གཞོན་སྐྱེས་རྩོམ་པ་པོ་དང་ཡིག་སྒྱུར་བ་ཆུང་ཚེ་རིང་ལགས་སུ། ཁོང་ཉིད་ཀྱིས་ལོ་མང་རིང་ཡིག་སྒྱུར་བྱས་པའི་ཉམས་མྱོང་དང་འབྲེལ་ཏེ། སྤྱིར་ཡིག་སྒྱུར་གྱི་གལ་ཆེན་རང་བཞིན་དང་། དམིགས་བསལ་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཡིག་སྒྱུར་ལས་དོན་སྐོར་ལ་བཅར་འདྲི་ཞུས་ཡོད།
དྲི་བ། ཁྱེད་ཀྱིས་བོད་སྒྱུར་བྱས་པའི་རྩོམ་ཐོག་མ་གང་ཡིན། བོད་བསྒྱུར་གྱི་དམིགས་ཡུལ་དང་འདུན་པ་ཇི་ལྟར་བསླེབས་སོང་།
ལན། ངས་དབྱིན་ཇིའི་སྐད་ཡིག་ཞེ་དྲག་སྦྱངས་མ་མྱོང་བས་དབྱིན་བོད་ཡིག་སྒྱུར་གྱི་ལས་ཀ་བྱེད་རྒྱུའི་དམིགས་ཡུལ་དེ་འདྲ་དང་ཐོག་མེད། ཤེས་རིག་ལས་ཁུངས་སུ་འཛུལ་རྗེས། ལས་ཀའི་དགོས་མཁོའི་ཆ་ནས་ཡིག་ཆ་ཞིག་བསྒྱུར་དགོས་ཆགས་པ་རེད། དེའི་སྤུས་ཚད་ང་རང་གིས་བསམས་པ་ལས་ལྷག་པ་ཞིག་བྱུང་འདུག ཡིག་སྒྱུར་ནང་ཞུགས་སྟངས་དེ་འདྲ་རེད་མ་གཏོགས་དམིགས་ཡུལ་སྔོན་ནས་ཡོད་པ་དེ་འདྲ་མིན། ཡིག་སྒྱུར་བྱས་པ་དང་པོ་དེ་ཡང་སྔོན་འགྲོ་འཛིན་གྲྭའི་སློབ་ཕྲུག་ལ་སློབ་སྦྱོང་སྤྲོད་སྟངས་ཀྱི་ཡིག་ཆ་ཞིག་རེད། དེའི་རྗེས་ཙམ་ནས་ཡིག་སྒྱུར་ནང་དམིགས་ཡུལ་ཡོད་པའི་སྒོ་ནས་ཞུགས་པ་རེད། དེ་ནི་དཀའ་ངལ་ཞིག་དང་འབྲེལ་བ་ཡོད། སྔོན་མ་ང་གཞུང་ཞབས་ནང་མ་འཛུལ་གོང་སྙན་ངག་དང་སྒྲུང་སོགས་ཆ་གེ་ཆག་གེ་དེ་འདྲ་འབྲི་གི་ཡོད། གཞུང་ཞབས་ནང་ཚུད་རྗེས་གཅིག་ནས་སྒྲིག་གཞིའི་ཆ་ནས་བྲིས་མ་ཆོག་པ་མང་པོ་རེད། གཉིས་ནས་ས་གནས་གཅིག་ལ། ལས་ཀ་རིགས་གཅིག་ཁོ་ན་ཉིན་ནས་ཉིན་བསྟུད་དེ་བྱེད་དགོས་དུས། སྔོན་མ་ནང་བཞིན་གྱི་འཆར་སྣང་དང་དྲན་སྐྱེན་པོ་དེ་འདྲ་མེད་པ་འདྲ་ཞིག་ཆགས་རྒྱུ་འདུག གཞུང་ཡིག་གི་འགྲོས་དང་ངའི་རྩོམ་འགྲོས་ཀྱང་གཅིག་པ་མ་རེད། དེའི་ཐད་ནས་ཀྱང་དཀའ་ངལ་འཕྲད་བྱུང་། དེ་བཞིན་གོང་རིམ་ནས་ཀྱང་། ང་ལ་རྩམ་པ་དུས་དེབ་ཀྱི་རྩོམ་སྒྲིག་པ་བྱས་མི་ཆོག་པ་དང་། <<སེམས་ཤུགས>>ཞེས་པ་ལྟ་བུའི་སྒྲུང་རྩོམ་དེ་ཚོ་སྤེལ་མི་ཆོག་པའི་བཀའ་ཕེབས་པ་རེད། གང་ལྟར་གནས་སྟངས་དེ་འདྲའི་འོག་ནས་ང་གསར་རྩོམ་དང་ཁ་བྲལ་བ་རེད། ཡིན་ནའང་། དགོང་མོ་མར་ཉལ་དུས་རྟག་པར་སེམས་ནང་བློ་ཁ་མ་ཚིམ་པ་འདྲ་ཞིག་ཡོང་གི་འདུག དེར་བརྟེན། ཡིག་སྒྱུར་གྱི་ལས་ཀ་ཏོག་ཙམ་བྱས་ན། གཅིག་ནས་སྒྲིག་གཞིའི་དཀའ་ངལ་ཡོང་ས་མེད། གཉིས་ནས་སོ་སོ་ཡར་རྒྱས་གཏོང་ཐུབ་ལ་རྩོམ་རིག་དང་ཁ་བྲལ་གྱི་མ་རེད། གསུམ་ནས་སྤྱི་ཚོགས་ལ་ཕན་ཐོགས་ཏོག་ཙམ་ཡོང་གི་རེད་དྲན་ནས་ཡིག་སྒྱུར་བྱས་པ་ཡིན།
དྲི་བ། ཁྱེད་ཀྱིས་བོད་སྒྱུར་གནང་པའི་བརྩམས་ཆོས་གང་དག་ཡོད་པ་དང་། ཡིག་སྒྱུར་གྱི་བརྒྱུད་རིམ་ཁྲོད་དཀའ་ངལ་ཆེ་ཤོས་དང་ཡིད་གཟབ་བྱ་དགོས་པའི་གནད་གང་དག་འདུག
ལན། ངས་བསྒྱུར་བའི་ཁོངས་སུ། བྱེད་སྒོའི་ལམ་ནས་སློབ་ཁྲིད་བྱེད་ཐབས་ཞེས་པའི་དེབ་ཁ་ཤས་དང་། གསར་གཏོད་དང་གསར་བཏོད་པ། མཉམ་སྦྲེལ་གྱི་ལྟ་གྲུབ་དང་བྱེད་སྒོའི་སྐོར། འཛིན་གྲྭ་བརྒྱད་པའི་ཚན་རིག་སློབ་དེབ། འབའ་པ་ཕུན་ཚོགས་དབང་རྒྱལ་གྱི་མི་ཚེའི་ལོ་རྒྱུས་བོད་མི་གསར་བརྗེ་བ། གཞིས་བཞུགས་བཀྲ་ཤིས་ཚེ་རིང་གི་མི་ཚེའི་ལོ་རྒྱུས་ཕ་ཡུལ་གྱི་ཕན་བདེའི་ཆེད་དུ། སྔགས་འཆང་ཡེ་ཤེས་རྡོ་རྗེའི་རྣམ་ཐར་ཆར་འབེབས་དབང་པོ། འཇམ་དབྱངས་ནོར་བུ་ལགས་ཀྱིས་བྲིས་པའི་བོད་རང་བཙན་གྱི་བདེན་དོན་སོགས་དཔེ་དེབ་བཅུ་ལྷག་དང་། ༸གོང་ས་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་བསྐྱངས་སྐབས་གྲགས་ཅན་མི་སྣ་མང་པོས་གནང་བའི་གསུང་བཤད་ཆ་ཚང་དང་། བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་ལོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོར་ཕྱི་རྒྱལ་གྱི་གྲོས་ཚོགས་འཐུས་མི་རྣམ་པས་གནང་བའི་གསུང་བཤད་ཆ་ཚང་། དེ་མིན་ཞོ་འཚོང་མཁན་དང་དུས་ཚོད་བརླག་སའི་འགྲུལ་ཁང་། ང་ལ་དགྲ་མེད་སོགས་བརྩམས་སྒྲུང་དང་ཆེད་རྩོམ་བོད་ཡིག་ཏུ་བསྒྱུར་བ་ཁ་ཤས་ཡོད། ཅུང་ཟད་དགའ་སྤོབས་བྱེད་འོས་པ་ཞིག་ནི། རིཊ་ལམ་སློབ་གཉེར་ཁང་གི་ཤེས་བྱའི་ཆུ་གཏེར་ཞེས་པའི་ཕྱིའི་གློག་བརྙན་བོད་སྒྱུར་གྱི་ལས་གཞིའི་འོག ད་ཕན་རྒྱུ་སྐར་སྐོར་གྱི་གློག་བརྙན་ ༩ དང་། དངོས་ཁམས་རིག་པའི་གློག་བརྙན་ ༡༤ ཙམ་བོད་སྒྱུར་གྱི་ཞུས་ཆེན་པ་དང་འབྲེལ་མཐུད་པ་བྱས་པ་དེ་ཡིན།
ཡིག་སྒྱུར་བྱེད་དུས་དཀའ་ངལ་མང་པོ་རེད། དཔེར་ན། བསྒྱུར་སྐབས་མ་ཡིག་གི་ནང་དོན་ཆ་ཚང་གློག་བརྙན་ནང་བཞིན་སེམས་ནང་འཆར་ཐུབ་པ་ཞིག་དགོས་རེད། དེ་འདྲ་ཡོང་བར་ཚིག་རེ་རེ་བཞིན་གྱི་དོན་ཤེས་པ་བྱ་རྒྱུ་དང་། འབྲེལ་ཡོད་དཔྱད་གཞི་མང་པོར་བལྟ་དགོས་པ་སོགས་དཀའ་ལས་མང་པོ་རྒྱག་དགོས། དངོས་སུ་བསྒྱུར་དུས་སེམས་ངལ་དང་དངངས་འཚབ་མེད་པར་ལྷོད་ལྷོད་འདྲ་བོ་ཡིན་དགོས། ཤོག་ངོས་གཅིག་གཉིས་བསྒྱུར་དགོས་ན། དཀའ་ལས་ཞེ་དྲག་ཡོད་པ་མ་རེད། ཡིན་ནའང་དེབ་མཐུག་པོ་དེ་འདྲ་ལོ་ནས་ལོ་བསྟུད་དེ་བསྒྱུར་དགོས་ན། ཕྱི་ནང་གི་ཁོར་ཡུག་མཐུན་རྐྱེན་འཛོམས་དཀའ་བ་དང་སྡུག་རུས་ཀྱང་ཞེ་དྲག་དགོས་དུས་དཀའ་ལས་ཁག་པོ་རེད། སྟབས་ཡག་ནས་ང་རང་ལ་བཟའ་ཟླ་བུ་ཕྲུག་གིས་བསམ་ཤེས་དང་རྒྱབ་སྐྱོར་ལོ་ནས་ལོ་བསྟུད་དེ་བྱས་སྟབས་ཡག་པོ་བྱུང་། དེ་མིན་གྱི་གནད་དོན་བཤད་ན། དབྱིན་བོད་སྐད་ཡིག་གཉིས་བར་ཕན་ཚུན་ཡིག་སྒྱུར་གྱི་འབྲེལ་བ་དེ་ཙམ་ཡོད་པ་མ་རེད། དེར་བརྟེན་དབྱིན་སྐད་ཀྱི་བཤད་སྟངས་མང་པོ་ཞིག་བོད་སྐད་ནང་བཤད་མི་ཤེས་པ་དང་། ཐ་སྙད་མང་པོ་ཞིག་བོད་སྐད་ནང་མེད་པ། ཡོད་ཀྱང་གཅིག་གྱུར་མེད་དུས་རྙོག་གྲ་ཆེན་པོ་འདུག ཡིད་གཟབ་བྱེད་དགོས་ས་བཤད་ན། མང་པོ་ཡོད་ཀྱང་གཙོ་བོ་བོད་ཡིག་ནང་བསྒྱུར་ཕྱིན་བོད་པས་གོ་ཐུབ་པ་དང་། དེ་ཡང་བོད་པ་སྤྱིས་གོ་ཐུབ་པ་ཞིག་ཏུ་བསྒྱུར་དགོས་པ་དེ་རེད། དེ་མ་བྱུང་ན། བོད་སྐད་ནང་བསྒྱུར་བའི་དགོས་དོན་མ་འགྲུབ་པ་རེད།
དྲི་བ། ཁྱེད་ཀྱིས་ཡིག་སྒྱུར་གྱི་མགོ་བརྩམས་ནས་ལོ་ག་ཚོད་ཕྱིན་ཡོད་པ་དང་། ད་ལྟའི་བར་གྱི་ཉམས་མྱོང་ལས་ཡིག་སྒྱུར་བ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་གཙོ་བོ་གང་དག་མཐོང་སོང་།
ལན། ངས་ཡིག་སྒྱུར་བྱས་ནས་ལོ་བཅུ་ལྷག་ཕྱིན་འདུག ཡིག་སྒྱུར་བ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་གཙོ་བོ་གསུམ་རེད། དང་པོ་སྐད་ཡིག་གི་ཆ་རྐྱེན་རེད། རབ་བྱུང་ན། བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་སྐད་ཡིག་གཉིས་ཀ་བྱང་ཆུབ་པ་དགོས་རེད། དེ་ལྟར་མ་བྱུང་ཡང་། བསྒྱུར་བྱའི་ནང་དོན་མ་ནོར་བར་གོ་ཐུབ་ལ། སྒྱུར་བྱེད་ཀྱི་སྐད་ཡིག་དེའི་ནང་འཆད་རྩོམ་གཉིས་ཀ་ཚད་ལྡན་བྱེད་ཐུབ་མཁན་ཡིན་དགོས། གཉིས་པ། བསྒྱུར་བྱའི་ནང་དོན་གྱི་ཤེས་ཚད་སྐོར་རེད། དེ་ཡང་བསྒྱུར་བྱ་ཚན་རིག་ཡིན་ན། ཚན་རིག་གི་ཤེས་ཚད་ཡག་པོ་དགོས་པ་དང་། བསྒྱུར་བྱ་སྒྲུང་ཡིན་ན། རང་ཉིད་བརྩམས་སྒྲུང་འབྲི་ཤེས་མཁན་ཡིན་དགོས། ལོ་རྒྱུས་དང་ལྟ་གྲུབ་སོགས་ལའང་དེ་བཞིན་རེད། གསུམ་པ། ངས་གོང་དུ་ཞུས་པ་བཞིན་སྙིང་རུས་སམ་སྡུག་རུས་བྱེད་ཐུབ་མཁན་ཡིན་དགོས། སྤྱིར་བཏང་ལས་ཀ་ཚང་མ་ལ་སྙིང་རུས་དགོས་པ་རེད། དེའི་ནང་ནས་ཡིག་སྒྱུར་གྱི་ལས་ཀ་འདི་གཅིག་ནས་ཏོག་ཙམ་ཉོབ་ཏོ་རེད། སྒྲུང་དང་སྙན་ངག་འབྲི་བ་ནང་བཞིན་སོ་སོའི་ཚོར་བ་སྟོན་ས་ཡོད་པ་མ་རེད། གཞན་གྱིས་གང་བྲིས་པ་དེ་ཚིག་རེ་རེ་བྱས་ཏེ་བསྒྱུར་དགོས། གཉིས་ནས་ཞིབ་ཚགས་ཞེ་དྲག་བྱེད་དགོས་པའི་ལས་ཀ་རེད། གསུམ་ནས་ཟླ་བ་དང་ལོ་སྦྲེལ་ནས་བྱེད་དགོས་པ་ཡིན་དུས། སྡུག་རུས་ཞེ་དྲག་དགོས་པ་རེད།
དྲི་བ། བཙན་བྱོལ་སྤྱི་ཚོགས་ནང་གི་བོད་སྒྱུར་བརྩམས་ཆོས་ཀྱི་གྲངས་ཀ་དང་སྤུས་ཚད་ཐད། ཆད་ལྷག་གི་རྣམ་པ་ག་རེ་མཐོང་གི་འདུག
ལན། བཙན་བྱོལ་སྤྱི་ཚོགས་ནང་ཕྱིའི་སྐད་ནས་བོད་ཡིག་ཏུ་བསྒྱུར་བའི་གྲངས་འབོར་དེ་ཙམ་མང་པོ་མ་རེད། དེ་ཡང་དུས་ཚོད་ཀྱི་ཆ་ནས་བཤད་ན། ༡༩༦༠ རེ་གྲངས་ནས་ ༡༩༨༠ གྱ་གྲངས་ཀྱི་དུས་ཡུན་ནང་། བོད་གཞུང་རྩོམ་སྒྱུར་ལྷན་ཚོགས་ཀྱིས་བསྒྱུར་བའི་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་དང་། ཉེར་མཁོའི་འཕྲོད་བསྟེན་ཤེས་བྱ། སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱི་རྒྱའི་ཡིག་ཚང་ནང་གསལ་བའི་བོད་ཀྱི་རྒྱལ་རབས། ཨཱཙཱརྱ་ཐུབ་བསྟན་བྱམས་པའི་ཆོས་རྒྱལ་མྱ་ངན་མེད་ཀྱི་ལོ་རྒྱུས། ལྷ་ལུང་བློ་བཟང་ཕུན་ཚོགས་ཀྱི་བདག་ཉིད་ཆེན་པོ་གན་དྷིའི་རྟོགས་བརྗོད་སྐྱེ་དགུའི་སྙིང་ནོར་སོགས་ཁ་ཤས་དང་། ཨཱཙརྱ་ཀརྨ་སྨོན་ལམ་སོགས་ཀྱིས་བསྒྱུར་བའི་བོད་ཀྱི་གནས་བབ་ལ་སོགས་པ་བྱུང་ཡོད། ༡༩༩༠ གོ་གྲངས་ནས་ད་བར་གྱི་དུས་ཡུན་ནང་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་དང་། བོད་ཀྱི་དཔེ་མཛོད་ཁང་། ཤེས་རིག་ལས་ཁུངས། དྲིལ་བསྒྲགས། རིགས་ལམ་སློབ་གཉེར་ཁང་། དེ་མིན་གྱི་སྒེར་པ་ཁག་སོགས་ཀྱིས་དེབ་གང་ལ་གང་འཚམ་ཞིག་བསྒྱུར་ཡོད་རེད། མིང་ཆ་ཚང་འདིར་ཞུས་ཚར་གྱི་མ་རེད། དེ་ཚོའི་ནང་ནས་ང་རང་གི་མཐོང་ཚུལ་ལ། རིགས་ལམ་སློབ་གཉེར་ཁང་གིས་བསྒྱུར་བའི་ནང་པའི་ལྟ་སྤྱོད་ཀུན་བཏུས་དང་། ཚེ་དབང་རྟ་མགྲིན་གྱིས་བསྒྱུར་བའི་བོད་ནང་ལོ་བདུན་གཉིས་ཡག་པོ་བསྒྱུར་འདུག་དྲན།
དེ་ནས་ཆད་ལྷག་ཟེར་བ་དེ་བཤད་ཁག་པོ་འདུག དང་པོ་ཆད་པའི་ཆ་བཤད་ན། ཧ་ལམ་བརྒྱ་ཆ་ ༩༩ ཆད་ཡོད་རེད། འཛམ་གླིང་གི་དངོས་ཁམས་དང་རྫས་འགྱུར། སྐྱེ་དངོས་སོགས་ཚན་རིག་གི་ཤེས་བྱ་ཚད་མཐོན་པོ་གཅིག་ཀྱང་བོད་ཡིག་ནང་ཆ་ཚང་བ་བསྒྱུར་ཐུབ་མེད། དེ་བཞིན་འཛམ་གླིང་གི་རྩོམ་རིག་གྲགས་ཅན་དང་། ལོ་རྒྱུས། ལྟ་གྲུབ་སོགས་ཀྱང་བོད་ཡིག་ནང་བསྒྱུར་བ་རྒྱ་མཚོའི་ཆུ་ཐིགས་ཀྱི་ཆ་ཤས་ཙམ་རེད། གཞན་དག་ཕར་བཞག བོད་པ་རང་གི་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་དང་ཡིག་ཚགས་ཕྱིའི་སྐད་ཡིག་ནང་ཡོད་པ་མང་ཆེ་བ་བསྒྱུར་ཐུབ་མེད། ཐ་ན་༸གོང་ས་མཆོག་གི་ཕྱག་དེབ་གྲགས་ཅན་དེ་ཚོ་མང་ཆེ་བ་བོད་ཡིག་ནང་བསྒྱུར་ཐུབ་ཡོད་པ་མ་རེད།
ལྷག་པ་ག་རེ་འདུག་ཟེར་ན། བཙན་བྱོལ་ནང་ལས་ཀ་ཁ་ཤས་ཉིས་ཟློས་སུམ་ཟློས་དེ་འདྲ་ཡོང་གི་འདུག དཔེར་ན་བརྩམས་སྒྲུང་གྲགས་ཅན་བྱོལ་སོང་གི་གཞིས་ཀ་ཟེར་བ་དེ། ལྷ་འབུམ་ཚེ་བརྟན་དང་། ངམ་རིང་ཡོན་ཏན་རྒྱ་མཚོ། རྡོ་རྗེ་ཚེ་བརྟན་བཅས་སོ་སོས་རེ་རེ་བསྒྱུར་ཏེ་འགྱུར་མི་འདྲ་བ་གསུམ་ཐོན་ཡོད། ༸རྒྱལ་བ་རིན་པོ་ཆེའི་ཕྱག་དེབ་རྡུལ་སྙེད་འཇིག་རྟེན་དང་། ནེ་རུའི་ཕ་ཡིས་བུ་མོར་སྤྲིངས་པའི་འཕྲིན་ཚོགས། གན་དྷིའི་རང་སྲིད་རང་སྐྱོང་། ཐོ་མ་སེ་པན་གྱི་རྒྱུན་ཤེས་བཅས་སོ་སོར་འགྱུར་མི་འདྲ་བ་གཉིས་རེ་ཐོན་ཡོད། སྡེ་རོང་ཚེ་རིང་དོན་གྲུབ་ཀྱི་བདག་གི་རེ་སྨོན་ཞེས་པའི་དེབ་དེ་བོད་ནང་ནས་བསྒྱུར་ཏེ་པར་སྐྲུན་ཟིན་རྗེས་བཙན་བྱོལ་ནང་ལའང་འགྱུར་གཞན་ཞིག་ཐོན་པ་རེད། འདི་ཚོ་ཁ་ཤས་ནི་གཅིག་གིས་བསྒྱུར་ཟིན་པ་གཞན་ཞིག་གིས་མ་ཤེས་པར་བྱུང་བ་ཡིན་སྲིད། རྒྱུན་ཤེས་ལྟ་བུ་རེ་ཟུང་ནི་འགྱུར་སྔ་མར་སྐྱོན་ཆེན་པོ་ཡོད་སྟབས་བསྐྱར་བསྒྱུར་བྱས་པ་ཡིན་སྲིད། ཁ་ཤས་ནི་གཞན་གྱིས་དཀའ་ལས་བརྒྱབ་པའི་གྲུབ་འབྲས་ཧབ་ཐོབ་བྱས་པའང་ཡིན་སྲིད། སྤྱིར་བཏང་སྔོན་བསྒྱུར་ཟིན་པ་ཞིག་ལ་དག་བཅོས་དང་། ཁ་གསབ། བསྐྱར་བསྒྱུར་སོགས་བྱས་ཆོག་པ་ཞིག་རེད། ཡིན་ནའང་། སྔ་མས་བསྒྱུར་བར་སྐྱོན་ཆེན་པོ་མེད་ན། དག་བཅོས་དང་ཁ་གསབ་བྱས་ན་ཡག་གི་རེད། དངོས་གནས་བསྒྱུར་རྒྱུ་ཡིན་ན། གཞན་གྱིས་བསྒྱུར་ཟིན་པ་དེ་ཚོ་བསྐྱར་དུ་མི་བསྒྱུར་པར། བསྒྱུར་རྒྱུར་ལྷག་བསྡད་པ་མང་པོ་ཡོད་རེད། དེ་ཚོ་ཕབ་སྒྱུར་བྱས་ན་ཡག་པོ་འདུག
དྲི་བ། ད་ལྟའི་བོད་པའི་སྤྱི་ཚོགས་དང་བོད་ཀྱི་སྐད་ཡིག་ལ་མཚོན་ན། ཁྱེད་ཀྱིས་ཡིག་སྒྱུར་གྱི་ལས་དོན་འདི་གལ་ཆེ་ལུགས་གང་འདྲ་ཞིག་མཐོང་གི་འདུག
ལན། ཡིག་སྒྱུར་གྱི་ལས་དོན་འདི་འདས་པ་དང་། མ་འོངས། ད་ལྟ་གང་དུའང་སྤྱི་ཚོགས་དང་སྐད་ཡིག་གཉིས་ཀར་ཧ་ཅང་གལ་ཆེན་པོ་རེད། སྤྱི་ཚོགས་ཀྱི་ཆ་ནས་བཤད་ན། སྔོན་མ་ཆོས་རྒྱལ་ཚོའི་སྐབས་ཡིག་སྒྱུར་ལ་དམིགས་བསལ་ཐུགས་སྣང་གནང་དུས། བོད་ཀྱི་སྤྱི་ཚོགས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གཞུང་ཚང་མ་ཡར་རྒྱས་བྱུང་ཡོད། ཡིག་སྒྱུར་གྱི་ལས་ཀ་དེ་མཚམས་ཆད་དུས། བོད་པ་ཚོས་ཕྱི་ལོགས་ཀྱི་གནས་ཚུལ་དང་འགྱུར་བ་དེ་ཚོ་མཐོང་མི་ཐུབ་པ་ཆགས་ཡོད་ལ། སྤྱི་ཚོགས་ལའང་འཕེལ་ཕྱོགས་གསར་པ་བྱུང་ཐུབ་མེད། ༡༩༥༩ བར་དུ་ང་ཚོའི་སྤྱི་ཚོགས་དེ་སྲོལ་རྒྱུན་གྱི་སྤྱི་ཚོགས་རྙིང་པའི་ནང་གནས་ཡོད་སྟབས། བོད་ཡིག་ནང་ཤེས་བྱ་གསར་པ་མེད་ནའང་འགྲིག་འགྲོ་གི་ཡོད་རེད། ད་ལྟ་བོད་གཞིས་བྱེས་གཉིས་ཀའི་སྤྱི་ཚོགས་འགྱུར་ཚར་བ་རེད། བོད་མི་ཚོས་ཚན་རིག་ཤེས་དགོས་ཀྱི་ཡོད། རླངས་འཁོར་གཏོང་དགོས་ཀྱི་ཡོད། གློག་ཀླད་སྤྱོད་དགོས་ཀྱི་ཡོད། དཔལ་འབྱོར་དང་འཛིན་སྐྱོང་། དོ་དམ་གྱི་ལམ་ལུགས། ཕྱིའི་རྒྱལ་ཁབ་ཁག་གི་ལོ་རྒྱུས་དང་རིག་གཞུང་སོགས་ལ་ཡང་ཆ་རྒྱུས་ཡོད་དགོས་པ་རེད། ཡིན་ནའང་ཤེས་བྱ་དེ་ཚོ་ཚང་མ་བོད་ཡིག་ནང་ཡོད་པ་མ་རེད། བོད་ཡིག་ནང་མེད་དུས། སྐད་ཡིག་གཞན་ཞིག་ལ་བརྟེན་དགོས་ཀྱི་ཡོད། ཁ་ཚ་དགོས་གཏུཊ་ཀྱི་ཤེས་བྱ་དེ་ཚོ་རང་སྐད་ཐོག་ནས་སློབ་སྦྱོང་བྱེད་ས་མེད་པའི་སྤྱི་ཚོཊ་གང་འདྲ་ཞིག་ཡིན་ཡང་རླུང་འཚུབ་ནང་གི་མར་མེ་ནང་བཞིན་ཆགས་ཚར་བ་རེད།
སྐད་ཡིག་གི་སྐོར་ནས་བཤད་ན། སྐད་ཡིག་གི་རིན་ཐང་དེ། སྐད་ཡིག་དེའི་སྤུས་ཚད་ཀྱི་རིན་ཐང་དང་། སྐད་ཡིག་དེའི་ནང་ཡོད་པའི་རིག་གཞུང་ངམ་ནང་དོན་གྱི་རིན་ཐང་། སྐད་ཡིག་དེའི་ད་ལྟའི་བེད་སྤྱོད་ཀྱི་རིན་ཐང་བཅས་ཁག་གསུམ་ནས་བལྟ་དགོས་རེད། བོད་ཀྱི་སྐད་ཡིག་གི་སྒྲ་གདངས་དང་། མིང་བརྡ་སྦྱོར་སྟངས། དོན་སྟོན་སྟངས། སྒྲོམ་གཞི་སྒྲིག་སྟངས་འཛམ་གླིང་གི་སྐད་ཡིག་རྩེ་ཕུད་གྲས་རེད། དེར་བརྟེན་རིན་ཐང་དང་པོ་དེ་ཡོད་པ་རེད། བོད་ཀྱི་སྐད་ཡིག་ནང་སེམས་དོན་རིག་པ་དང་། གསོ་རིག་འཕྲོད་བསྟེན། བྱུང་རབས་ལོ་རྒྱུས། སྒྱུ་རྩལ་སོགས་ཀྱི་ཐད་གཞན་ལ་རྩ་བ་ནས་མེད་པའི་གཞུང་ལུགས་དང་ཁུངས་སྣེ་ཡོད་པ་དེས། བོད་དང་ཨེ་ཤ་ཡ་ཙམ་མ་ཟད། འཛམ་གླིང་སྤྱིའི་ཕན་བདེ་ལ་ཞབས་འདེགས་ཞུ་ཐུབ་པའི་ནུས་པ་ཡོད་རེད། དེ་ཡིན་དུས་ཆ་རྐྱེན་གཉིས་པ་དེ་ཡང་ཚང་ཡོད་རེད། ཡིན་ནའང་། ད་ལྟ་བོད་ཀྱི་སྐད་ཡིག་དེ། དེང་རབས་སྤྱི་ཚོགས་ཀྱི་ཤེས་བྱའི་ཁྱབ་ཁོངས་ནང་བེད་སྤྱོད་གཏོང་བའི་ཁོར་ཡུག་ཧ་ཅང་ཆུང་ཆུང་རེད། དེ་ཕྱོགས་གཅིག་ནས་ང་ཚོ་བོད་གཞིས་བྱེས་གཉིས་ཀར་རང་དབང་རང་བདག་གི་ས་ཁོངས་མེད་པས་རེད། ཕྱོགས་གཞན་ནས་བོད་ཡིག་ནང་གོང་དུ་ཞུས་པ་བཞིན། དེང་རབས་ཀྱི་ཤེས་བྱའི་དཔེ་དེབ་ཧ་ཅང་ཉུང་ཉུང་རེད། དེར་བརྟེན་བོད་ཀྱི་ན་གཞོན་ཚོས། དེང་སང་གི་སྤྱི་ཚོགས་ནང་དང་ལས་དོན་དངོས་ཀྱི་ནང་དགོས་མཁོ་ཆེ་བའི་ཤེས་བྱའམ་ལག་རྩལ་ཞིག་སྦྱོང་དགོས་ན། ཕྱིའི་སྐད་ཡིག་ལ་མ་བརྟེན་རང་བརྟེན་རེད། དེ་འདྲ་བྱས་ནས་བོད་ཡིག་གི་ད་ལྟའི་བེད་སྤྱོད་རིན་ཐང་ཆུང་དུ་འགྲོ་བཞིན་ཡོད་པ་རེད། བེད་སྤྱོད་མེད་ན་ཉམས་ཉེན་ཆེན་པོ་རེད། སྐད་ཡིག་ཅིག་གི་ནང་གནའ་དེང་གི་ཤེས་བྱ་ཚང་མ་ཡོད་བཞིན་དུ་ཕྱིའི་སྐད་ཡིག་སྦྱོང་བ་དང་། སྐད་ཡིག་དེའི་ནང་མ་ལྡང་བའི་ཆ་ཞིག་ཡོད་སྟབས་ཕྱིའི་སྐད་ཡིག་སྦྱོང་བ་གཉིས་ཀྱི་ངོ་བོ་དང་འབྲས་བུ་འདྲ་གི་མ་རེད། སློབ་གྲྭ་ཁག་ལ་ཆ་བཞག་ན། འཛིན་རིམ་བརྒྱད་པ་བར་དུ་བོད་ཡིག་གི་ཤེས་ཚད་འགྲིག་ཐག་ཆོད་འདུག དེ་ནས་འཛིན་རིམ་མཐོ་རུ་སོང་བ་དང་བོད་ཡིག་གི་སྤྱོད་སྒོ་ཉུང་དུ་འགྲོ་ཡི་ཡོད་རེད། མཐའ་མ་མཐོ་སློབ་ཐོན་ཡོང་དུས། སྔོན་མ་བོད་ཡིག་སྦྱངས་པ་དེ་ཚོ་བརྗེད་པ་ཙམ་མ་ཟད། ཕྱིའི་སྐད་ཡིག་དང་སེམས་ཐག་ཉེ་པོ་དང་། བོད་ཡིག་དང་རྒྱང་ཐག་རིང་པོ་ཞིག་ཆགས་བསྡད་ཀྱི་འདུག འདི་གཙོ་བོ་བོད་ཡིག་ནང་རིག་ཚན་མི་འདྲ་བའི་ཆེད་ལས་ཀྱི་ཤེས་བྱ་ཕབ་སྒྱུར་གྱིས་སློབ་སྦྱོང་བྱེད་པའི་ལམ་ལུགས་བཟོ་མ་ཐུབ་པ་དེས་བྱས་པ་རེད།
དྲི་བ། ཡིག་སྒྱུར་གྱི་ལས་ཀ་གཉེར་མཁན་དག་གིས་མ་འོངས་པར་དཔེ་དེབ་གང་གི་རིགས་བོད་སྒྱུར་བྱས་ན་སྤྱི་ཚོགས་ལ་ཕན་ཐོགས་ཆེ་བར་མཐོང་གི་འདུག་གམ།
ལན། ངས་བལྟས་ན། གཙོ་བོ་ཕྱོགས་གསུམ་རེད། དང་པོ་དེ་དེང་རབས་ཚན་རིག་གི་ཤེས་བྱ་དང་། ནུབ་ཕྱོགས་ཀྱི་ལྟ་གྲུབ་དེ་ཚོ་རེད། གཉིས་པ་དེ། བོད་པ་རང་གི་ལོ་རྒྱུས་དང་ཤེས་རིག ལྟ་བ་སོགས་ཀྱི་སྐོར་ལ་ཕྱིའི་སྐད་ཡིག་ནང་ཞིབ་འཇུག་ཚད་མཐོན་པོ་བྱས་པའི་དེབ་མང་པོ་ཐོན་ཡོད། དེ་ཚོ་བསྒྱུར་དགོས། གསུམ་པ་ཕྱི་རྒྱལ་གྱི་གྲགས་ཅན་སྒྱུ་རྩལ་བརྩམས་ཆོས་རེད། དེ་ཚོ་བསྒྱུར་ཏེ་འཆད་ཉན་གྱི་སྲོལ་བརྟན་པོ་འཛུགས་ཐུབ་ན། བོད་ཀྱི་སྐད་ཡིག་ཇི་སྲིད་བར་ཉམས་ཀྱི་མ་རེད། ངས་གོང་དུ་སྡེ་ཚན་གསུམ་ནང་བསྡུས་པ་རེད་དེ། ཞིབ་ཆ་བྱས་ན། དེ་ཚོ་རྒྱ་ཆེན་པོ་རེད། དེའི་ནང་ནས་ཀྱང་དང་པོ་དེ་ཞེ་དྲག་རྒྱ་ཆེན་པོ་རེད། གལ་ཆེ་ཤོས་ནི། གཞི་རིམ་ནས་ཆེས་མཐོའི་གཙུག་ལག་སློབ་གྲྭ་བར་གྱི་དེང་རབས་སློབ་ཚན་དེ་ཚོ་བསྒྱུར་དགོས་པ་དེ་རེད།
དྲི་བ། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ཡིག་སྒྱུར་ལས་དོན་ཐད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མཐུན་སྦྱོར་རོགས་རམ་དང་ཁོར་ཡུག་སྐྲུན་དགོས་པའི་རིགས་གང་དག་འདུག་གམ།
ལན། བོད་ཀྱི་ལོ་རྒྱུས་ནང་གསལ་བ་ནང་བཞིན་རེད། དཔེར་ན། ཆོས་རྒྱལ་སྲོང་བཙན་སྒམ་པོས་བཀས་བསྐུལ་ཞིང་མཐུན་རྐྱེན་སྦྱར་མེད་ན། ཐོན་མི་སཾ་བྷོ་ཊས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་དེ་ཚོ་བསྒྱུར་ཡོད་ཀྱི་མ་རེད། ཁྲི་སྲོང་ལྡེ་བཙན་གྱིས་སྒྲ་སྒྱུར་ལོ་པཎ་གླིང་བཙུགས་ཏེ་མཐུན་རྐྱེན་སྦྱར་མེད་ན། ཀ་ཅོག་ཞང་གསུམ་སོགས་ལོ་ཙཱ་བ་རབ་དགུས་བསྒྱུར་བའི་ཆོས་ཚན་གསེར་འདྲ་བོ་དེ་ཚོ་ཡོང་ཐབས་ཡོད་པ་མ་རེད། དེ་ག་ནང་བཞིན་འགྲོ་མགོན་ཆོས་རྒྱལ་འཕགས་པས་བདག་རྐྱེན་གནང་ཞིང་བཀས་བསྐུལ་མེད་ན་ཤོང་སྟོན་ལོ་ཙཱ་བས་སྙན་གཞུང་མེ་ལོང་མ་བོད་ཡིག་ཏུ་བསྒྱུར་ཡོད་ཀྱི་མ་རེད། དེར་བརྟེན། ཡིག་སྒྱུར་གྱི་ལས་ཀ་འདི་ལ་གཞུང་གི་ངོས་ནས་རྒྱབ་སྐྱོར་གནང་སྲོལ་སྔར་ནས་ཡོད་པ་ལྟར་ད་ལྟའང་གནང་དགོས་པ་དེ་གནད་འགག་ཆེན་པོ་རེད། ལོ་རྒྱུས་དང་སྒྲུང་ལྟ་བུའི་དེབ་རེ་ཟུང་མི་སྒེར་པས་བསྒྱུར་ཐུབ་ཀྱི་རེད། ཡིན་ནའང་། ཚན་རིག་དང་ལྟ་གྲུབ་ཀྱི་གཞུང་དེ་ཚོ་མི་མང་པོས་དུས་ཡུན་རིང་པོའི་ནང་དཀའ་ལས་བརྒྱབ་ནས་བསྒྱུར་དགོས་པ་རེད། དེ་ལ་སྒྲིག་འཛུགས་ཤིག་གིས་འཆར་གཞི་བརྟན་པོ་དང་བཀོད་སྒྲིག མཐུན་རྐྱེན་སྦྱོར་བ་བཅས་མེད་ན་ཁག་པོ་རེད། མི་སྒེར་པ་སོ་སོས་བསྒྱུར་ན། ཐ་སྙད་དེ་ཚོ་ཡང་གཅིག་གྱུར་ཡོང་གི་མ་རེད་ལ། གང་བསྒྱུར་བ་དེ་ཚོ་ཡང་མགོ་རྨང་གཞི་ནས་མཇུག་ཆེད་ལས་ཀྱི་ཤེས་བྱའི་བར་ཞིབ་ཚགས་དང་མཐའ་འཁྱོལ་བ་ཡོང་ཁག་པོ་རེད།
མ་གཞི་སྔོན་མ་༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་ནན་ཏན་དུ་གནང་བ་གཞི་བཟུང་། ༡༩༦༣ ལོར་ཤེས་རིག་ལས་ཁུངས་ཀྱི་ཁོངས་སུ་རྩོམ་སྒྱུར་ལྷན་ཚོགས་ཞེས་པ་ཞིག་བཙུགས་པ་རེད། ལྷན་ཚོགས་དེས་དེབ་ཁ་ཤས་བོད་ཡིག་ཏུ་ཕབ་སྒྱུར་དང་གསར་རྩོམ་བྱས་ཡོད་པ་རེད། ཡིན་ནའང་ ༡༩༦༥ ལོར་རྩོམ་སྒྱུར་ལྷན་ཚོགས་དེ་ལྡི་ལི་བོད་ཁང་ནང་ཟླ་སྒྲིལ་བཏང་རྗེས་དེའི་འཆར་གཞི་ཚང་མ་འཇའ་ནང་བཞིན་ཡལ་འདུག ངའི་བསམ་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆ་ཤས་སུ་དེ་འདྲའི་རྩོམ་སྒྱུར་ཁང་ཞིག་ཡང་བསྐྱར་འཛུགས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་འདྲ་ཞིག་བྱུང་ན། རྩོམ་སྒྱུར་ཁང་དེས་གང་དང་གང་བསྒྱུར་དགོས་མིན་འཆར་གཞི་བསྒྲིགས། འཆར་གསལ་དེབ་དེ་ཚོ་རྩོམ་སྒྱུར་ཁང་རང་གིས་ཀྱང་བསྒྱུར། སྤྱི་ཚོགས་ནང་གི་ལོ་ཙཱ་བ་ཚད་ལྡན་ཚོར་ཡང་བསྒྱུར་རྒྱུ་གནང་། མཐའ་མ་པར་སྐྲུན་མ་གནང་གོང་ཞུ་དག་དང་གཏན་འབེབས་གནང་བ་ཡིན་ན། ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་སྨིན་གྱི་རེད། ལོ་ཙཱ་བ་མང་པོ་ཞིག་ཀྱང་གསོ་སྐྱོང་ཐུབ་ཀྱི་རེད། སྤྱིར་བཏང་ལས་ཀ་འདི་ལ་བློས་བཏང་ཡང་ཆེན་པོ་བྱེད་དགོས། དཔེར་ན། ཐོན་མི་སཾ་བྷོ་ཊའི་མཉམ་དུ་བོད་ཕྲུག་བློ་རྣོ་བ་བཅུ་དྲུག་བཏང་ཡང་། ཐོན་མི་མ་གཏོགས་ལོག་ཐུབ་མེད། དེ་ལ་གོ་རྒྱུ་ཆེན་པོ་ཡོད་རེད།
དྲི་བ། སྤྱིར་ང་ཚོ་བཙན་བྱོལ་སྤྱི་ཚོགས་ཁྲོད་མང་ཚོགས་རང་བཞིན་གྱི་རིག་གནས་ལ་གདེང་འཇོག་དང་། དཔེ་ཀློག་གི་གོམས་གཤིས་ཤུགས་ཆེན་པོ་མི་འདུག དེའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་འདུག
ལན། མང་ཚོགས་རང་བཞིན་གྱི་རིག་གནས་གལ་ཆེན་པོ་རེད་དེ། གདེང་འཇོག་བྱེད་ཚད་ལྡང་གི་མེད་པ་དེ་བོད་པ་གཅིག་པུ་མ་རེད། མང་ཚོགས་རང་བཞིན་གྱི་རིག་གནས་དེ་དར་དུས་ཚང་མའི་མདུན་དུ་ཐུན་མོང་དུ་ཡོད་རེད། དམིགས་བསལ་འགྲེལ་བཤད་དང་དོ་སྣང་དགོས་དོན་མེད་པ་འདྲ་ཞིག་མངོན་གྱི་ཡོད་རེད། དེ་ཉམས་འགྲོ་དུས་གཞི་ནས་དོ་སྣང་ཡོང་གི་ཡོད་པ་རེད། དཔེར་ན་བོད་རང་གི་ཆས་གོས་ལྟ་བུ་རེད། སྔོན་མ་ཚང་མས་གྱོན་གྱི་ཡོད་དུས་དོ་སྣང་ཡོད་པ་མ་རེད། ཉམས་འགྲོ་དུས་དེ་ཚོའི་དཔེ་རིས་ཙམ་འབྲི་བ་དང་། ཆ་ལག་གི་མིང་ཙམ་ཤེས་པར་ཡང་དཀའ་ངལ་འཕྲད་ཀྱི་ཡོད་རེད།
དཔེ་ཀློག་གི་གོམས་གཤིས་ལ་ཆ་བཞག་ན། གཙོ་བོ་སློབ་གྲྭ་དང་ཁྱིམ་ཚང་ལ་རག་ལས་ཀྱི་འདུག དཔེར་ན། དབྱིན་ཇིའི་སློབ་གྲྭ་ནས་ཐོན་པའི་བོད་ཕྲུག་ཚོར་དཔེ་ཀློག་གི་གོམས་གཤིས་ཡག་པོ་འདུག བོད་མིའི་སློབ་གྲྭ་ནས་ཐོན་པ་མང་ཆེ་བར་གོམས་གཤིས་དེ་མི་འདུག དེ་ག་ནང་བཞིན་བོད་པའི་ཁྱིམ་ཚང་སོ་སོའི་ནང་དུ་དཔེ་དེབ་དང་། དེའི་ནང་ནས་ཀྱང་བོད་ཡིག་གི་དཔེ་དེབ་དང་བྱིས་པའི་དེབ་ཡོད་མཁན་ཉུང་ཉུང་རེད། སྔ་དགོང་དང་གུང་གསེང་ལ་བརྙན་འཕྲིན་སྒོ་གཏན་ཏེ། ཕྲུ་གུ་མཉམ་དུ་དེབ་ཀློག་མཁན་གྱི་ཕ་མ་ཞེ་དྲག་ཉུང་ཉུང་རེད། དགོང་མོ་ཕྲུ་གུར་ཉལ་སའི་ནང་སྒྲུང་དེབ་ཀློག་མཁན་ཧ་ཅང་དཀོན་པོ་རེད། བོད་མིའི་གཞིས་སྒར་མང་ཆེ་བར་དཔེ་མཛོད་ཡོད་མ་རེད། དཔེ་མཛོད་ཡོད་རུང་ཕ་མ་དང་ཕྲུ་གུར་གུང་གསེང་ཡོད་དུས། དཔེ་མཛོད་ཁང་སྒོ་བརྒྱབ་བཞག་གི་རེད། ཕ་མ་ཚོས་ཀྱང་དཔེ་མཛོད་ཁང་དུ་ལག་དོད་ཕུལ་ཏེ་དཔེ་དེབ་གཡར་བ་སོགས་ཀྱི་ལམ་སྲོལ་དར་ཡོད་པ་མ་རེད། རྒྱུ་རྐྱེན་དེ་ཚོར་ཐུག་ཡོད་པ་རེད་མ་གཏོགས། བོད་པའི་ཕྲུ་གུ་ཚོ་དང་པོ་ནས་དེབ་ལ་དགའ་གི་མེད་པ་དེ་འདྲ་མ་རེད། དེ་མིན་བོད་ཀྱི་སྐད་ཡིག་ནང་བྱིས་སྒྲུང་དང་དེང་རབས་ཀྱི་ཤེས་བྱའི་དཔེ་དེབ་དཀོན་པོ་རེད། དེ་ཡང་རྒྱུ་རྐྱེན་གཅིག་རེད།
དྲི་བ། བཙན་བྱོལ་སྤྱི་ཚོགས་ནང་ཡིག་རིགས་གཞན་པའི་ཐོག་ཡོད་པའི་རིག་གནས་བོད་ཡིག་ཐོག་སྒྱུར་མཁན་ཉུང་བའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་པ་རེད།
ལན། བཙན་བྱོལ་གྱི་སློབ་གྲྭ་ནས་ཐོན་པ་ཚོར་ཡིག་སྒྱུར་གྱི་ནུས་པ་རྩ་བ་ནས་མེད་པ་དེ་འདྲ་རེད་མི་འདུག དེ་འདྲའི་ནུས་པ་ཡོད་པ་མང་པོ་འདུག་སྟེ། ཁོང་ཚོ་གསོ་སྐྱོང་དང་སྦྱོང་བརྡར། བེད་སྤྱོད་བཅས་ཡག་པོ་ཡོང་གི་མི་འདུག ཆོས་རྒྱལ་ཚོའི་སྐབས་སུའང་བོད་ཕྲུག་བློ་རྣོ་བ་བདམས་ཏེ་ལོ་ཙཱ་བར་གསོ་སྐྱོང་གནང་བ་རེད། ཡིག་སྒྱུར་འདི་ཆེད་ལས་ཤིག་རེད། དེ་ལ་དམིགས་བསལ་སྦྱོང་བརྡར་སྤྲད་དེ་གསོ་སྐྱོང་བྱེད་དགོས་རེད། རྒྱུ་མཚན་གཅིག་དེ་རེད། དེ་ནས་དེང་སང་བཙན་བྱོལ་ནང་། བོད་ཡིག་ནས་དབྱིན་ཡིག་ལ་ཕར་བསྒྱུར་ན། སྒྱུར་གླ་ཆེན་པོ་དང་། དབྱིན་ཡིག་ནས་བོད་ཡིག་ལ་ཚུར་བསྒྱུར་ན། སྒྱུར་གླ་ཉུང་ཉུང་རེད། དེ་ཡང་བོད་སྒྱུར་བྱེད་མཁན་ཉུང་བ་ཡོང་བའི་རྒྱུ་མཚན་གཅིག་རེད། ད་དུང་ཡིག་སྒྱུར་བ་ཚོས་སྐད་ཡིག་གཉིས་གསུམ་ཤེས་པ་དང་། རིག་པའི་གནས་གཉིས་གསུམ་ལ་བྱང་ཆ་ཡོད་དུས། གདན་ཞུ་བྱེད་མཁན་གཞན་ལས་མང་གི་རེད། བྱས་ཙང་བཀོད་སྒྲིག་དང་མཐུན་རྐྱེན་ཡག་པོ་མ་བྱུང་ན། ཡུལ་ལུང་གཞན་དང་ལས་རིགས་གཞན་གྱི་ནང་དུ་ཤོར་ཉེན་ཆེ་བ་ཡོད་རེད། ད་སྙིང་པོ་འདྲ་པོ་ཞུས་ན། བོད་དོན་སྒྲུབ་དུས། སྒྲུབ་ཕྱོགས་དང་དགག་ཕྱོགས་ཀྱི་ལས་འགུལ་གཉིས་ཡོད་པ་ལས། སྒྲུབ་ཕྱོགས་ཀྱི་ལས་འགུལ་ལ་ལྷོད་གཡེང་ཤོར་གྱི་འདུག སྒྲུབ་ཕྱོགས་ཀྱི་ལས་འགུལ་དེ་གཙོ་བོ་རང་ཉིད་ཀྱི་སྤྱི་ཚོགས་ནུས་པ་དེ་སྲ་བརྟན་བཟོ་རྒྱུ་དེ་རེད། འཐབ་རྩོད་རྒྱུན་རིང་པོ་ཇི་ཙམ་བྱེད་དགོས་ཀྱང་སྤྱི་ཚོགས་དེ་གནས་ཐུབ་པ་བཟོ་རྒྱུ་དེ་རེད། བོད་པའི་ལོ་ཙཱ་བ་གསོ་སྐྱོང་གིས་རང་གི་སྐད་ཡིག་རིག་གཞུང་འཐུས་སྒོ་ཚང་དུ་གཏོང་རྒྱུ་འདི་ཚོ། སྒྲུབ་ཕྱོགས་ཀྱི་ལས་འགུལ་མང་པོ་ཡོད་པའི་ནང་ནས་གཙོ་བོ་ཞིག་རེད། འདི་ཚོར་ཤུགས་རྩ་བ་ནས་མ་བརྒྱབ་པར། ཁྲ་ཁྲ་ཟང་ཟིང་གི་ལས་འགུལ་ག་ཚོད་སྤེལ་རུང་། དུས་ཡུན་གང་འཚམས་ནས་བོད་པའི་སྤྱི་ཚོགས་རང་གི་སྟོབས་ཤུགས་དེ་བརླག་འགྲོ་ཉེན་ཡོད་རེད།
དྲི་བ། མ་འོངས་པར་ཁྱེད་རང་གི་ངོས་ནས་དཔེ་དེབ་གསར་བ་དེ་འདྲ་བོད་སྒྱུར་བྱ་འཆར་ཡོད་དམ།
ལན། ཡིག་སྒྱུར་གྱི་ལས་ཀ་དེ་ད་བར་ངས་མང་ཆེ་བ་སྔ་དགོང་ལས་ཞོར་དང་གུང་གསེང་ལ་བྱས་པ་རེད། ད་གཟུགས་པོ་ཡང་སྔོན་མ་ཆུང་དུས་ནང་བཞིན་གྱི་ཐང་པོ་ཡོད་པ་མ་རེད། དེར་བརྟེན་སྔོན་མ་ནང་བཞིན་མཚན་ནམ་ཕྱེད་བར་མ་ཉལ་བར་བསྡད་དེ་བསྒྱུར་རྒྱུ་དེ་ཁག་པོ་འདུག ལས་ཁུངས་ནང་ང་རང་རྩོམ་སྒྲིག་ཚན་པ་ལྟ་བུ་ཞིག་གི་ནང་དཔེ་དེབ་གསར་རྩོམ་མམ་ཕབ་སྒྱུར་བྱེད་མཁན་དུ་འཇོག་རོགས་ཞེས་ཐེངས་ཁ་ཤས་ཞུས་པ་ཡིན་ཏེ། ད་བར་ལས་ཀ་གཞན་དག་མང་པོ་ཞིག་གི་ནང་ཐིམ་སྟེ་བྱུང་མ་སོང་། དེ་ཡིན་དུས་གནས་སྐབས་གཞུང་ཞབས་ནས་དགོངས་པ་ཞུས་ཏེ། ཧྥ་རན་སིའི་ཤར་ཕྱོགས་སྐད་ཡིག་སློབ་ཆེན་ནང་དགེ་རྒན་བྱེད་ཀྱིན་ཡོད། གང་ཡིན་ཟེར་ན། སློབ་ཆེན་དེར་གཟའ་འཁོར་གཅིག་ནང་འཆད་འཁྲིད་ཆུ་ཚོད་མང་པོ་བྱེད་དགོས་པ་མ་རེད། དུས་ཚོད་སྟོང་པ་མང་པོ་ཡོད་པ་རེད། དུས་ཚོད་སྟོང་པ་དེའི་ནང་དེབ་གཉིས་སྒྱུར་ཐབས་བྱེད་ཀྱི་ཡིན། དང་པོ་ནི། བོད་ཀྱི་དེང་རབས་ལོ་རྒྱུས་ཁོངས་ནས་ ༡༩༥༠ ནང་གི་ལོ་རྒྱུས་དེ་གནད་འགག་ཆགས་ཀྱི་ཡོད། དེའི་སྐོར་ལ་ཆར་རླུང་མ་ལྡང་གོང་གི་ཞི་འཇམ་ཞེས་པའི་དེབ་ཆེན་པོ་ཞིག་ཐོན་འདུག དེ་བསྒྱུར་རྒྱུའི་ལས་ཀ་འགྲོ་བཞིན་པ་ཡིན། གཞན་དེང་སང་གི་འདྲ་མཉམ་དང་དམངས་གཙོ། རང་དབང་བཅས་ཀྱི་རྨང་གཞིའི་སྟེང་ཚུགས་པའི་སྤྱི་ཚོགས་ཀྱི་ལམ་སྲོལ་དེ་ཚོ། ནུབ་ཕྱོགས་ཀྱི་ལྟ་གྲུབ་ལ་ཐུག་ཡོད་པ་རེད། ནུབ་ཕྱོགས་ལྟ་གྲུབ་ཀྱི་རྩ་བ་ལྟ་བུའི་གཞུང་གཅིག་ནི། ཕེ་ལའི་ཊོས་མཛད་པའི་ (Republic) ཞེས་པ་དེ་རེད། དེ་གཅིག་བསྒྱུར་ཨེ་ཐུབ་བལྟ་རྒྱུ་ཡིན། དེ་མིན་རིགས་ལམ་སློབ་གཉེར་ཁང་གི་ཤེས་བྱའི་ཆུ་གཏེར་གྱི་ལས་གཞིའི་འོག དངོས་ཁམས་རིག་པའི་གློག་བརྙན་ ༡༤ ཙམ་བོད་སྐད་དུ་བསྒྱུར་ཟིན་པ་རེད། ད་དུང་གློག་བརྙན་ ༡༦ ཙམ་བསྒྱུར་དགོས་པ་དེའི་འབྲེལ་མཐུད་ཀྱི་འགན་དང་། ཐ་མ་དེ་ཚོ་མ་ཡིག་དང་བསྡུར་ཏེ་ཞུ་བཅོས་ཀྱི་ལས་ཀ་བྱེད་རྩིས་ཡོད།
གསར་འགོད་པ། ཚེ་རིང་རྒྱལ།
༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད།༽
ཁ་བྱང་རང་གི་བརྗོད་བྱ་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན།
སྤྱིར་བཏང་ལས་ཀ་འདི་ལ་བློས་བཏང་ཡང་ཆེན་པོ་བྱེད་དགོས། དཔེར་ན། ཐོན་མི་སཾ་བྷོ་ཊའི་མཉམ་དུ་བོད་ཕྲུག་བློ་རྣོ་བ་བཅུ་དྲུག་བཏང་ཡང་། ཐོན་མི་མ་གཏོགས་ལོག་ཐུབ་མེད། དེ་ལ་གོ་རྒྱུ་ཆེན་པོ་ཡོད་རེད། ་་་ཟེར།
ད་བར་ལས་ཀ་གཞན་དག་མང་པོ་ཞིག་གི་ནང་ཐིམ་སྟེ་བྱུང་མ་སོང་། དེ་ཡིན་དུས་གནས་སྐབས་གཞུང་ཞབས་ནས་དགོངས་པ་ཞུས་ཏེ། ཧྥ་རན་སིའི་ཤར་ཕྱོགས་སྐད་ཡིག་སློབ་ཆེན་ནང་དགེ་རྒན་བྱེད་ཀྱིན་ཡོད། གང་ཡིན་ཟེར་ན། སློབ་ཆེན་དེར་གཟའ་འཁོར་གཅིག་ནང་འཆད་འཁྲིད་ཆུ་ཚོད་མང་པོ་བྱེད་དགོས་པ་མ་རེད། དུས་ཚོད་སྟོང་པ་མང་པོ་ཡོད་པ་རེད། དུས་ཚོད་སྟོང་པ་དེའི་ནང་དེབ་གཉིས་སྒྱུར་ཐབས་བྱེད་ཀྱི་ཡིན། ་་་ཟེར།
དེ་ནས་ཆད་ལྷག་ཟེར་བ་དེ་བཤད་ཁག་པོ་འདུག དང་པོ་ཆད་པའི་ཆ་བཤད་ན། ཧ་ལམ་བརྒྱ་ཆ་ ༩༩ ཆད་ཡོད་རེད། འཛམ་གླིང་གི་དངོས་ཁམས་དང་རྫས་འགྱུར། སྐྱེ་དངོས་སོགས་ཚན་རིག་གི་ཤེས་བྱ་ཚད་མཐོན་པོ་གཅིག་ཀྱང་བོད་ཡིག་ནང་ཆ་ཚང་བ་བསྒྱུར་ཐུབ་མེད། དེ་བཞིན་འཛམ་གླིང་གི་རྩོམ་རིག་གྲགས་ཅན་དང་། ལོ་རྒྱུས། ལྟ་གྲུབ་སོགས་ཀྱང་བོད་ཡིག་ནང་བསྒྱུར་བ་རྒྱ་མཚོའི་ཆུ་ཐིགས་ཀྱི་ཆ་ཤས་ཙམ་རེད། གཞན་དག་ཕར་བཞག བོད་པ་རང་གི་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་དང་ཡིག་ཚགས་ཕྱིའི་སྐད་ཡིག་ནང་ཡོད་པ་མང་ཆེ་བ་བསྒྱུར་ཐུབ་མེད། ཐ་ན་༸གོང་ས་མཆོག་གི་ཕྱག་དེབ་གྲགས་ཅན་དེ་ཚོ་མང་ཆེ་བ་བོད་ཡིག་ནང་བསྒྱུར་ཐུབ་ཡོད་པ་མ་རེད། ་་་་ཟེར།
མ་གཞི་སྔོན་མ་༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་ནན་ཏན་དུ་གནང་བ་གཞི་བཟུང་། ༡༩༦༣ ལོར་ཤེས་རིག་ལས་ཁུངས་ཀྱི་ཁོངས་སུ་རྩོམ་སྒྱུར་ལྷན་ཚོགས་ཞེས་པ་ཞིག་བཙུགས་པ་རེད། ལྷན་ཚོགས་དེས་དེབ་ཁ་ཤས་བོད་ཡིག་ཏུ་ཕབ་སྒྱུར་དང་གསར་རྩོམ་བྱས་ཡོད་པ་རེད། ཡིན་ནའང་ ༡༩༦༥ ལོར་རྩོམ་སྒྱུར་ལྷན་ཚོགས་དེ་ལྡི་ལི་བོད་ཁང་ནང་ཟླ་སྒྲིལ་བཏང་རྗེས་དེའི་འཆར་གཞི་ཚང་མ་འཇའ་ནང་བཞིན་ཡལ་འདུག ངའི་བསམ་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆ་ཤས་སུ་དེ་འདྲའི་རྩོམ་སྒྱུར་ཁང་ཞིག་ཡང་བསྐྱར་འཛུགས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ་་་ཟེར།
བོད་ཀྱི་སྐད་ཡིག་ནང་སེམས་དོན་རིག་པ་དང་། གསོ་རིག་འཕྲོད་བསྟེན། བྱུང་རབས་ལོ་རྒྱུས། སྒྱུ་རྩལ་སོགས་ཀྱི་ཐད་གཞན་ལ་རྩ་བ་ནས་མེད་པའི་གཞུང་ལུགས་དང་ཁུངས་སྣེ་ཡོད་པ་དེས། བོད་དང་ཨེ་ཤ་ཡ་ཙམ་མ་ཟད། འཛམ་གླིང་སྤྱིའི་ཕན་བདེ་ལ་ཞབས་འདེགས་ཞུ་ཐུབ་པའི་ནུས་པ་ཡོད་རེད།་་་ཟེར།
་་་་་ མིང་ཆ་ཚང་འདིར་ཞུས་ཚར་གྱི་མ་རེད། དེ་ཚོའི་ནང་ནས་ང་རང་གི་མཐོང་ཚུལ་ལ། རིགས་ལམ་སློབ་གཉེར་ཁང་གིས་བསྒྱུར་བའི་ནང་པའི་ལྟ་སྤྱོད་ཀུན་བཏུས་དང་། ཚེ་དབང་རྟ་མགྲིན་གྱིས་བསྒྱུར་བའི་བོད་ནང་ལོ་བདུན་གཉིས་ཡག་པོ་བསྒྱུར་འདུག་དྲན། ་་ཟེར།
ལན། ངས་ཡིག་སྒྱུར་བྱས་ནས་ལོ་བཅུ་ལྷག་ཕྱིན་འདུག ཡིག་སྒྱུར་བ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་གཙོ་བོ་གསུམ་རེད།་་་ཟེར།
སྔོན་མ་ང་གཞུང་ཞབས་ནང་མ་འཛུལ་གོང་སྙན་ངག་དང་སྒྲུང་སོགས་ཆ་གེ་ཆག་གེ་དེ་འདྲ་འབྲི་གི་ཡོད། གཞུང་ཞབས་ནང་ཚུད་རྗེས་གཅིག་ནས་སྒྲིག་གཞིའི་ཆ་ནས་བྲིས་མ་ཆོག་པ་མང་པོ་རེད། གཉིས་ནས་ས་གནས་གཅིག་ལ། ལས་ཀ་རིགས་གཅིག་ཁོ་ན་ཉིན་ནས་ཉིན་བསྟུད་དེ་བྱེད་དགོས་དུས། སྔོན་མ་ནང་བཞིན་གྱི་འཆར་སྣང་དང་དྲན་སྐྱེན་པོ་དེ་འདྲ་མེད་པ་འདྲ་ཞིག་ཆགས་རྒྱུ་འདུག གཞུང་ཡིག་གི་འགྲོས་དང་ངའི་རྩོམ་འགྲོས་ཀྱང་གཅིག་པ་མ་རེད། དེའི་ཐད་ནས་ཀྱང་དཀའ་ངལ་འཕྲད་བྱུང་། དེ་བཞིན་གོང་རིམ་ནས་ཀྱང་། ང་ལ་རྩམ་པ་དུས་དེབ་ཀྱི་རྩོམ་སྒྲིག་པ་བྱས་མི་ཆོག་པ་དང་། <<སེམས་ཤུགས>>ཞེས་པ་ལྟ་བུའི་སྒྲུང་རྩོམ་དེ་ཚོ་སྤེལ་མི་ཆོག་པའི་བཀའ་ཕེབས་པ་རེད། ་་་་་ཟེར།
བོད་ཀྱི་གཞོན་སྐྱེས་རྩོམ་སྒྱུར་བ་ཆུང་ཚེ་རིང་ལགས་ནས་ཁ་ཡོད་ལག་ཡོད་ཐོག་བོད་ཀྱི་རིག་གཞུང་ལ་ཕན་ཐོག་ཡོད་པའི་སྐད་ཆ་ཡག་པོ་བཤད་འདུག།ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ཚོགས་པ་དང་སྡེ་ཚན་བཙུགས་ཏེ་རང་གི་རིག་གཞུང་ཕྱིར་ཚོང་བྱེད་ས་ལྟ་བུར་ཡོད་ནའང་།རང་གིས་འགྲོ་སོང་བཏང་སྟེ་གཞན་གྱི་རིག་གཞུང་ནང་འདྲེན་བྱེད་སའི་ཚོགས་པ་དང་སྡེ་ཚན་ནི་ཧ་ཅང་དཀོན་པོ་རེད་ལ་ཕལ་ཆེར་མེད་ཅེས་བཤད་ཀྱང་མི་ཆོག་པ་མེད།བོད་གཞུང་ཤེས་རིག་ལས་ཁུང་གིས་སྣེ་ཁྲིད་དེ་བཙན་བྱོལ་དུ་ཡོད་པའི་རིག་གཞུང་ལྟེ་གནས་ཁག་དང་དཔལ་འབྱོར་གྱི་དཀའ་ངལ་རྩ་བ་ནས་མེད་པའི་བླ་སྤྲུལ་རྣམས་ནས་འགྲོ་སོང་བཏང་སྟེ་ཚད་ལྡན་གྱི་ཡིག་སྒྱུར་ཁང་ཞིག་འཛུགས་ཐུབ་ཚེ།དེ་ནི་བོད་ཀྱི་རིག་གཞུང་ལ་ཞབས་འདེགས་ཆེན་པོ་ཞིག་སྒྲུབ་པ་རེད་བསམ་གྱི་འདུག།གཞན་བླ་སྤྲུལ་རྒྱུ་ཆེན་རྣམས་ནས་སོ་སོའི་བླ་བྲང་ཇི་འདྲའི་རྫིགས་པོ་བརྒྱབས་ཀྱང་བོད་ཀྱི་རིག་གཞུང་ལ་ཕན་ལས་གནོད་ཆེ་ཡིན།
དྲིས་ལན་འདི་དག་གི་ཚིག་སྣ་གཅིག་ཀྱང་མ་ལུས་པར་་འབྲེལ་ཡོད་ལྷན་གྱིས་ཕྱག་ལེན་དུ་བསྟར་དགོས་པའི་ཁ་ཚ་དགོས་གཏིག་དང་ལོ་རྒྱུས་རང་བཞིན་གྱི་གནད་འགག་ཅིག་ཏུ་མཐོང་། ཡང་ཕྱོགས་གཅིག་ནས་ཞུས་ན་འཐབ་རྩོད་ཀྱི་རྣམ་གྲངས་ཁྲོད་ནས་ཤེས་རིག་གི་འཐབ་རྩོད་ཅིག་སྟེ། བོད་མི་རིགས་ཀྱི་ཚེ་སྲོག་གི་གཤིས་སུ་གྲུབ་པའི་གལ་ཆེའི་རང་བཞིན་ལྡན་པའི་བོད་ཀྱི་སྐད་ཡིག་འདི་སྔར་ལས་ལྷག་པའི་བོད་མི་རིགས་ཀྱི་བ་སྤུའི་ཁུང་གསེང་རེ་རེ་ནས་ཇི་སྲིད་གནམ་གནས་ཀྱི་བར་དུ་ང་རྒྱལ་དང་གཟི་བརྒྱུད་ངང་གནས་ཐུབ་པའི་ཐབས་ལམ་སྙེགས་གཅིག་ཏུ་འཁུམས་སོ། དེ་ཡང་སྐུ་ཞབས་ཆུང་ཚེ་རིང་ལགས་ཀྱིས་གསུངས་པ་ལྟར་སྤྱན་དཀྱུས་རིང་པའི་སྔོན་བྱོན་ཆོས་རྒྱལ་བཀའ་དྲིན་ཅན་དག་གི་ལོ་རྒྱུས་ལས་དཔག་ནུས་པ་ལྟར་རེད། བཀའ་དྲིན་ཆེ་ཆུང་ཚེ་རིང་ལགས། སྐྱབས་འཇུག་ཞུ་འབྲེལ་ཡོད་ལྷན་རྒྱས་རྣམ་པ་ལགས།