མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་གནས་སྟངས་ལ་གཞུང་མང་གཉིས་ཀྱིས་ཅི་ཞིག་གནང་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp


ཕྱི་ཚེས་ ༢༥ ནས་ ༢༧ ཉིན་བར་ངྷ་རམ་ས་ལར་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་བོད་གཞུང་དམངས་གཉིས་ཀྱིས་གདོང་ལེན་གནང་ཕྱོགས་ཐོག་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་འཚོགས་འཆར་ལ། གྲོས་གཞིའི་ནང་དོན་དང་འབྲེལ་གནད་བའི་ཐོག་ཆོལ་ཁ་གསུམ་གྱི་སྐུ་ཚབ་སྤྱི་འཐུས་རེ་ལ་བཅར་འདྲི་ཞུས་ཡོད།

དབུས་གཙང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས།

དྲི་བ། བོད་ནང་གི་ཛ་དྲག་གནས་སྟངས་ཐད་བོད་གཞུང་མང་གཉིས་ཀྱིས་གདོང་ལེན་ཇི་ལྟར་བྱེད་དགོས།

ལན། བོད་མིའི་སྒྲིག་འཛུགས་དང་མི་མང་གཉིས་ནས་བོད་ནང་གི་བོད་མིའི་སྐུ་ཚབ་མཚོན་པའི་ཐོག་ནས་བོད་ནང་གི་གནས་སྟངས་སྤྱི་དང་། ལྷག་པར་ང་ཚོས་ཤེས་རྟོགས་ཡོད་པ་ཁོ་ནར་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ནས་ད་བར་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༥༡ ནས་རང་ལུས་མཆོད་མེར་ཕུལ་ཏེ། བོད་བསྟན་སྲིད་མི་རིགས་ཆེད་རང་གི་གཅེས་སྲོག་ཚུན་བློས་གཏོང་གནང་བའི་མཛད་རྗེས་དང་། ཁོང་རྣམས་ཀྱི་ཞལ་ཆེམས་དང་དགོས་འདུན་ཁག་རྒྱལ་སྤྱིའི་སྡིངས་ཆར་དྲིལ་བསྒྲགས་གང་ཐུབ་བྱ་དགོས་པ་མ་ཟད། བོད་དོན་བདེན་མཐའ་གསལ་ཐབས་སུ་ལས་འགུལ་སྔར་ལས་ཤུགས་ཆེ་ཙམ་སྤེལ་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚོན་འཛམ་གླིང་རྒྱལ་ཁབ་ཁག་དང་དབུ་ཁྲིད་རྣམ་པར་དུས་ནས་དུས་བོད་དོན་ཞུ་སྐུལ་གནང་བ་བརྒྱུད་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུ་གལ་ཆེན་རེད། བོད་མིའི་སྒྲིག་འཛུགས་ངོས་ནས་ལྷོ་ཨ་མི་རི་ཁ་དང་། ཨ་ཧྥི་རི་ཀ ཨེ་ཤ་ཡ་གླིང་ཕྲན་སོ་སོའི་ནང་བོད་དོན་དྲིལ་བསྒྲགས་ཤུགས་ཆེན་བྱ་དགོས། ལྷག་པར་བཙན་བྱོལ་བོད་མི་ཚོས་རྡོག་རྩ་ཆིག་སྒྲིལ་ངང་རང་དོན་སྤངས་ཏེ་སྤྱི་དོན་ཐོག་ཤུགས་གནོན་རྒྱག་དགོས་པའི་ཁར་རང་གི་སྐད་ཡིག་རིག་གཞུང་མི་ཉམས་གོང་འཕེལ་ཐོག་འབད་རྒྱུ་གལ་ཆེན་རེད།

དྲི་བ། དེ་སྔའི་རྒྱལ་ཡོངས་ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན་རིམ་པའི་གྲོས་ཆོད་ཁག་ལ་གྲུབ་འབྲས་ཐོན་ཡོད་མེད་དང་། ཐེངས་འདིའི་གྲོས་ཆོད་ཁག་ལག་བསྟར་བྱེད་ཕྱོགས་ཐད་དགོངས་ཚུལ་ག་རེ་ཡོད།

ལན། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ནི་བོད་ཀྱི་ཆབ་སྲིད་གཙོ་བོར་གྱུར་བའི་བཙན་བྱོལ་བོད་མིའི་བདེ་དོན་བཀའ་བསྡུར་གནང་སའི་སྡིངས་ཆ་ཞིག་ཡིན་ལ། གཞི་རིམ་མི་མང་གི་དཀའ་ངལ་དང་དགོངས་ཚུལ་བསྡུ་རུབ་ཀྱི་ཐབས་ལམ་ཞིག་ཀྱང་ཆགས་ཡོད། ད་བར་ཚོགས་པའི་དམིགས་བསལ་ཚོགས་ཆེན་དང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སོ་སོའི་རྒྱབ་གཉེར་སྙན་ཐོ་ཁག་ཆ་ཚང་ལག་བསྟར་བྱེད་ཐུབ་མེད་རུང་། རྒྱབ་གཉེར་སྙན་ཐོའི་ནང་དོན་མང་པོ་འཛིན་སྐྱོང་དང་ཁྲིམས་བཟོ་ལྷན་ཚོགས་སོ་སོས་ལག་བསྟར་བྱས་དང་བྱེད་བཞིན་པ་རེད། སྤྱིར་ཚོགས་ཆེན་སྐོང་ཚོགས་བྱས་པ་བརྒྱུད་རྒྱལ་སྤྱི་དང་རྒྱ་ནག་ལ་བོད་མིའི་འཐབ་རྩོད་གསོན་པོར་གནས་ཡོད་པའི་བརྡ་ལན་གསལ་པོ་སྤྲོད་ཐུབ་པ་བྱུང་ཡོད། མི་འགྱངས་པར་འཚོགས་རྒྱུའི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་དེ་ནི་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ལ་གདོང་ལེན་བྱེད་ཕྱོགས་སྐོར་རེད། ཚོགས་ཆེན་ནང་བཀའ་བསྡུར་ཐག་གཅོད་བྱུང་བའི་རྒྱབ་གཉེར་སྙན་ཐོ་ཁག་ལ་བོད་མིའི་སྒྲིག་འཛུགས་དང་མང་ཚོགས་གཉིས་ནས་དུས་ནས་དུས་སུ་ལག་བསྟར་ཞུ་རྒྱུའི་གདེང་སྤོབས་དང་ཡིད་ཆེས་ཡོད་ཞུ་རྒྱུ་ཡིན།

དྲི་བ།  བཙན་བྱོལ་བོད་གཞུང་གི་མཚན་བྱང་བཅོས་བསྒྱུར་བྱས་པའི་ཐོག་སྤྱི་ཚོགས་ནང་ལྟ་སྟངས་གཉིས་ཡོང་གི་ཡོད་པའི་ཐོག་དགོངས་ཆུལ་ག་རེ་ཡོད།

ལན། བཙན་བྱོལ་བོད་གཞུང་གི་མཚན་བྱང་ལ་འགྱུར་བ་ཕྱིན་པའི་གནས་ཚུལ་དེ་ནི་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཕར་མའི་ཐོག་གཏན་འབེབས་བྱུང་བ་ཞིག་ཆགས་ཡོད། བཙན་བྱོལ་བོད་མིའི་དམངས་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དང༌བོད་མི་རྣམས་གང་ཟག་གཅིག་ལ་བརྟེན་མི་དགོས་པར་འཕྲལ་ཕུགས་ཀྱི་རྒྱུ་མཚན་དུ་མར་དགོངས་ཏེ། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༤ ཉིན་ྋགོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་བཞེས་རྒྱུ་མིན་པ་དང༌། འབྱུང་འགྱུར་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་མགོ་ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་བྱེད་དགོས་པ་དང༌། དེའི་ཆེད་བཅའ་ཁྲིམས་ཀྱི་སྒྲོམ་གཞི་བསྐྱར་བཅོས་དགོས་པའི་བཀའ་སློབ་གསུང་འཕྲིན་གྲོས་ཚོགས་སུ་ཕེབས་པ་ལྟར། སྤྱི་ལྷན་སྐབས་བཅུ་བཞི་པའི་གྲོས་ཚོགས་འཕར་མའི་ཐོག་ཁྲིམས་བཟོ་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཁྲིམས་མཐུན་བསྐྱར་བཅོས་བྱས་པ་དང་ཆབས་ཅིག  “བོད་མིའི་སྒྲིག་འཛུགས་”འདི་ཉིད་ཕྱི་ལོ་ ༡༦༤༢ ལོར་དབུ་བརྙེས་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་རྒྱུན་བོད་མིའི་ཁྲིམས་མཐུན་གྱི་དབང་ལྡན་སྒྲིག་འཛུགས་གཅིག་ཉིད་ཆགས་ཡོད། ད་ལྟའི་ཆར་”བོད་གཞུང་དགའ་ལྡན་ཕོ་བྲང་” ནས་ “བོད་མིའི་སྒྲིག་འཛུགས་” ཞེས་ཐ་སྙད་ཙམ་འགྱུར་བ་ཕྱིན་པ་མ་གཏོགས། བོད་ཕྱི་ནང་གཉིས་ཀྱི་ཁྲིམས་མཐུན་ངོ་བོ་མཚོན་ཐུབ་པའི་ནུས་པར་ཉམས་ཆག་རྩ་བ་ཉིད་ནས་ཕྱིན་མེད་པ་གསལ་པོ་ཡིན། མདོར་བསྡུས་ན་བཅའ་ཁྲིམས་ལ་བསྐྱར་བཅོས་ཀྱི་ལས་རིམ་རྣམས་དམངས་གཙོའི་ལམ་ལུགས་ཚད་ལྡན་འོག་གྲོས་ཚོགས་ནས་ཁྲིམས་མཐུན་ངང་ཁྲིམས་སུ་བཅོས་པ་ཞིག་ཆགས་ཡོད་པ་ཚང་མས་དགོངས་པར་འཇགས་དགོས། ལྷག་པར་དུ་༧གོང་ས་མཆོག་གིས་འཕྲལ་ཕུགས་རྒྱང་གསུམ་ལ་གཟིགས་ཏེ་བོད་མིའི་དམངས་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པར་མཛད་ཡོད་པ་ལྟར། ང་ཚོ་ལས་ཀྱི་སྣེ་མོར་གཏོགས་པ་གཙོས་བཙན་བྱོལ་བོད་མི་ཚོས་༸གོང་ས་མཆོག་གི་དགོངས་གཞི་རྣམས་འགྲུབ་རྒྱུའི་ཆེད་འབད་བརྩོན་ལྷོད་མེད་ཞུ་རྒྱུ་ནི་བཀའ་དྲིན་རྗེས་དྲན་གྱི་མཆོད་པ་རླབས་ཆེན་ཞིག་ཆགས་ཡོད། ཚང་མས་བོད་མིའི་འཐབ་རྩོད་སྤྱི་དང་དམངས་གཙོའི་གོམ་སྟབས་ཐད་སྔར་བས་འབད་བརྩོན་ཆེར་སྐྱེད་གནང་དགོས་པ་ཤིན་ཏུ་གལ་འགངས་ཆེ།

མདོ་སྟོད་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས།

དྲི་བ། བོད་ནང་གི་ཛ་དྲག་གནས་སྟངས་ཐད་བོད་གཞུང་མང་གཉིས་ཀྱིས་གདོང་ལེན་ཇི་ལྟར་བྱེད་དགོས།

ལན། བོད་ནང་གི་བོད་མི་ཚོའི་འབོད་སྒྲ་དང་མངོན་འདོད་ཇི་བཞིན་རྒྱལ་སྤྱིའི་སྡིངས་ཆ་ཆེ་འབྲིང་ཆུང་གསུམ་ལ་མཐིལ་ཕྱིན་ཞུས་ཏེ་བདེན་རྒྱབ་དཔུང་རོགས་ཡོང་ཐབས་སུ་གཞུང་འབྲེལ་དང་གཞུང་འབྲེལ་མིན་པ། སྒེར་པ་སུ་རུང་ནས་སྔར་ལྷག་འབད་འབུང་གནང་དགོས་པ་དང་། ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདིར་བོད་ནང་གི་བོད་མི་ཚོའི་རེ་བ་བརྒྱབ་ཡོད་པ་ལྟར། རྒྱ་དམར་གཙོས་ཕྱི་དགྲ་སུ་ཞིག་གིས་ཀྱང་ནང་དུ་སིམ་འཛུལ་དཀྲུགས་ཤིང་ཡོང་མི་ཐུབ་པར་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བར། དེ་སྲིད་དུ་བོད་མིའི་སྒྲིག་འཛུགས་འདི་སྲ་བརྟན་གནས་ཐུབ་པ་བཟོ་རྒྱུ་བོད་པ་མི་རེ་ངོ་རེའི་འོས་འགན་ཆགས་བསྡད་ཡོད།

དྲི་བ། དེ་སྔའི་རྒྱལ་ཡོངས་ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན་རིམ་པའི་སྐབས་ཀྱི་གྲོས་ཆོད་ཁག་ལ་གྲུབ་འབྲས་ཐོན་ཡོད་མེད་ཐོག་གཟིགས་ཚུལ་གང་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་སྟེང་དུའང་གྲོས་ཆོད་མང་པོ་ཞིག་ཡོང་གི་རེད། དེ་དག་ལག་བསྟར་བྱེད་ཕྱོགས་ཐད་དགོངས་ཚུལ་ག་རེ་ཡོད།

ལན། དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་དང་། རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་བཅས་ཀྱི་ཐོག་བཞག་པའི་གྲོས་ཆོད་ཁག་ལ་གྲུབ་འབྲས་ཐོབ་མེད་པའམ་ལག་བསྟར་བྱས་མེད་པར་ངོས་འཛིན་ཞུ་ཡི་མེད། དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་ཐོག་༸གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་གང་གནང་བ་དེར་ཤར་སྐྱོད་བྱ་རྒྱུ་ཡིན་ཞེས་བཀོད་པ་གཞིར་བཟུང་། ད་ལྟ་༸གོང་ས་མཆོག་གི་ཐག་གཅོད་གཞིར་བཟུང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་ཐེངས་ཉེར་ལྔ་པ་གནང་སྟེ་འགྱུར་བ་ཆེན་པོ་ཐེབས་པ་རེད།

དྲི་བ། ༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་ངོས་ནས་འདུས་པའི་ལོ་ཤས་རིང་རྒྱ་རིགས་ཤེས་ཡོན་པ་དང་མི་མང་ཚོར་འབྲེལ་ལམ་འཛུགས་རྒྱུ་གལ་ཆེན་དུ་རྩིས་ཡོད། སྲིད་བྱུས་དེའི་གྲུབ་འབྲས་དང་ལེགས་ཉེས་ཐད་དགོངས་ཚུལ་ག་རེ་ཡོད།

ལན། བོད་ཀྱི་བདེན་མཐའ་གསལ་ཐབས་ཀྱི་མཐར་ཐུག་གི་བརྒྱུད་ལམ་དེ་ནི། རྒྱ་ནག་གཞུང་དང་མི་མང་ལ་གདོང་དང་གདོང་གཏུགས་ཏེ་འབྲེལ་མོལ་གྱི་ལམ་ནས་ཐག་གཅོད་དགོས་པ་དེ་ཧ་ཅང་གསལ་བོ་རེད། ད་ལྟའི་ཆར་རྒྱ་གཞུང་གི་མཁྲེགས་འཛིན་སྲིད་བྱུས་ཤིག་བཟུང་སྟེ་བོད་ཀྱི་གནད་དོན་སེལ་བར་བློ་སྟོབས་ཀྱིས་མ་འདང་བ་དང་། རྒྱ་མི་རིགས་ལ་དེ་དོན་འཁྱོག་བཤད་ཀྱི་དྲིལ་བསྒྲགས་ཤུགས་ཆེན་སྤེལ་བཞིན་པར་བརྟེན། རྒྱ་མི་མང་པོ་ཞིག་མགོ་རྨོངས་སུ་གྱུར་ཏེ་༸གོང་ས་མཆོག་གི་དགོངས་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཇི་བཞིན་མ་རྟོགས་པར། རང་རེའི་དབུ་ཁྲིད་དང་སྒྲིག་འཛུགས་ལ་འཁོན་སེམས་སློང་དང་། བོད་རྒྱ་མི་རིགས་གཉིས་བར་འགལ་ཟླ་ཇེ་ཆེ་རུ་འགྲོ་བའི་ཉེན་ཁ་འཕྲད་བཞིན་ཡོད་སྟབས། རྒྱ་མི་རིགས་ཀྱི་དོགས་པ་སེལ་ཐབས་གནང་རྒྱུ་དང་། དེར་བརྟེན་ནས་རྒྱ་གཞུང་གི་འཁྱོག་བཤད་ཀྱི་རྫུན་རྐུབ་བརྟོལ་ཐབས། ང་ཚོར་བདེན་རྒྱབ་ཡོང་བ་བཅས་ཀྱི་ཆེད་དུ་སྲིད་བྱུས་འདི་འཛིན་གྱིན་ཡོད་པ་རེད། ད་ལྟ་སྲིད་བྱུས་དེའི་གྲུབ་འབྲས་སུ་ཕྱིའི་རྒྱལ་ཁབ་ཁག་ཕུད། རྒྱ་ནག་ནང་ཁུལ་དུའང་ཤེས་ཡོན་པ་རྣམས་གཙོས་རྒྱ་མི་མང་པོ་ཞིག་གིས་དངོས་དོན་མཁྱེན་རྟོགས་བྱུང་སྟེ། བོད་དོན་བདེན་མཐའ་གསལ་རྒྱུར་ཕན་ནུས་ཀྱི་རྨང་གཞི་ལེགས་པོ་བཙུགས་ཐུབ་པ་བྱུང་ཡོད། ང་རང་ལ་མཚོན་ན་སྲིད་བྱུས་དེ་ཧ་ཅང་གལ་ཆེན་པོ་ཞིག་དང་། ཁ་ཡོད་ལག་ཡོད་ཀྱིས་བོད་རྒྱའི་གནད་དོན་སེལ་ཐབས་ཐོག་ཕན་འབྲས་ལྡན་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད།

མདོ་སྨད་སྤྱི་འཐུས་རྒྱ་རིགས་ཐར།

དྲི་བ། བོད་ནང་གི་ཛ་དྲག་གནས་སྟངས་ཐད་བོད་གཞུང་མང་གཉིས་ཀྱིས་གདོང་ལེན་ཇི་ལྟར་བྱེད་དགོས།

ལན། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་དུས་གཏན་དུ་འཆི་སྲིད་པའི་ཉེན་ཁ་ཆེན་པོ་ཞིག་དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་མགྱོགས་མྱུར་དུ་ཡོང་བཞིན་པ་དེར། བོད་མི་ཡོངས་ཀྱིས་རིགས་ཞེན་དང་ལ་རྒྱའི་ཀུན་སློང་རྣལ་མ་ཞིག་གིས་ཤ་ཁྲག་རུས་རྐང་ལ་འཐིམ་པའི་སྐད་ཡིག་རིག་གཞུང་དང་བཅས་པར་གཉའ་གནོན་དང་མནར་གཅོད་ཚད་མེད་གཏོང་བཞིན་པ་མ་བཟོད་པ་དང་། ཚེ་སྲོག་གི་སྐྱ་ཡ་ལྟ་བུའི་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་རྒྱུན་འཛིན་བྱ་ཆེད་སོ་སོའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཕངས་མེད་བློས་བཏང་བྱས་དང་བྱེད་ཀྱི་ཡོད། ང་ཚོས་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ཞུམ་པ་མེད་པའི་རྟུལ་ཕོད་དེ་བོད་གཞིས་བྱེས་གཉིས་དང་ཆོལ་གསུམ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་རྒྱལ་ཁ་ཅིག་ལ་ངོས་འཛིན་གྱིས་ཚོགས་པ་སྒྲིག་འཛུགས་དང་། ཡང་ན་མི་སྒེར་སུ་འདྲ་ཞིག་ཡིན་ཡང་བསམ་འདུན་གཅིག་གྱུར་དང་ལྡོག་རྩ་ཆིག་སྒྲིལ་གྱིས་གོང་བུའི་ནུས་པ་འདོན་རྒྱུ་དེ་དོན་གྱི་གནད་རེད། དེ་མ་ཡིན་པར་གཡག་ཞར་བའི་རྩྭ་ཟ་བ་བཞིན་ཕྱོགས་གཅིག་ཁོ་ནར་སྐོར་བ་འཁོར་ནས་སྡོད་པ་དང་།  ར་བྲག་འདོད་པའི་བྲག་དང་ལུག་སྤང་འདོད་པའི་སྤང་བྱས་ན།  མེད་པ་ཡོད་པར་སེམས་ན་ཡོད་པ་སྟོང་ཟེར་བའི་དཔེ་ལྟར་རྐང་རྗེས་ལག་གསུབ་ཏུ་གྱུར་ཏེ་དོན་གྱི་འབྲས་བུ་འབྱུང་ཐབས་ཡོད་པ་མ་རེད། ༧གོང་ས་དོན་གྱི་བདག་པོས་སྐུ་ཚེགས་དང་རྔུལ་ཁྲག་གིས་བཞེངས་བསྐྲུན་གནང་བའི་གཞིས་བྱེས་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་སྐུ་མཁར་སྨུག་པོ་འདིའང་ཁ་ཆག་སྣ་རལ་དུ་གཏོང་བའི་ངན་གྲོགས་སུ་མི་འགྲོ་བའི་ངེས་པ་མེད།  མཐུན་ལམ་གཅིག་གྱུར་གྱིས་འགྱུར་ལྡོག་མེད་པའི་དམ་ཚིག་བརྟན་པོ་ཞིག་འཛུགས་རྒྱུ་ནི་ད་ལྟའི་ཛ་དྲག་གི་གནས་སྟངས་ལ་གཞིགས་པའི་བོད་གཞུང་མང་གཉིས་ཀྱི་ལྡོག་ཏུ་མེད་པའི་འགན་འཁྲི་ཉག་གཅིག་རེད་འདོད།  

དྲི་བ། དེ་སྔའི་རྒྱལ་ཡོངས་ཚོགས་ཆེན་དང་དམིགས་བསལ་ཚོགས་ཆེན་རིམ་པའི་སྐབས་ཀྱི་གྲོས་ཆོད་ཁག་ལ་གྲུབ་འབྲས་ཐོན་ཡོད་མེད་ཐོག་གཟིགས་ཚུལ་གང་ཡོད་དང་། ཐེངས་འདིའི་ཚོགས་ཆེན་སྒང་གྲོས་ཆོད་མང་པོ་ཞིག་ཡོང་གི་རེད། དེ་དག་ལག་བསྟར་བྱེད་ཕྱོགས་ཐད་དགོངས་ཚུལ་ག་རེ་ཡོད།

ལན། ཁྲིམས་དང་སྒྲིག་བཞི་ཡང་ན་ལངས་ཕྱོགས་དང་ལམ་ལུགས་སོགས་ལ་འགྱུར་བ་གཏོང་ངེས་ཅན་གྱི་དམིགས་བསལ་ཁྲིམས་ནུས་དང་འགན་དབང་ཅན་གྱི་ཚོགས་འདུ་བྱེ་བྲག་པ་དེ་འདྲ་མིན་ན། ཚོགས་ཆེན་ཞིག་འཚོགས་པ་ཙམ་གྱིས་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་བ་ཆེན་པོ་ཐེབས་ཐུབ་ཀྱི་མ་རེད་བསམ་གྱི་ཡོད། འོན་ཀྱང་དམངས་གཙོ་དང་རང་དབང་གིས་གྲུབ་པའི་སྤྱི་ཚོགས་ཤིག་ཡིན་ན་ཁྲིམས་སྒྲིག་མཐའ་དག་མི་མང་གི་མངོན་འདོད་ཁོ་ནས་བཞེངས་བ་ཞིག་ཡིན་དགོས་སྟབས། དེ་སྔའི་ཚོགས་ཆེན་གཉིས་ཀྱང་སུ་ཞིག་གིས་སྒེར་གཅོད་དང་ཚད་བཀག་གིས་ནུས་མེད་དུ་སྒྱུར་ཐབས་མེད། དེ་ལས་ལྡོག་སྟེ་མ་འོངས་ལས་འཆར་དང་། ལངས་ཕྱོགས་ལམ་ལུགས་སོགས་ལ་ཁ་ཕྱོགས་ངེས་ཅན་ཞིག་བསྟན་ཡོད་པ་མ་ཟད།  བོད་མི་རིགས་ཀྱི་མངོན་འདོད་རྩོད་སའི་དོ་ཟླ་ལའང་བརྡ་ལན་གསལ་བོ་ཞིག་སྤྲད་ཐུབ་ཡོད་ངེས་རེད་ལ། དེ་བཞིན་དུ་དོགས་སློང་དང་ཐེ་ཚོམ་གྱི་དྲི་རྟགས་ཁ་ཤས་ཀྱང་ཡོང་སྲིད་པ་ཞིག་རེད། ལས་དོན་གང་འདྲ་ཞིག་ཡིན་ཡང་དེ་ལ་བརྒྱུད་རིམ་སྣ་ཚོགས་ཤིག་དང་དུས་ཚོད་ངེས་ཅན་ཞིག་ཅིས་ཀྱང་དགོས་པས། ཐེངས་འདིའི་ཚོགས་ཆེན་འདི་ཡང་མ་འོངས་པའི་དགོས་དམིགས་ཤིག་ལ་ཕན་ངེས་ཅན་ཡིན་པ་ལས་ནུས་པ་མེད་པ་དང་། གྲོས་ཆོད་སྣ་གཅིག་ཀྱང་ལག་བསྟར་མི་ཡོང་བ་དེ་འདྲ་གཏན་ནས་མི་སྲིད་པ་ཞིག་རེད། ཡིན་ཡང་བརྒྱ་ཆ་བརྒྱ་ཚང་མ་ལག་བསྟར་བྱས་ཆོག་ཆོག་དེ་འདྲ་ཞིག་མིན་པས་གཙོ་ཕལ་དང་། ལེགས་ཉེས་ཀྱི་དབྱེ་བ་བཀར་ནས་ཕྱག་ལས་གནང་ན་ད་གཟོད་ལས་དོན་ཆེ་ཕྲ་གང་འདྲ་ཞིག་ཡིན་ཡང་གོ་འཛོལ་མེད་པའི་གྲུབ་དོན་ཞིག་འབྱུང་གི་རེད་དྲན་ཡོད།

དྲི་བ། བཀའ་ཤག་སྐབས་བཅུ་བཞི་པས་བོད་ནང་གི་ཛ་དྲག་གནས་བབས་ཐད། རྒྱལ་སྤྱིའི་ཐོག་འབྲེལ་ལམ་གནང་སྟངས་ཐོག་གཟིགས་ཚུལ་གང་འདྲ་ཡོད་དམ།

ལན། ང་ཚོར་མེད་པ་ནི་དམག་དཔུང་དང་དྲག་ཆས་ཡིན་ལ། ཡོད་པ་ནི་གནས་ལུགས་དང་བདེན་པ་རེད། འཚེ་བ་མེད་པ་དང་ཞི་བདེ་ཡི་རྒྱབ་དཔུང་ཞིག་ལ་གཞི་བཅོལ་ཏེ། མནར་གཅོད་དང་འཇིགས་སྣང་ལས་རྣམ་པར་རྒྱལ་དགོས་ན། དྲང་བདེན་དང་ལྷག་བསམ་འཚོལ་དགོས་ཀྱི་ཡོད། དེ་བས་རྒྱལ་ཁབ་དང་། ཚོགས་སྡེ། མི་སྒེར་སུ་འདྲ་ཞིག་ཡིན་ཡང་ཁྱད་མེད་ཐོག་བོད་མི་རིགས་ཀྱི་དངོས་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཏེ། བདེན་ཚིག་རི་མོ་ཇེ་གསལ་དུ་གཏོང་རྒྱུ་དེ་གཞིས་བྱེས་གཉིས་ཀྱི་རྒྱལ་ཁའི་བ་དན་ལྟ་བུ་ཡིན། དེར་བརྟེན། བཀའ་ཤག་སྐབས་བཅུ་གཞི་པས་འཛམ་གླིང་གི་ཡུལ་གྲུ་སོ་སོར་བ་དན་དེ་ག་ཚོད་ཀྱིས་མང་པོ་ཞིག་འཛུགས་ཐུབ་ན་དེ་ཚོད་ཀྱིས་ཕན་གྱི་རེད་བསམ་གྱི་ཡོད།

གསར་འགོད་པ། ཚེ་རིང་རྒྱལ།

༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༥ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༥ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༨ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese