མི་འགྱངས་པར་ངྷ་སར་འཚོགས་འཆར་གྱི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་གྲོས་གཞི་དང་འབྲེལ་བའི་དོན་གནས་ཁག་ཅིག་གི་ཐོག་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་སུ་བཅར་འདྲི་ཞུས།
དྲི་བ། བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད་བོད་གཞུང་མང་གཉིས་ཀྱིས་གདོང་ལེན་ཇི་ལྟར་གནང་དགོས།
ལན། ད་ལྟའི་བར་བོད་ནང་གི་ཛ་དྲག་གནས་སྟངས་རིམ་པའི་ཐོག བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག མི་སྒེར་བཅས་ཀྱིས་སོ་སོའི་འཆར་གཞི་ལྡན་པ་དང་སྒྲིག་གཞི་ཡོད་པའི་ཐོག་ནས་ལས་འགུལ་སྤེལ་མ་ཐུབ་སྟབས། བོད་ནང་གི་རླབས་ཆེན་བློས་གཏོང་གི་ལས་འགུལ་ལ་དཔག་པའི་ནུས་ལྡན་གྱི་གྲུབ་འབྲས་ཤིག་ཐོན་ཐུབ་ཡོད་པ་མ་རེད། ད་རེབ་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བོད་མི་མང་པོ་ཞིག་འཛོམས་ཏེ་བོད་ནང་གི་ཛ་དྲག་གནས་སྟངས་ཐད་ཚོགས་འདུ་འཚོགས་ཀྱི་ཡོད་སྟབས། ཚོགས་འདིའི་ཐོག་ང་ཚོས་གཞི་རྒྱ་ཆེ་བའི་འཆར་གཞི་བསྒྲིགས་ཏེ། རྒྱལ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་གཞུང་གི་ལས་ཁུངས་ཁག་གིས་ངོས་ནས་ག་རེ་བྱ་དགོས་མིན་དང༌། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ག་རེ་བྱ་དགོས་མིན། མི་སྒེར་གྱི་ངོས་ནས་ག་རེ་བྱ་དགོས་མིན་སོགས་ལ་ལས་བགོས་བྱས་ཏེ་ལས་འགུལ་སྤེལ་ཐུབ་པ་ཡིན་ན་ནུས་པ་ཐོན་རྒྱུ་རེད་ལ། ཕུགས་རྒྱང་རིང་པོར་ཕན་རྒྱུ་རེད་བསམ་གྱི་འདུག ད་ལྟའི་བར་གྱི་ལས་འགུལ་དེ་ང་ཚོས་གང་ཐུབ་གནང་ཡོད་ཀྱང༌། འཆར་གཞི་མེད་པའི་དབང་གིས་རྒྱལ་སྤྱིའི་ཐོག་ནུས་པ་བསླེབས་མ་ཐུབ་པའི་རྣམ་པ་ཞིག་མཐོང་གི་འདུག གདོང་ལེན་བྱེད་ཕྱོགས་ཐད་ནས། གཅིག་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང༌། གཉིས་ནས་བོད་ནང་གི་བོད་མི་ཚོས་ྋགོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ། བོད་ལ་རང་དབང་དགོས་ཞེས་པའི་མངོན་འདོད་དེ་རེད། མངོན་འདོད་དེ་དག་ལམ་སེང་བསྒྲུབ་ཐུབ་པ་ཞིག་མིན་སྟབས། ང་ཚོས་ཕུགས་རྒྱང་རིང་པོར་དམིགས་ཏེ་ལས་ཀ་བྱ་རྒྱུ་གལ་ཆེན་པོ་རེད། ཕུཊ་རྒྱང་རིང་པོའི་འཐབ་རྩོད་ལ་དམིགས་ཏེ། ང་ཚོས་རྒྱ་ནག་ནང་ཁུལ་དུ་དམངས་གཙོ་རྩོད་ལེན་བྱེད་མཁན་དང་རང་དབང་འཐབ་རྩོད་པ་སོགས་དང༌། ཤར་ཏིར་ཀེ་སི་ཐན་དང་ནག་སོག་བཅས་རྒྱ་གཞུང་གི་འོག་ཏུ་དཀའ་སྡུག་མྱོང་བཞིན་པའི་གྲང་ཉུང་མི་རིགས་དག་དང་མཉམ་འབྲེལ་ཐོག་འཐབ་རྩོད་བྱ་རྒྱུ་དེ་ལག་ཆེན་དུ་མཐོང་གི་ཡོད།
དྲི་བ། དེ་སྔའི་རྒྱལ་ཡོངས་ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན་རིམ་པའི་གྲོས་ཆོད་ཁག་ལ་གྲུབ་འབྲས་ཐོན་ཡོད་མེད་དང་། ཐེངས་འདིའི་གྲོས་ཆོད་ཁག་ལག་བསྟར་བྱེད་ཕྱོགས་ཐད་དགོངས་ཚུལ་ག་རེ་ཡོད།
ལན། ལག་བསྟར་བྱེད་ཕྱོགས་ཀྱི་ཐོག་ནས་ང་རང་གི་ཤེས་པ་ཅིག་ལ། དམིགས་བསལ་ཚོགས་ཆེན་ལབ་དུས་ཁྲིམས་ཐོག་ནས་བསྒྱུར་བཅོས་གཏོང་ཐུབ་པའི་དབང་ཡོད་པ་ཞིག་དང༌། གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ལབ་པའི་སྐབས་ལ་ཁྲིམས་ལུགས་དབང་འཛིན་མེད་པའི་གནས་སྟངས་དེ་འདྲ་ཞིག་རེད། ཚོགས་འདུ་རིམ་པའི་ཐོག་མི་འབོར་ཆེན་ཡོང་གི་ཡོད་པ་རེད་ལ། དེར་འགྲོ་སོང་ཕོན་ཆེན་པོ་གཏོང་གི་ཡོད་སྟབས། ཐག་གཅོད་གང་བྱུང་བ་དེ་ཁྲིམས་ཐོག་ནས་དབང་ཚད་ཡོད་པར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་ཡོད། ང་ཚོས་དུས་ཚོད་དང་འགྲོ་སོང༌། ནུས་པ་ཤུགས་ཆེན་པོ་བཏང་སྟེ་ལག་ལེན་མ་ཁེལ་བ་ཡིན་ན། ཚོགས་འདུའི་དགོས་འདུན་མ་འགྲུབ་པ་རེད་བསམ་གྱི་འདུག ད་ལྟའི་བར་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་དང༌། དམིགས་བསལ་ཚོགས་ཆེན་གཅིག་བཅས་ད་རེབ་ཀྱི་ཚོགས་ཆེན་བརྩིས་པ་ཡིན་ན་ཚོགས་ཆེན་ཐེངས་བཞི་ཙམ་ཚོགས་ཟིན་པ་རེད། གཅིག་བྱས་ནས་མང་པོ་དེ་འདྲ་མ་རེད། ཡིན་ནའང༌། ང་ཚོས་ལག་ལེན་ཁེལ་ཐུབ་པར་ཚང་མས་བསམ་བློ་གཏོང་དགོས་པ་ཞིག་དང༌། ལག་ལེན་བསྟར་ཐུབ་པའི་དབང་ཚད་དགོས་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག ༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་སྐབས། མི་མང་གི་མངོན་འདོད་ལྟར་དབུ་མའི་ལམ་གྱི་ཐོག་རང་སྲིད་རང་སྐྱོང་ཐོབ་ཐུབ་པའི་འབད་བརྩོན་བྱས་ཏེ་མུ་མཐུད་འགྲོ་བཞིན་པ་རེད། ཡིན་ནའང༌། རྒྱ་ནག་གཞུང་གིས་བརྡ་ལན་མ་སྤྲད་པ་ཡིན་ན། ང་ཚོའི་དགོས་འདུན་དང་དམིགས་ཡུལ་གྱི་སྐོར་ལ་གྲོས་བསྡུར་བྱ་རྒྱུ་དང༌། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་བརྩི་འཇོག་བྱས་ཏེ་བསམ་བློ་ནན་ཏན་གཏོང་དགོས་པ་རེད་ཅེས་གྲོས་ཆོད་བཞག་ཡོད་པ་རེད། ད་ལྟ་ ༢༠༡༢ ལ་བསླེབས་ཡོད་པ་རེད། དེའི་སྐོར་གལ་ཆེན་དུ་བརྩིས་ཏེ་བསམ་བློ་བཏང་རྗེས་མུ་མཐུད་གྲོས་ཆོད་འཇོག་ཐུབ་ན་བསམ་གྱི་འདུག གྲོས་ཆོད་ལག་བསྟར་མ་ཐུབ་པའི་ཐད་ནས། ད་ལྟའི་བར་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སྐབས་ཀྱི་གྲོས་ཆོད་ལ་འགྲེལ་བཤད་ཅིག་གནང་བ་མ་གཏོགས། དབང་ཚད་ཡོད་པའི་ཐོག་ནས་ལག་བསྟར་མ་ཐུབ་པ་མང་པོ་ཞིག་མཐོང་གི་འདུག གཙོ་བོ། གྲོས་ཚོགས་དེ་བོད་པའི་སྤྱི་ཚོགས་ཀྱི་ལས་ཀ་བྱེད་སྟངས་དང་གཞུང་གི་ཆབ་སྲིད་འཛིན་སྟངས། འཛིན་སྐྱོང་གི་ལས་ཀ་བྱེད་ཕྱོགས་བཅས་ལ་བསྒྱུར་བཅོས་དབང་ཚད་ཆེ་ཤོས་ཆགས་ཡོད། གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་ཐག་གཅོད་ཁག་ཁྲིམས་ཐོག་གི་དབང་ཚད་ཡོད་པར་འགྱུར་བ་གཏོང་མ་ཐུབ་པའི་དབང་གིས་རེད་བསམ་གྱི་འདུག
དྲི་བ། བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ་ཕྱི་ཕྱོགས་ནས་སྲིད་བྱུས་དང་ལས་དོན་ཐོག་འགྱུར་བ་གཏོང་དགོས་པར་གཟིགས་ཀྱི་ཡོད་དམ།
ལན། ད་ལྟའི་ཆར་བོད་ནང་ཛ་དྲག་གནས་སྟངས་ཆགས་ཡོད་པ་དང༌། ང་ཚོའི་འཐབ་རྩོད་ཀྱང་ཧ་ཅང་ཉག་ཕྲ་བའི་དུས་སྐབས་ཤིག་ཏུ་བསླེབས་ཡོད། ཡིན་ནའང༌། ད་ལྟའི་གནས་སྐབས་སུ་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་གིས། རྒྱ་ནག་གི་དཔལ་འབྱོར་ཁེ་བཟང་ལེན་ཆེད་བསྟུན་དགོས་པ་བྱུང་སྟབས། ང་རང་གི་ངོས་ནས་ལམ་སེང་རྒྱལ་སྤྱིའི་སྟེང་གི་རྒྱབ་སྐྱོར་ཡོང་བའི་རེ་བ་བྱེད་ཀྱི་མེད། ཡིན་ནའང༌། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཀྱི་ངོས་ནས་རྒྱལ་སྤྱིའི་ནང་གོ་རྟོགས་སྤེལ་བ་དང༌། གླེང་སློང་བྱེད་ཐུབ་པ་དེ་འདྲ་ཡོང་གི་རེད། བོད་ནང་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་ག་ཚོད་བྱུང་བ་དེས། ང་ཚོ་ནང་ཁུལ་གྱི་ནུས་པ་མུ་མཐུད་རྒྱ་ཆེ་རུ་གཏོང་ཐུབ་ཀྱི་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད། ང་ཚོའི་ནང་ཁུལ་གྱི་ནུས་པ་དེ་ང་ཚོའི་འཐབ་རྩོད་ཀྱི་ནུས་པ་གལ་ཆེ་ཤོས་དེ་རེད། ང་ཚོའི་ནང་ཁུལ་དུ་ཆིག་སྒྲིལ་མེད་པ་དང༌། ནང་ཁུལ་མི་མང་ལ་སེམས་ཤུགས་མེད་པ་ཡིན་ན་ང་ཚོར་རང་དབང་ཐོབ་ཐུབ་ཀྱི་མ་རེད། ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་གི་ཚོང་འབྲེལ་ཁེ་ཕན་ལ་གཟིགས་ཏེ་འབྲེལ་ལམ་འཛུགས་ཀྱི་ཡོད་ཀྱང༌། ང་ཚོའི་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་དང་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་རྒྱུ། དུས་ནས་དུས་སུ་གནས་སྟངས་ལ་གཞིགས་ཏེ་ལས་འགུལ་གསར་བའི་རིགས་སྤེལ་ཐུབ་པ་ཡིན་ན། འཛམ་གླིང་ཐོག་གི་རྒྱབ་སྐྱོར་མ་རག་ཀྱང༌། ང་ཚོའི་ནུས་པ་སྔར་བཞིན་གནས་ཐུབ་པ་རེད། ངའི་ངོས་ནས་ང་རང་ཚོའི་ནང་ཁུལ་གྱི་ནུས་པ་དེ་གལ་ཆེ་ཤོས་སུ་མཐོང་གི་ཡོད། ད་ལྟའི་བར་དུ་ང་ཚོས་མ་ལས་པ་ཞིང་དང་ངེས་པར་ལས་དགོས་པ་ཞིག་ལྷག་ཡོད་པ་དེ། ང་ཚོས་རྒྱ་ནག་ནང་ཁུལ་དུ་རང་དབང་དང་རང་བཙན་རྩོད་ལེན་བྱེད་ཀྱིན་པའི་འབྲེལ་བ་བཙུགས་ཏེ། ནུས་པ་གསར་བ་ཞིག་བསྐྲུན་པའི་འབད་བརྩོན་གནང་དགོས་ཀྱི་འདུག དེའི་ཐོག་ང་ཚོ་གཞུང་མང་གཉིས་ཀྱིས་ཤུགས་རྒྱག་དགོས་པ་རེད།
གསར་འགོད་པ། དོན་གོ
གནས་ཚང་ལགས། ཐུགས་རྗེ་ཆེ། ༼ རྒྱ་མིའ་རྩ་ཁྲིམས་འོག་ཏུ་འགྲོ་རྒྱུ་ཡིན་ཞེས་པའི་ཡིག་ཆ་དེ་གཉིས་རྩིས་མེད་དུ་གཏོང་རྒྱུ་དང་། དབུ་མའི་ལམ་སྔར་གྱི་སི་ཊ་སི་སྦག་གི་བརྗོད་གཞིའི་སྒང་བསྐྱར་ལོག་རྒྱག་ཆོག་པ་ཞིག་རེད། ༽ཞེས་བ་ལྟར་ཁ་གསལ་གོ་བདེ་ཡི་ཚིག་དུམ་འདི་ཤིན་ཏུ་ནས་ཡིད་ལ་འཐད་སོང་།
ད་རེས་ཟླ་བ་བསོད་ནམས་ལགས་ཏེ་སེ་བསྐོར་ནས་སླེབས་སོང་། ལམ་ཁ་གཉིས་ལས་ལྷག་མེད་པ་ནི་མངོན་གསལ་རེད། གལ་སྲིད་ད་ལྟ་ནང་བཞིན་དུས་རབས་ཕྱེད་ལྷག་སོང་བ་རེད། སྲིད་དོན་ཐད་ནས་གྲུབ་འབྲས་ཐོན་ཡོད་པ་མ་རེད། དེའི་མ་ཚད་རྒྱ་ནག་གཞུང་གི་རྩ་ཁྲིམས་ཀྱི་འོག་ལ་འགྲོ་རྒྱུའི་གདམ་ག་གནང་བ་ནི་ནམ་ལངས་ལངས་དང་ཉི་མ་ཤར་ཤར་རེད། དབུ་མའི་ལམ་གྱི་ཐ་མའི་འབབ་ས་དེ་བབས་ཡོད་པ་རེད། དཔེར་ན། རྒྱ་གཞུང་ལ་དབུས་སྲིད་གཞུང་ཞེས་བོས་ཡོད་པ་རེད་ལ། དེ་ནི་བག་ལ་འགྲོ་རན་པ་ཞིག་གིས་བག་མར་མ་ཆས་པའི་ཡར་སྔོན་ནས་ཕ་རོལ་བོའི་ནང་མིར་པཱ་ལགས་དང་ཨ་མ་ལགས་ཞེས་བོས་པ་ལྟ་བུ་ཞིག་རེད། དེ་བས། ཕྱིར་ལོག་རྒྱུ་ལས་ལྷག་མེད་པ་གནས་བབས་ཀྱིས་ཐག་བཅད་ཡོད་པ་ཞིག་རེད། ཡིན་ནའི། དབུ་མའི་ལམ་ལ་རྒྱབ་བསྐྱོར་མེད་མཁན་ཚོ་ལོག་ག་རེད།
གཞན་དེ་བསྐྱར་ཞིབ་ཀྱི་སྐོར་རེད། བསྐྱར་ཞིབ་ཞེས་བརྗོད་མ་ཐག་ཏུ་ཞེད་དགོས་དོན་ཡང་ལྷག་ཡོད་པ་མ་རེད། དཔེར་ན། རྒྱ་མིའ་རྩ་ཁྲིམས་འོག་ཏུ་འགྲོ་རྒྱུ་ཡིན་ཞེས་པའི་ཡིག་ཆ་དེ་གཉིས་རྩིས་མེད་དུ་གཏོང་རྒྱུ་དང་། དབུ་མའི་ལམ་སྔར་གྱི་སི་ཊ་སི་སྦག་གི་བརྗོད་གཞིའི་སྒང་བསྐྱར་ལོག་རྒྱག་ཆོག་པ་ཞིག་རེད།
ལམ་གསུམ་པ་འདི་ནས་ལྷག་མི་རུང་བའི་རྒྱུ་མཚན་གཉིས།
༡ བོད་ནང་གི་ཛ་དྲག་གནས་སྟངས་ལ་ཉུང་མཐར་ནང་བ་ཞིག་ཡིན་པའི་ཆ་ནས་སྙིང་རྗེ་བྱེད་རན་པ་དང་། བྱེད་འོས་པའི་དུས་སུ་འཁེལ་ཡོད།
༢ ནུབ་ཕྱོགས་ཀྱི་གྲོས་ཚོགས་དང་གཞུང་འབྲེལ་མི་སྣ་ག་ཚད་ལ་ད་ལྟའི་ལམ་ཁ་འདིར་རྒྱབ་བསྐྱོར་ཡོད་ནའང་། དེ་ནི་ཁོ་རང་ཚོའི་ཁེ་ཕན་སྒྲུབ་བྱེད་དུ་གྱུར་ཡོད་པས། ཁེ་ཕན་ཕྱོགས་གཉིས་སུ་མཉམ་བགོ་ཡོང་ཐབས་ནི་ད་ལྟའི་ལམ་ཁར་འགྱུར་བ་གཏོང་རྒྱུ་དེ་ལས་ལྷག་མེད།
༼ང་ཚོའི་ནང་ཁུལ་གྱི་ནུས་པ་དེ་ང་ཚོའི་འཐབ་རྩོད་ཀྱི་ནུས་པ་གལ་ཆེ་ཤོས་དེ་རེད།༽ཏན་ཏན་བཤད་སྟངས་འདི་བཙན་བྱོལ་བོད་ཀྱི་གནས་བབ་ལ་རྒྱུས་ལོན་བྱས་ཡོད་པའི་སྐད་ཆ་ཞིག་རེད་ལ། དོན་སྙིང་ཆེན་པོ་འདུག
འདི་ལྟར་བསམ་བསྡད་ནས་བཤད་ཀྱིན་པའི་སྐད་ཆ་འདི་རིགས་བརྒྱུད་ད་ལྟའི་བོད་ཀྱི་གནས་བབ་ལ་བལྟས་ན། ང་ཚོ་འདིར་འཛོམས་པའི་དཔྱད་མཆན་པ་དག་ཚུད་པའི་མང་མང་ཞིག་གིས་ད་ལྟའི་བར་གྱི་གཞུང་སྲིད་ལ་ཆིལ་སྒྲིལ་གྱིས་བསམ་གཞིགས་འོག་རྒྱུས་ལོན་བྱས་མྱོང་མེད་ལ། དེ་བས་ཀྱང་རང་རློམ་ཆུང་དུ་བཏང་ནས་གོང་བཀུར་གྱིས་རམ་འདེགས་ཐུབ་མེད་པ་འདི་གསལ་བོ་བཟོས་ཡོང་གིན་འདུག ང་ཚོས་ཐོག་མ་ནས་རང་རང་གི་ལྟ་གྲུབ་གཙུག་རྒྱན་དུ་བཀུར་དེ་དམ་བཅའ་ལ་དམིགས་གཏད་བསྡད་པའི་དབང་གིས། ནང་ཁུལ་གྱི་ནུས་བ་ལྟ་གྲུབ་གྱིས་བཅོམས་ཞིང་འཐབ་རྩོད་ཀྱི་བྱེད་སྒོ་གཞི་གཅིག་གི་སྒང་ལ་སྤུངས་ཐབས་བྱུང་མེད་པ་འདིས། བཙན་བྱོལ་ཡུལ་གྱི་ནང་ཁུལ་ནུས་ཤུགས་དེ་གལ་ཆེན་པོ་ཡིན་པ་གསལ་སྟོན་བྱས་བ་རང་རེད།
འདི་ལྟར་ཕུ་དེད་ནས་ཡོང་དུས། བོད་ལ་ལམ་ཁ་གཉིས་ལས་མི་འདུག་ཞེས་བ་ལྟ་བུའི་ཚིག་ཐག་བཅད་དེ་བཀའ་བསྒོ་སྟངས་འདི་རིགས། སྙིང་རྗེ་མོ་ཞིག་ཡེ་ནས་མི་འདུག རྒྱུ་མཚན་ཡང་ད་ལྟའི་བོད་ཀྱི་སྲིད་སྐྱོངས་སྡེ་ཁག་གིས་ཅི་བསམ་པ་དང་གང་བསྒྲུབ་གྱིན་པའི་ལས་ལ་ཆིག་སྒྲིལ་གྱི་ནུས་སྟོབས་བསྐྱེད་པར་དགག་བྱེད་པའམ། རང་ལྟ་མཆོག་འཛིན་གྱིས་ཕྱོགས་སུ་ཟགས་བཞིན་པའི་སྤྱོད་ལམ་འདི་ལ། སླར་ཡང་ནང་ཁུལ་གྱི་ནུས་ཤུགས་དེ་ཕྱོགས་ཕྱོགས་སུ་འཆད་འགྲོ་བའི་འཐེན་ཤུགས་ཀྱི་ནུས་རྩོལ་ཞིག་འདུག་པས་ཡིན།
རང་ཡུལ་སླར་གསོ་བྱེད་འདོད་པའི་ད་ལྟའི་སྲིད་ཀྱི་འགྲོ་ལུགས་འདི། ག་ལེར་འགྱུར་ཆོག་པའམ་བསྒྱུར་དགོས་བའི་བྱ་བ་ཞིག་ཡིན་ཙང་། གོང་རིམ་ནས་བསྐྱར་ཞིབ་བརྒྱུད་གྲོས་འདེབས་དགོས་བའི་བཀའ་མོལ་དེ་སྔོན་ཆད་ནས་བྱུང་མྱོང་ཡོད་ལ། ནམ་ཞིག་དུས་ལ་བབས་ནས་རྐྱེན་འཕྲད་སོང་ན། ང་ཚོས་ལོ་རྒྱུས་གཟུ་དཔང་ལ་བཞག་ནས་རང་ས་རང་བདག་གི་གོ་ཐོབ་སྟེང་སྙེགས་ཆོག་པ་ཞིག་ཡོད་པ་རེད་དེ། འོན་ཀྱང་ང་ཚོ་བུ་མོ་གནས་ཤོར་མ་ཞིག་དང་འདྲ་བར་བག་མ་ལ་འགྲོ་ཆོག་ཆོག་དང་ཕྱིར་རང་ཁྱིམ་ལ་ལོག་ཆོག་ཆོག་ལྟར། གནད་ལྕི་ས་དང་འགན་ཆེ་ས་ནས་ཕྱིར་ནུར་བརྒྱབ། མི་རིགས་ས་གནས་རང་སྐྱོངས་ཀྱི་ཚིག་སྣེ་འཇུས་ནས་དབུ་མའི་དགོས་འདུན་འགྲུབ་རེ་བཅིངས་བའི་སྐད་ཆ་བཤད་སྟངས་འདི། སུ་ཞིག་ལ་ཨམ་ཚུགས་ཀློད་རོགས་ཟེར་ཀྱིན་ཡོད་དམ། དངོས་ནས་བློ་ཕམ་པོ་རེད།
བསྟན་བརྩོན་སོགས་ལ།
ཞི་དྲག་ལམ་བུ་ཅི་ཡང་མེད། །
རང་བཙན་རྩོད་མཁན་མིག་རྒྱང་ཐུང་། །
བོད་རིགས་དད་ཞན་ལ་རྒྱ་ཅན། །
དབུས་ལམ་མི་འདོད་རང་གཤེད་ཆེ། །
དྲང་མོ་བཤད་ན་བཙན་བྱོལ་གཞུང་གི་དུས་ནམ་ཡང་ཀུ་རེ་འདྲ་རྐྱང་རྐྱང་བཤད་ནས་བསྡད་ཡོད་པ་འདྲ་གང་ཡིན་བྱས་ན་ལོ་སྔོན་མ་2008་ལོ་བོད་མིའི་ལས་འགུལ་ཆེན་མོའི་སྐབས་སུ་ཡང་མི་སྒེར་དང་གཞུང་ཚང་མའི་ལས་འགུལ་ཁྱབ་སྒྲག་གི་ནུས་བ་ཆུང་སོང་བ་དང་ནུས་བ་མ་ཐོན་བ་རྐྱང་རྐྱང་བཤད་ནས་རྗེས་མ་ང་ཚོའི་གཞུང་མང་གཉིས་ནས་ཤུགས་རྒྱག་གི་ཡིན་ཞེས་མགོ་བཀའ་ཁྲི་མཆོག་ནས་བཟུང་ཚང་མས་ཁ་གཅིག་ཅག་བཤད་པ་རེད་སྐྱག་རྫུན་ཁོ་ན་ལས་གཞན་ཅི་ཡང་མི་འདུག་ད་ལྟ་ཡང་དེ་བཤད་པ་རེད།
གནས་ཚང་ལགས་ཀྱི་དགོངས་འཆར་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། དངོས་གནས་ང་ཚོ་ལ་ལམ་ཁ་གཉིས་ལས་ལྷག་མི་འདུག ཁ་གསངས་ནས་བཤད་ན། སྒྲིག་འཛུགས་ཀྱིས་རྒྱ་ནག་གི་བོད་དམ། ཀྲུང་གོའི་བོད་དེ་རྩོད་ཀྱིན་ཡོད་སྟབས། དེ་ནི་ཆ་ཚང་མིན་ལ་མ་ལྟོས་པར་ཡོད་ཡོད་པ་ཞིག་རེད། མྱུར་བ་མྱུར་དུ་བོད་ལ་ཕྱིར་ལོག་ཐབས་བྱས་ནས་ས་གནས་མི་རིགས་ཀྱི་ཁེ་ཕན་བསྒྲུབ་རོགས་བྱས་ན་དེ་བས་ནུས་པ་ཐོན་ཡོང་།
དེ་མིན་གྲུབ་འབྲས་གང་ཡང་མེད་པའི་ད་ལྟའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དེར་ངེས་པར་དུ་བསྐྱར་ཞིབ་བྱ་དགོས་པ་དེ་ཡིན། དེ་ཡང་ལས་ཀྱི་སྣེ་མོར་གཏོགས་པ་ཚོ་སྡིངས་ཆའི་སྟེང་ནས་གཏམ་བཤད་བྱེད་མཁན་གཅིག་བུ་ལ་ངོས་འཛིན་མི་བྱེད་པར་མདུན་དུ་ཐོན་ནས་མི་རིགས་ཀྱི་རྩ་དོན་འཐབ་རྩོད་དོན་འཁྱོལ་ཞིག་བྱ་དགོས་པར་འདོད།
ད་ལམ་ཁ་གཉིས་ལས་མི་འདུག ལམ་ཁ་གཅིག་དེ་བོད་ནང་དུ་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ལུགས་ཡོད་ཡོད་པ་ཡིན་པས། ཚང་མ་ལོ་ཕྱིར་ལོག་རྒྱུ་དེ་རེད། སྐབས་དེར་དབུ་ཁྲིད་དང་བཙན་བྱོལ་བ་མང་ཆེ་བ་བཙོན་དུ་ཚུད་སྲིད་ཀྱང་ལྕམ་ཨང་སུན་སུ་ཅི་ནང་བཞིན་གནང་ཐུབ་དགོས་ཀྱི་ཡོད་པ་རེད། དེ་ལྟར་ཆོད་བསམ་བརྟན་པོ་ཡོད་ན། དབུ་མའི་ལམ་གྱི་སྲིད་དོན་གྱི་དགོངས་པའང་འགྲུབ་སྲིད་པ་ཞིག་རེད། ལམ་ཁ་གཞན་གཅིག་དེ་ད་ལྟའི་ལངས་ཕྱོགས་ལ་ངེས་པར་དུ་བསྐྱར་ཞིབ་བརྒྱུད་ནས་མུ་མཐུད་དུ་བོད་ནང་གི་བོད་མིའི་དགོས་འདུན་ལ་གཞོགས་འདེགས་བྱེད་དགོས་པ་དེ་རེད། དེ་མིན་ཅིག་ཅིག་ཉེན་ཁ་རེད། མུག་མུག་མ་རབས་རེད་ཅེས་བསྡད་ན་ཅི་ཡང་འགྲུབ་སྲིད་ཀྱི་མ་རེད། དེ་ལྟ་ཞིག་མ་རེད་དམ།
༼༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་སྐབས། མི་མང་གི་མངོན་འདོད་ལྟར་དབུ་མའི་ལམ་གྱི་ཐོག་རང་སྲིད་རང་སྐྱོང་ཐོབ་ཐུབ་པའི་འབད་བརྩོན་བྱས་ཏེ་མུ་མཐུད་འགྲོ་བཞིན་པ་རེད། ཡིན་ནའང༌། རྒྱ་ནག་གཞུང་གིས་བརྡ་ལན་མ་སྤྲད་པ་ཡིན་ན། ང་ཚོའི་དགོས་འདུན་དང་དམིགས་ཡུལ་གྱི་སྐོར་ལ་གྲོས་བསྡུར་བྱ་རྒྱུ་དང༌། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་བརྩི་འཇོག་བྱས་ཏེ་བསམ་བློ་ནན་ཏན་གཏོང་དགོས་པ་རེད་ཅེས་གྲོས་ཆོད་བཞག་ཡོད་པ་རེད།༽ བཤད་སྟངས་འདིའི་རིགས་ཉེན་ཁ་མཐོང་གི་འདུག བཙན་བྱོལ་གཞུང་གིས་མི་མང་ལ་མ་བརྩི་བ་ལྟ་བུར་བཤད་ཡོང་གིན་འདུག བཙན་བྱོལ་བཀའ་སྤྱི་གཉིས་ཀྱང་མི་མང་གིས་བསྐོས་པ་རེད། ད་མདོར་བསྡུས་ན་༸གོང་ས་མཆོག་གིས་ལམ་སྟོན་གནང་ཡོད་དོ། །ད་དེས་མ་འགྲིགས་པ་དང་འགྱུར་བ་གཏོང་དགོས་ན་མཐའ་མའི་ཉེན་ཁ་དེའི་འགན་སོ་སོས་ཁུར་དགོས་སོ། །བོད་མི་མང་གི་སེམས་ནང་༸གོང་ས་མཆོག་མ་གཏོགས་རྡ་རམ་སའི་མི་ཆལ་ལི་ཆོལ་ལི་དེ་ཚོ་ང་ཚོས་མི་ཤེས་སོ། །བོད་ཀྱི་ལྷིང་འཇགས་བཞག་རོགས་ཐུགས་རྗེས་གཟིགས། ད་དངོས་གནས་རྒྱ་ཡི་སོ་པ་དང་ཡང་དོལ་རྒྱལ་བ་ཞིག་རྡ་རམ་ས་ལ་མེད་དམ་སྙམ་མོ། །བསྟན་འཛིན་བརྩོན་འགྲུབ་ཟེར་འདི་དེ་ལྟར་རེད་ཅེས་ལབ་ཀྱིན་མེད། འོན་ཀྱང་དོགས་པ་སླེབས་ཡོང་གི་འདུག་གོ །
རེད་རེད། ཆིག་སྒྲིལ་བྱས་ནས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལྟར་བསྐྱོད་ན་འགྲིགས་པ་རེད། ཚང་མས་དེའི་ཐོག་ནུས་པ་ཞིག་སྤུངས་དང་། དེ་ནས་གོམ་སྟབས་ཕྱིན་མ་ཞིག་ངང་གིས་འཐོན་ཡོང་གི་རེད།
ད་བར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ཐད། མི་དམངས་ལྟ་ཅི་སྤྱི་འཐུས། སྤྱི་འཐུས་ལྟ་ཅི་བཀའ་བློན་མན་ཆད་ནས། རྒྱབ་སྐྱོར་དང་བློ་ནུས་ཡོད་རྒུ་བཏོན་མེད། འདི་ལྟར་མ་བྱུང་བར་འདིས་མི་འགྲིགས་པ་ཤོད་དབང་ཡོད་ཀྱང་ཤོད་ཐབས་མེད།
་་་་་་་། ང་ཚོས་རྒྱ་ནག་ནང་ཁུལ་དུ་རང་དབང་དང་རང་བཙན་རྩོད་ལེན་བྱེད་ཀྱིན་པའི་འབྲེལ་བ་བཙུགས་ཏེ། ནུས་པ་གསར་བ་ཞིག་བསྐྲུན་པའི་འབད་བརྩོན་གནང་དགོས་ཀྱི་འདུག དེའི་ཐོག་ང་ཚོ་གཞུང་མང་གཉིས་ཀྱིས་ཤུགས་རྒྱག་དགོས་པ་རེད། ཟེར།