཀྱིས་འཁྱེར་དགོས་ཁེལ་ཡོད། ཁོ་ཚོ་སྐྱོ་གདུང་རུམ་གང་ཁྱེར་ནས་བུད་སོང་། ཁོ་ཚོ་ནི་རང་མི་རིགས་ཀྱིས་བསམ་གཟས་ནས་ཕྱིར་འོང་མེད་པའི་འཕྲང་ལམ་དུ་བརྫངས་བཞག་པ་རེད། དྲིན་ལན་ལོག་བཅལ་བྱས་པ་རེད། ཁོ་ཚོ་ནི་ངའི་དྲན་ཡུལ་ནས་ནམ་ཡང་ཡལ་དུ་མེད་པའི་ ”མཁས་དབང་དགེ་འདུན་ཆོས་འཕེལ་དང་དཔལ་དོན་གྲུབ་རྒྱལ་” རྣམ་པ་ལྟ་བུ་རེད།  ད་དུང་མཚམས་འདི་ནས་ཆེས་དགའ་དུང་གི་མིག་ཆུ་ཤམ་ཤམ་བཞུར་བཞིན་དྲན་ཡོང་བ་ནི་དཀའ་སྡུག་ལ་ནམ་ཡང་མགོ་བོ་སྒུར་མ་མྱོང་ཞིང་།  བསམ་ཕོད་པ། བཤད་ཕོད་པ། ཁ་བཤད་ལག་ཏུ་ལེན་ཕོད་ལ། ”སྒེར་ཚུགས་དང་བློ་འབྱེད་བསམ་བློ།” ལར་ཞེན་དང་སྙིང་སྟོབས།  རླབས་དང་ཚད་མཐོ་ཞིང་འགྱུར་མེད་ཀྱི་ལྟ་གྲུབ་ཡོད་པ། ཅི་ལ་ཐུག་ཀྱང་རང་ཚུགས་འཆོར་མ་མྱོང་ལ། ནམ་ཡང་ཨ་ཐང་ཆད་མ་མྱོང་བའི་དཔའ་བོ། དོན་དམ་གྱི་མཁས་དབང་། རླབས་ཆེན་གྱི་སློབ་དཔོན་ ”འབའ་པ་ཕུན་ཚོགས་དབང་རྒྱལ་” རེད།  ཁོང་ནི་སྟོབས་ཆེན་རྒྱལ་ཁབ་ཅིག་གིས་གཉའ་ནས་མནན་ཀྱང་མ་ནོན་ལ། མི་ལོ་བཅོ་བརྒྱད་ཀྱི་བཙོན་ཁང་འཛམ་གླིང་ན་རླབས་ཆེན་ཚན་རིག་གི་སློབ་དཔོན་འཐོན་སའི་སློབ་གཉེར་ཁང་དུ་བསྒྱུར་པའི་གངས་རིའི་དཔའ་བོ་ཁེར་རྐྱང་ཞིག་རེད།  

 

འོན་ཀྱང་མི་རིགས་ཤིག་གི་ལས་དབང་གི་ཆེད་དུ་དཀའ་སྡུག་ཅི་ཙམ་མྱོང་བ་དང་ཚེ་སྲོག་གཏའ་མར་བཞག་པའི་བློས་བཏང་ཅི་ཙམ་གནང་ཡོད་པ་ཚོར་མཁན་ཧ་ཅང་ཉུང་།  དྲིན་ལ་དྲིན་དུ་མི་ཚོར་ཞིང་ལེགས་ཉེས་དང་དཀར་ནག་ཤན་འབྱེད་ཀྱི་བློ་མིག་རྒྱ་ཁབ་ཀྱི་བུ་ག་ལས་དོག་པའི་ཅོལ་ཆུང་འགའ་རེས། ཁོང་ལ་རྒྱལ་ཁབ་དང་མི་རིགས་འཚོང་མཁན་གྱི་ཞྭ་མོ་གཡོག་བཞིན་ལོ་རྒྱུས་ཀྱི་ཉེས་ཅན་མི་སྣ་རུ་བགྲང་གི་ཡོད།  ཁོང་ལ་ཞྭ་མོ་གཡོག་མཁན་གྱི་གྲལ་ན་མཁྲེགས་འཛིན་དང་རྨོངས་ཞེན་ཅན་ཡོད་ལ།  ཤེས་ཡོན་པ་ཡིན་ཟེར་མཁན་དང་རློམ་མཁན་ཡང་ཡོད།  དེ་དག་གིས་ཁོང་ངོ་ཤེས་མེད།  དོན་དུ་རང་ཉིད་ངོ་མ་ཤེས་པ་དང་ངོས་མ་ཟིན་པ་མིན་ནམ།  ང་ཚོ་ལ་མི་རིགས་ཀྱི་ལས་དབང་སེམས་མཁན། ཤེས་རིག་དར་སྤེལ་དང་ནང་འདྲེན་བྱེད་མཁན་ཡོད་ཀྱང་མིར་བརྩི་ཡི་མེད། མིར་འཇོག་གི་མེད།  མཐོང་གི་མེད། ད་ལྟ་ང་ཚོས་རླབས་ཆེན་གྱི་མི་སྣ་ཁོ་ཚོ་ལྟར་ཤེས་རིག་ནང་འདྲེན་གྱི་ལས་དོན་མ་འཇོན་ནའང་མིག་སྔའི་ཤེས་རིག་སྲུབ་སྐྱོབ་བྱེད་རན་ལ་ཐུག་ཡོད།  འོན་ཀྱང་ད་དུང་དེ་ལས་ལྡོག་སྟེ་སྙིང་རྗེ་ཆེ་མདོག། དཀྱེལ་ཡངས་མདོག གུ་ཡངས་མདོག བསམ་གཞིག་ཆེ་མདོག ལྷག་བསམ་དཀར་མདོག སུ་ལས་ཀྱང་མཁས་མདོག སུས་ཀྱང་མ་འཇོན་པ་འཇོན་མདོག་སྟོན་མཁན་གྱི་རིགས་ཤིག་གིས་ཤེས་རིག་ཕྱི་འདྲེན་གྱི་ལས་དོན་སྤེལ་བཞིན་ཡོད། ཁ་ཐུག་གིས་བཤད་ན་ད་ལྟ་ནང་ཆོས་དབྱིན་ཡིག་ལ་ཕབ་སྒྱུར་ལས་རིམ་གྱི་སྐྱོ་གར་སྣང་ཚུལ་འདི་འདྲ་རེད། ལས་རིམ་འདི་ཅིའི་ཕྱིར་སྐྱོ་གར་ཞིག་ཏུ་ཆགས་སོང་བ་རེད་ཅེ་ན།  ང་ཚོས་མི་རིགས་ཀྱི་ཚེ་སྲོག་ཏུ་འབོད་པའི་སྐད་ཡིག་གི་རྣམ་ཤེས་ནང་ཆོས་ལ་ཐིམ་ནས་ཡོད་པས་རེད། མི་རིགས་གཞན་གྱིས་བོད་ཡིག་ལ་དོ་སྣང་བྱེད་ཀྱི་འདུག་ཅེས་སྤོབས་པ་མཐོ་མདོག་དང་ང་རྒྱལ་ཚ་མདོག མི་རིགས་གཞན་གྱིས་བོད་ཡིག་ལ་དོ་སྣང་བྱེད་པས་བོད་ཀྱི་སྐད་ཡིག་ཡང་དག་དང་རིན་ཐང་གཞི་ནས་རྙེད་ཀྱི་ཡོད་པ་ལྟར་བྱེད། མི་རིགས་གཞན་གྱིས་བོད་ཡིག་ལ་དོ་སྣང་བྱེད་པ་ནི་བོད་ཀྱིི་སྐད་ཡིག་སྙན་དྲགས་པ་དང་བདེ་དྲགས་པ། བོད་ཀྱི་སྐད་ཡིག་ལ་ཤ་ཚ་དང་དུང་ཞེན་ཆེ་དྲགས་པས་ཡིན་ནམ།  སོམས་དང་།  ཁོ་ཚོས་བོད་ཡིག་སྦྱོང་པ་ནི་ནང་ཆོས་ལ་ཞིབ་འཇུག་དང་རྒྱུས་མངའ་ཡོང་ཆེད་རེད།  ཤེས་རིག་ནང་འདྲེན་བྱ་ཆེད་རེད།  ནང་རིག་དབྱིན་ཡིག་ལ་ཕབ་སྒྱུར་ཟིན་ཚེ་འདི་འདྲའི་དགའ་མོས་དང་འདི་འདྲའི་དོ་སྣང་བྱེད་དམ། འདི་ནི་རང་ལ་འགོད་དགོས་པའི་དྲི་རྟགས་ཤིག་རེད།  མཚམས་འདི་ནས་ནམ་ཞིག་ཉམ་ཆུང་བའི་མི་རིགས་འདིའི་སྐད་ཡིག་གི་བླ་སྲོག་ད་ལྟའི་ལེགས་སྦྱར་གྱི་གནས་རིམ་དུ་མི་ལྷུང་བའི་སྨོན་འདུན་ཡང་ཆབས་ཅིག་འདེམས།

 

གཏམ་རྒྱུད་ལ་འཐིམ་ཉེན་ཆེ་བའི་ལྷག་དཀར།

 

ད་ལྟ་ང་ཚོས་བདུན་ཕྲག་གཅིག་གི་རེས་གཟའ་ལྷག་པ་ནི་ཆེས་དམིགས་བསལ་གྱི་དམིགས་བསལ་དུས་ཚིགས་ཤིག་ཏུ་ལྟ་བཞིན་ཡོད། ལྷག་དཀར་བརྩི་སྲུང་བྱེད། ལྷག་དཀར་རྗེས་དྲན་བྱེད། ལྷག་དཀར་ཁྱབ་སྒྲོག་བྱེད། ལྷག་དཀར་དགོང་ཚོགས་འཚོག  ཉིན་འདི་དག་གི་རིང་ལ་ང་ཚོས་བོད་སྐད་སྐྱོན། བོད་སྐད་གཙང་མ་སྐྱོན། བོད་ཡིག་འབྲི། བོད་ཡིག་དག་མོ་འབྲི། བོད་ཟས་ཟ། རྩྭམ་པ་ཟ། བོད་ཇ་འཐུང་།  བོད་ལྭ་གྱོན། བོད་གཞས་གཏོང་།  བོད་གླུ་ལེན། ཕ་ཡུལ་གྱི་ཕ་མ་གླེང་། ཕུ་ནུ་མིང་སྲིང་གླེང་། གངས་རི་གླེང་། རྩྭ་ཐང་གླེང་། འབྲི་གཡག་གླེང་། ལུག་ཁྱུ་གླེང་། ལས་དབང་དྲན། གནས་བབས་དྲན། བཙན་པོའི་ལོ་རྒྱུས་དྲན། མ་འོངས་དྲན། ལོས་ཀྱང་ཡིན་ཏེ། འདི་ནི་རྒྱལ་བའི་བླ་གཟའ་ཡིན་ལ། མནར་གཅོད་ཀྱི་རྩུབ་ཤུགས་ཇི་ལྟར་བཙན་རུང་དཀའ་སྡུག་སྣ་དགུའི་འོག་ནས་དཔའ་མ་ཞུམ་པར་གཞིས་ལུས་བོད་མིས་སྤེལ་བའི་ལས་འགུལ་རེད། ད་དུང་སྐྱི་གཡའ་ཞིང་འཇིགས་སུ་རུང་བའི་དུས་ཚིགས་ཉིས་སྟོང་བརྒྱད་ལོར་དར་མགོ་ཚུགས་པའི་རླབས་ཆེའི་བྱ་འགུལ་རེད། འདིས་ནི་ཡུལ་སྲོལ་གོམས་གཤིས་ཀྱི་རང་དབང་མེད་པ། སྐད་ཡིག་རིག་གནས་ཀྱི་རང་དབང་མེད་པ། བཟའ་རྒྱུ་ཡོད་ཀྱང་ཟ་དབང་མེད་པ། གོན་རྒྱུ་ཡོད་ཀྱང་གྱོན་དབང་མེད་པ། འགྲོ་སྡོད་ཀྱི་རང་དབང་མེད་པ། རང་མི་རིགས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་ལ་བརྩེ་བ་དང་དུང་བ་གློད་ཐབས་མ་བྱུང་བར་དེ་དག་རྒྱུན་འཛིན་དང་། དེ་དག་ལ་སྤྱོད་འདོད་ཇི་ལྟར་ཆེ་རུང་དེ་ལྟར་དགའ་བའི་རྣམ་འགྱུར་ཙམ་སྟོན་པ་ལའང་རང་དབང་མེད་པའི་གོ་རིམ་དུ་ལྷུངས་ནས་ཡོད་པ་མཚོན་གྱི་ཡོད། ཅི་འདྲའི་རང་དབང་མེད་ཀྱང་རང་རིགས་ཀྱི་ཐུན་མིན་ཆ་ལུགས་གོམས་སྲོལ། སྐད་ཡིག་རིག་གཞུང་ལ་དུང་བའི་ཟབ་ཚད་མཚོན་གྱི་ཡོད། མདོར་ན་མི་རིགས་ཤིག་གི་སྐྱོ་གར་གྱི་ལས་དབང་ཞིག་མཚོན་གྱི་ཡོད།  འདི་ལྟར་རླབས་ཆེ་ཞིང་དོན་སྙིང་ལྡན་པའི་བྱ་འགུལ་ཞིག་གི་མཇུག་སྐྱོང་བ་དང་། བརྩི་སྲུང་བྱེད་པ་ནི་དངོས་གནས་གཟི་བརྗིད་དང་དོན་སྙིང་ལྡན་པ་ཞིག་རེད་ལ།  ཅི་འདྲའི་འོས་པ་ཞིག་ཀྱང་རེད་ཨང་།

 

འོན་ཀྱང་བདག་ནི་འདིའི་ལས་དབང་ལ་སེམས་ཁྲལ་ཆེ་ཞིང་། འདིའི་ཚེ་སྲོག་ལ་སེམས་ཁུར་ཡང་ཆེ་སྟེ། འདིའི་ལས་དབང་དཔྱ་ཁྲལ་འགྱུར་ཉེན་འདུག འདིའི་ཚེ་སྲོག་གཏམ་རྒྱུད་ལ་འཐིམ་ཉེན་འདུག ལྷག་དཀར་ལས་འགུལ་གྱི་ཚེ་སྲོག་རྙེད་ནས་ཡུན་རིང་སོང་མེད་ནའང་དང་པོ་དར་བའི་ཚ་རླབས་ཀྱི་སྣང་ཚུལ་དང་ཚོར་བ་ལྟར་ད་ལྟ་མཐོང་རྒྱུ་ཉུང་།  མ་གཞི་ནས་དུས་རྒྱུན་དུ་རང་ཉིད་བོད་རིགས་ཡིན་པའི་འདུ་ཤེས་དང་བོད་མི་ཡིན་པའི་ལར་ཞེན་མེད་ན་ལྷག་དཀར་ནི་ལྷག་དཀར་རང་སྟེ། བདུན་རེའི་ནང་གི་རེས་གཟའ་ལྷག་པ་ནི་ཉིན་དཀར་ཉི་མ་གཅིག་གི་དུས་ཡུན་ཙམ་རེད།  མི་ཞིག་ལམ་དུ་སྐྱོད་ཚེ་ཕར་ཕྱོགས་ནས་ཚུར་ལ་ཐོན་འོང་བའི་བོད་རྔུལ་གྱོན་མཁན་གྱི་ཕོ་སར་ཞིག་ལ་ཐུག་སྐབས། ཁྱོད་ཀྱིས་བོད་རྔུལ་གྱོན་དོན་ཅི་ཡིན་ཞེས་སེམས་ལ་ལྷག་དཀར་མིན་ནམ་སྙམ་བཞིན་འདྲི། དེ་རིང་ལྷག་དཀར་མིན་ནམ་ཞེས་ལན་འདེབས། ཨོ་་་ངས་ཚོར་མ་སོང་།  ཡིན་ན་ངས་ཀྱང་བོད་རྔུལ་ཞིག་གྱོན་དགོས་འདུག་ཅེས་ངོ་མདོག་ཅུང་དམར་པོར་གྱུར་ཏེ་སྨྲ་བར་བྱེད། འགའ་རེས་དེ་རིང་ལྷག་དཀར་ཡིན་པས་བོད་ལྭ་གྱོན་དགོས་ཞེས་གྱོན་པར་བྱེད། ལ་ལས་སང་ཉིན་ལྷག་དཀར་ཡིན་པས་ཞེས་དེ་རིང་ནས་བོད་ལྭ་དང་བོད་རྔུལ་གྲ་སྒྲིག་བྱེད་ལ། ལྷག་དཀར་ཉིན་གྱི་དགོང་མོར་སླེབ་དུས་ད་ལྷག་དཀར་ཚར་སོང་ཞེས་དུས་ཆེན་གྱི་འཁྲབ་སྟོན་ཞིག་མཇུག་བསྒྲིལ་བ་ལྟར་བོད་ཆས་ལྟེབ་རྩེག་རྒྱག་པར་བྲེལ།  དེ་རིང་ལྷག་དཀར་ཨེ་རེད་ཅེས་འདྲི་མཁན་ཡོད་ལ། དེ་རིང་ལྷག་དཀར་ཡིན་པ་བརྗེད་སོང་ཟེར་མཁན་ཡོད། ལྷག་དཀར་ཡིན་པས་བོད་རྔུལ་ཙམ་ཞིག་མ་གྱོན་ན་ངོ་ཚ་ཡོང་ཞེས་སེམས་ལ་དྲན་མཁན་ཡོད་ལ། ཁ་ནས་དངོས་སུ་སྨྲ་མཁན་ཡང་ཡོད། རེས་གཟའ་ལྷག་པ་སྔོན་མ་ལ་བོད་ཆས་གྱོན་ཀྱང་ལྷག་དཀར་རྗེས་མའི་སྐབས་སུ་མ་གྱོན་མཁན་ཡང་མང་པོ་མཐོང་རྒྱུ་ཡོད།  སྤྱིར་ན་བོད་ལྭ་དང་བོད་རྔུལ་གྱོན་མ་གྱོན་ཙམ་ནི་གལ་ཆེན་དང་འགག་གནད་ཅིག་མིན་ནའང་།  དེ་དག་ལས་ང་ཚོས་མཐོང་ཐུབ་པ་ནི་ང་ཚོ་ལ་ངོ་ཚའི་འདུ་ཤེས་ཙམ་ལས་ལྷག་དཀར་གྱི་འདུ་ཤེས་མེད་པ་དང་། ལྷག་དཀར་གྱི་དམིགས་ཡུལ། ལྷག་དཀར་གྱི་མཚོན་དོན་ཚོར་གྱི་མེད་པ་དེ་རེད། དེས་ན་འུར་འདྲོགས་ཙམ་མིན་པར་དོན་དམ་གྱི་ལྷག་དཀར་ཞིག་བརྩི་སྲུང་ཐུབ་པའི་རེ་བ་དང་འདུན་མ་ཅི་འདྲའི་མི་ཆེ་ཨང་། བོད་ནང་དུ་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་གནས་སྐབས་ལྟ་བུ་ལ་མཚོན་ན། དང་ཐོག་ང་ཚོར་མིག་ཆུ་མོད། ན་ཟུག་དྲག ངོ་མདོག་ཤོར། སྡུག་ཡུས་ཆེ། ཚོར་ཤུགས་ཆེ། རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ད་ལྟ་ད་དུང་སྔར་ལྟར་གནས་ནའང་། ད་ལྟ་ང་ཚོར་ན་ཟུག་ཡལ་གྲབས། མིག་ཆུ་འཆད་གྲབས། ཚོར་བ་འཇགས་གྲབས། སྡུག་ཡུས་སངས་གྲབས་བྱེད་པའི་སྣང་ཚུལ་འདིས་ཀྱང་ང་ཚོའི་སེམས་ནང་གི་འདུ་ཤེས་དང་རང་ཚུགས། ལར་ཞེན་དང་ཕྱི་ཐག་ལ་འགྲེལ་བཤད་ཅིག་རྒྱག་གི་མི་འདུག་གམ། མཚམས་འདི་ནས་ལྷག་དཀར་གྱི་ཚེ་སྲོག་གཏམ་རྒྱུད་ལ་མི་འཐིམ་པའི་སྨོན་འདུན་དང་ཆབས་ཅིག་བྲེལ་སྟབས་ཀྱིས་རེ་ཞིག་མཇུག་བསྡུས་པ་ཡིན།

 

སྤྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༩ ཉིན་ས་རཱ་བོད་ཀྱི་མཐོ་སློབ་ཏུ་མཇུག་གྲུབ་པར་བགྱིས།

འབྲེལ་ཡོད་གསར་འགྱུར།

Sophie Richardson and Geshe Lobsang Monlam Honoured with 2025 Snow Lion Human Rights Award in Berlin, Germany at 25th Oct. 2025. Photos: Andreas Müller/ICT
Mobile App

གངས་སེང་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཕུལ།

སྐར་མ ༡༦ སྔོན་ལ།
Sikyong Penpa Tsering spoke on Tibet’s environmental significance and its global implications at the College of Mexico (ColMex), and on Tibet’s enduring nonviolent struggle at ITESO University.
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མེག་སི་ཁོའི་གནད་ཡོད་མི་སྣར་མཇལ་འཕྲད་གནང་།

༢༠༢༥/༡༠/༢༦
ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་༧སྐུའི་གོ་སྟོན་སྲུང་གཙིའི་རིག་གཞུང་དུས་སྟོན་འཚོག་བཞིན་པ། ༢༠༢༥།༡༠།༢༤ དུས་བབ་ཀྱི་པར།
Mobile App

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་རིག་གཞུང་དུས་སྟོན་འཚོག་བཞིན་པ།

༢༠༢༥/༡༠/༢༤
འདི་ལོའི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༡༤ པ་འཚོག་རྒྱུ་ཡིན་པའི་གསལ་བསྒྲགས་གནང་། ༢༠༢༥།༡༠།༢༤ དུས་བབ་ཀྱི་པར།
Mobile App

དྷ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བོད་ནང་གི་གློག་བརྙན་སྟོན་རྒྱུར་དཀའ་ངལ་འཕྲད་འདུག

༢༠༢༥/༡༠/༢༤
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཉི་ཧོང་གི་སྲིད་བློན་ས་ནའེ་ཊ་ཀའེ་ཆི་ལགས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར་སྒྲིག་སྦྱོར་བྱས།
Mobile App

བཀའ་སྤྱི་གཉིས་ཀྱིས་ཉི་ཧོང་གི་སྲིད་བློན་གསར་པར་འཚམས་འདྲི་གནང་།

༢༠༢༥/༡༠/༢༤
བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༦༥ འཁོར་བའི་དུས་དྲན་སྲུང་གཙི་ཞུས། ༢༠༢༥།༡༠།༢༣ ཐད་གཏོང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ནས་བཟུང་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་བོད་ཡིག་ནང་སློབ་ཁྲིད་གནང་འཆར་འདུག

༢༠༢༥/༡༠/༢༣

མཆན། 5

  1. མྱི་དཀར says:
    ལོ་ 13 སྔོན།

    གལ་སྲིད་མི་རིགས་ཞིག་ལ་མ་འོངས་བའི་ཁྱིམ་གཞི་ཞིག་དགོས་ན་མི་རིགས་དེ་ལ་བཟའ་ཟླ་ཡག་པོ་ཞིག་དང་ནང་མི་མཐུན་པོ་ཞིག་གལ་ཆེ་མ་འོངས་ཁྱིམ་གཞི་དྲོད་མོ་སྟེ་ནི་ད་ལྟའི་འཆར་བཀད་དང་གཞི་རིམ་ལ་རག་ལས་ཡོད་པ་གསལ་པོ་རེད་མི་རིགས་ཀྱི་ངོ་པོ་མི་རིགས་ཀྱི་བདེ་སྡུག་དེ་ཡང་ནང་མི་མཉམ་རུབ་ཀྱི་ནུས་ཤུགས་ལ་བསྟན་ཡོད་པ་མ་གཏོགས་ནང་མི་ཁ་བདེ་ལྕེ་ཙམ་གྱིས་ཕན་ཐོག་ཁགས་པོ་རེད་གང་ལྟར་གྱང་ཆེས་གལ་ཆེ་བ་དེ་ནང་མི་མཐུན་ལམ་ཡིན་པ་མངོན་གསལ་རེད་།

    Reply
  2. གནས་ཚང་། says:
    ལོ་ 13 སྔོན།

    ད་ལྟ་ལྷག་དཀར་ལས་གལ་ཆེ་བ་བ་ནི༼དཔའ་བོའི་ཉིན་མོ༽ཞིག་སྲུང་བརྩི་བྱེད་རན་མེད་དམ། བོད་མི་ག་ཚད་ཅིག་གིས་མེར་བསྲེག་གནངསོང་། ཐ་ན་འབོད་ཚིག་ལ་སོགས་ཀྱང་བརྗེ་བོ་བརྒྱབ་ཡོད་པས། འདིའང་སྐྱུག་བྲོ་བའི་བྱེད་སྟངས་ཉི་ཚེ་བ་ཞིག་མ་རེད་དམ།

    Reply
  3. སྐྲན། says:
    ལོ་ 13 སྔོན།

    གྲོགས་ཀརྨ་རྣམ་དག་ལགས་ཀྱིས་དཔེ་མི་སྲིད་པའི་ཡག་པོ་གསུངས་གནང་འདུག ༼ཡིན་ན་ཡང་། ཨ་ལ་ཀུ་རེ། ལན་རེར་ཀུ་རེའི་ནང་ན་དོན་ཡང་གཏན་ཡོད། ༽

    Reply
  4. སྟག་སེང་ཁྱུང་འབྲུག says:
    ལོ་ 13 སྔོན།

    ཡག་པོ་བྲིས་འདུག་

    Reply
  5. བསེ་རུ། says:
    ལོ་ 13 སྔོན།

    བསམ་གཞིགས་ཀྱི་འཁོར་ལོ་བསྐོར་བསྐོར་བའི་མཐར་སྤྱི་ཚོགས་ཀྱི་གནས་ཚུལ་དང་སྣང་ཚུལ་སྐྱ་བོ་རྣམས་རྒྱ་ཆེའི་ཀློག་པ་པོའི་སྤྱན་སྔར་བཤམས་པར་ལེགས་གསོ་དང་བསྔགས་བརྗོད་ཞུ་འདོད་བྱུང་། ཨ་མའི་བུ། རང་ངོ་རང་ཤེས་དང་། རང་འགན་རང་ཁུར། རང་མགོ་རང་འདོན་ཕྱོགས་ལ་ལྷག་པར་ཐུགས་གཟབ་མཛོད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese