མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྔ་པའི་འགྱུར་ལྡོག་དང་རང་བསྲེགས།

བོད་ཀྱི་དུས་བབ།
༢༠༡༢/༡༠/༠༢
Share on FacebookShare on TwitterShare on EmailShare on Whatsapp

བློ་གྲོས་རབ་བརྟན།

འདས་པའི་ལོ་འགའི་རིང་མི་རྣམས་ཀྱིས་རྔ་པ་ལ་དོ་སྣང་བསླེབས་ཡོད། དེ་ནི་རྔ་པ་ནས་མགོ་བཙུགས་ཏེ་བོད་དུ་རྒྱ་གཞུང་གི་སྲིད་ཇུས་ལ་རང་བསྲེགས་ཀྱི་ངོ་རྒོལ་བྱས་ཏེ། ད་བར་མི་གྲངས་ ༥༢ དང་། དེའི་ནང་ནས་ཕལ་མོ་ཆེ་རྔ་པ་ནས་བྱུང་བས་རེད།

ངའི་ཁྱིམ་མི་གཉེན་འབྲེལ་དང་གྲོགས་བཟང་དག་རྔ་པ་རྫོང་དུ་ཡོད། དེའི་རྐྱེན་གྱིས་གོ་སྐབས་ནམ་བྱུང་དང་། ཁ་པར་མཐུན་ཐུབ་པ་བྱུང་ན་ཁོང་ཚོར་སྐད་ཆ་བཤད་རྐྱང་ཡིན། སྐད་ཆ་འདྲ་མིན་ཁྲོད་ནས་ངའི་གྲོགས་ཤེས་ཡོན་ཅན་ཞིག་གིས། སྔོན་མ་ཡིན་ན་རྒྱ་མིའི་ཉེན་རྟོག་པ་ཟེར་ན་མི་ཚང་མ་སྐྲག་ས་ཞིག་རེད། ད་ལྟར་མཚོན་ན་ཁྱོད་ཡིན་ན་ང་ཡིན་རེད། ཚུར་གཅིག་བཤད་ན་ཕར་གཅིག་ཤོད་ཀྱིན་འདུག ཚུར་རྣམ་འགྱུར་བསྟན་ན་ཕར་རྣམ་འགྱུར་སྟོན་བཞིན་འདུག བོད་མི་ཚོའི་ངོས་ནས་སྐྲག་སྣང་ཚང་མ་རྫོགས་ཚར་འདུག་ལ། ཅི་ཞིག་བྱེད་དགོས་ན་བྱེད་རྐྱང་རེད་ཟེར། ངས་སྐད་ཆ་བཤད་ས་ནི་རྔ་རྫོང་གི་མི་རེད་ལ། ཁོ་ད་ལྟ་རྔ་རྫོང་ན་འཚོ་བཞིན་ཡོད་ཅིང་། ད་ལྟའི་རྔ་རྫོང་གི་བྲོ་བ་མྱོང་བཞིན་ཡོད། རྒྱ་བོད་གཉིས་ཀྱི་རྣམ་འགྱུར་མཐོང་བཞིན་ཡོད། རྔ་རྫོང་མི་དམངས་ཀྱི་སེམས་པ་ཤེས་ནས་ཡོད། འདི་ལ་ཆ་འཇོག་གི་རིན་ཐང་ཡོད་ལ། འདིས་ང་ལ་རྔ་པ་རྫོང་གི་འགྱུར་ལྡོག་ཅིག་ཤེས་བཅུག་སོང་།

ང་རང་ཉིད་རྔ་པ་རྫོང་དུ་ལོ་ཉི་ཤུར་བསྡད་མྱོང་ལ། བོད་མི་ཚོར་མཚོན་ན། ས་གནས་རྒྱ་གཞུང་དང་། ཉེན་རྟོག་པ། དམག་མི་བཅས་ནི་ཞེ་སྣང་བྱེད་ས་ཞིག་ལས་བདེ་སྡུག་ཞུ་ས་ཞིག་མིན། དོན་མེད་ལ་ཁོང་ཚོས་བརྙས་བཅོས་བྱེད་མི་ཡོང་ངམ་སྙམ་ནས་སྡོད་དགོས། ད་ལྟའི་ཆར་གནས་སྟངས་དེ་རྦད་དེ་འགྱུར་འདུག་པ་འདི་རེད། དང་པོ་ཞེ་སྣང་བྱེད་ཡུལ་དེར་ད་ལྟ་བོད་མི་ཚོ་ཁ་གཏད་དུ་ལངས་བཞིན་འདུག འདི་ནི་བོད་མི་ཚོའི་སེམས་ཀྱི་འགྱུར་ལྡོག་ཅིག་རེད། འདིའི་བྱུང་རྐྱེན་ཅི་རེད། ཡོང་སྟངས་ག་འདྲ་རེད། བསམ་བློ་མང་དུ་གཏོང་དགོས་འདུག

ངོ་མ་བཤད་ན། བོད་ཀྱི་བདག་པོ་བོད་མི་ལས་རྒྱ་མི་མ་རེད། འོན་ཀྱང་རྒྱ་དམར་གྱིས་བོད་དབང་སྒྱུར་བྱས་ནས་བཟུང་། བོད་ས་ན་བོད་མི་ཚོ་འཚོ་ཐབས་དཀའ་བ། བོད་མིའི་ངོ་རྟགས་རེ་རེ་བཞིན་ཉམས་བཞིན་པ། ད་དུང་མཐོང་ཆུང་དང་མི་རིགས་དབྱེ་འབྱེད་ཀྱིས་བོད་མི་ཚོ་ཕྱོགས་ཡོངས་ནས་བསྡམས་ཡོང་དུས། བོད་མི་ཚོའི་སེམས་ན་འདྲི་བ་མང་པོ་རང་ཤུགས་ཀྱིས་བསླེབས་ཡོད། འདྲི་བ་དེ་དག་གིས་འདས་པའི་ལོ་རྒྱུས་ལ་ཕྱིར་མིག་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནས་བབ་ལའང་རང་ཤུགས་ཀྱིས་དོ་སྣང་དྲངས་ཡོད། ལྷག་ཏུ་རྒྱ་གཞུང་གིས་སྔ་ཕྱི་བར་གསུམ་དུ་བོད་མིའི་ཐོག་གང་བྱས་ལ་དངོས་འཛིན་ཐོབ་བཅུག་ཡོད། ངོས་འཇིན་དེའི་ཁྲོད་དུ་བོད་མི་ཚོ་མིའི་གྲལ་དུ་ཚུད་མེད་པ་དེ་རེད། བོད་མི་ཚོ་ཡང་མིའི་རིགས་སྤྱི་མཚུངས་བཞིན། རང་ལ་ཐོབ་དགོས་པ་དང་རག་དགོས་པ། དབང་དགོས་པ་གང་ཡོད་པ་དག་དགོས་ཀྱི་ཡོད། དེའི་ཆེད་དུ་བོད་མི་ཚོ་ལངས་ཡོང་བ་རེད། དེའི་ཆེད་དུ་དཔའ་སྙིང་རྫོགས་པ་རེད། དེའི་ཆེད་དུ་ཡོངས་སུ་བློས་གཏོང་ཐུབ་ཀྱིན་ཡོད། འདི་ནི་བོད་དུ་བོད་མི་ཚོ་རྒྱལ་སྤྱིའི་རྣམ་པའི་གོ་རྟོགས་ཤིག་སད་པ་རེད་ལ། དེ་ནི་ཐོབ་ཐང་གཅིག་མཚུངས་འོག་འདྲ་མཉམ་གྱིས་འཚོ་བའི་དེང་གི་དཔལ་ཡོན་ལ་ཕྱོགས་པ་རེད།

རྒྱ་གཞུང་གིས་དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་དང་བདུན་ཅུའི་སྐབས་ཀྱི་བོད་ཐོག་ལྟ་སྟངས་དེ་ད་དུང་ཡང་བཟུང་ཡོད་ལ། བོད་མི་ཚོར་མགོ་སྐོར་དང་དོན་དངོས་གམ་སྟེ་གནས་ཚུལ་ངོ་མ་ཤེས་མ་བཅུག་པ། གནད་དོན་བྱུང་ཚད་ལ་དབང་ཡོད་ཁོ་ནས་ཐག་གཅོད་བྱེད་ཀྱིན་ཡོད། འོན་ཏེ་བོད་མི་ཚོ་མི་ཐོག་བརྗེ་བོ་བརྒྱབ་ཚར་བ་རེད་ལ། དེ་སྔའི་བོད་མི་དང་བསྡུར་ན་ད་ལྟའི་བོད་མི་ཚོ་སྤྱང་གྲུང་ལྡན་ལ། རྒྱལ་སྤྱིའི་རྣམ་པའི་གོ་རྟོགས་ཡག་ཏུ་ཕྱིན་ཡོད་པས། རྒྱ་གཞུང་གིས་བོད་ཐོག་ལས་དོན་ཅི་ཞིག་སྤེལ་ནའང་། དེ་སྔ་ནང་བཞིན་ལས་སླ་བོ་མེད་ལ་བོད་དུ་གནད་དོན་ཞིག་བྱུང་ན། བོད་མི་ཚོའི་གོ་བ་རྒྱ་གཞུང་གིས་བ?ད་པ་གཅིག་པུ་མ་རེད། ཕྱི་ལོགས་ནས་ཀྱང་སྐད་སྒྲ་མང་པོ་གོ་བཞིན་ཡོད་ལ། དོན་དངོས་ཅི་ཡིན་དང་རྒྱ་གཞུང་གིས་ཅི་ཞིག་བྱེད་བཞིན་ཡོད་པ་བོད་མི་ཚོས་ཤེས་ཀྱིན་ཡོད། དེས་རྒྱ་གཞུང་གིས་བོད་ཐོག་སྤེལ་བའི་ལས་དོན་ཡོངས་སུ་ཕམ་ཁའི་གནས་སུ་སྐྱེལ་བཞིན་ཡོད་ཅིང་། བོད་མི་ཚོ་བདེན་པ་དང་དོན་དངོས་ལ་ངང་གིས་ཕྱོགས་ཀྱིན་ཡོད།

བོད་མི་ཚོ་བོད་ས་ན་གནས་དགོས་ལ། བོད་མི་ཚོ་རང་ལ་དཔག་པའི་ཁོར་ཡུག་ཅིག་དགོས་ཀྱི་ཡོད་ཅིང་། རྒྱ་རིགས་ཚོ་ནང་བཞིན་རང་གི་མི་རིགས་དང་རིག་གཞུང་ལ་དགའ་ཞེན་དང་། དེར་བདག་པོར་རྒྱག་རྒྱུར་གོ་སྐབས་དགོས། དེ་མེད་ན་བོད་མི་ཚོ་ཡོངས་སུ་ཤི་བ་དང་གཅིག་པ་རེད། རྒྱ་གཞུང་གིས་བོད་ཐོག་བཟུང་བའི་ད་ལྟའི་སྲིད་ཇུས་དེའི་འོག་ན། བོད་མི་ཚོར་གསོན་ལམ་ཞིག་མེད་ཅིང་། འཆི་ལམ་དེ་ཡང་བོད་མིའི་ཐོག་ཧ་ཅང་གི་ཐག་ཉེ་བོར་སླེབས་ཀྱིན་ཡོད། དེར་བརྟེན་བོད་མི་ཚོས་རང་བསྲེགས་ཀྱི་ཞི་རྒོལ་འདི་མགོ་བརྩམས་པ་རེད།

རྒྱ་གཞུང་གིས་བོད་ཅེས་སྐད་ཆ་ཞིག་བཤད་དགོས་བྱུང་ན། བཙན་ཐབས་ཀྱིས་ཀྲུང་གོའི་བོད་ཅེས་ཤོད་འབྲི་བྱེད་ལ། རྒྱ་མི་འགས་བོད་མིང་ལ་ཡོངས་གྲགས་སུ་༼Tibet༽ལབ་ན་འགྲིག་གི་མ་རེད་ལ་༼ཤིས་ཚིང་༽ལབ་དགོས་ཟེར། བོད་རྒྱ་མིའི་མིན་པ་དེ་རྒྱ་གཞུང་དང་རྒྱ་རིགས་ཚོའི་བྱེད་སྟངས་དེས་ཀྱང་གསལ་བོ་བཟོ་བཞིན་འདུག་ཅིང་། རྒྱ་གཞུང་གིས་བོད་དུ་དབང་སྒྱུར་བྱས་པ་རེད། བོད་རྒྱ་གཞུང་གིས་དབང་བསྒྱར་བྱེད་མི་ཆོག་པ་དེ་འདྲ་ཡིན་རྒྱུ་མ་རེད་དེ། རྒྱ་གཞུང་གིས་དབང་བསྒྱུར་བྱས་པའི་ཁར། བོད་མི་རིགས་རྩ་མེད་བཟོ་བཞིན་ཡོད་པ་དེ་རེད། བོད་མི་ཚོར་གང་འཚམ་ཐོབ་ཐང་ཡོད་པ། རང་གི་ངོ་བོ་འཚོ་གནས་ལ་གཉེན་ཁ་མེད་པའི་གུ་ཡངས་བའི་སྲིད་ཇུས་ཤིག་རྒྱ་གཞུང་གིས་ལག་བསྟར་བྱས་ཡོད་ན། ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་དེ་མེད་ལ། རྒྱལ་སྤྱིའི་རྣམ་པའི་བོད་ཀྱི་གནད་དོན་ཟེར་བའི་དཀའ་རྙོག་དེ་ཡང་མེད་ཅིང་། དངོས་གནས་རྒྱ་ནག་རྒྱལ་ཁབ་འདི་བརྟན་བརླིང་དང་འཆམ་མཐུན་གྱི་མི་སྡེ་ཞིག་ལ། རྒྱལ་སྤྱིའི་སྤྱི་ཚོགས་ལ་བཟང་ཕྱོགས་ནས་ནུས་འདོན་ཐུབ་པའི་རྒྱལ་ཁབ་ཅིག་ཡིན་ངེས།

བོད་མི་ཚོས་རང་སྟེང་ནས་ཅི་ཞིག་བྱེད་དགོས་ན་བྱེད་ཐུབ་པར་གྱུར་འདུག་ལ། མི་རྣམས་ཀྱིས་མཐོང་བ་ཕར་ཟད་ཐོས་ནའང་བཟོད་དཀའ་བའི་རང་བསྲེགས་ཀྱི་ལས་འགུལ་ལྟ་བུ་རྒྱུན་མཐུན་བཞིན་ཡོད། དེ་ལས་ལྷག་གི་མནར་གཅོད་ཅིག་ས་སྟེང་འདི་ན་མེད། མི་རིགས་གཞན་པ་ལྟར་འགད་རྫས་ཐོགས་ཏེ་མི་མང་པོ་ལྡེབ་གསོད་ཀྱིས་ངོ་རྒོལ་ལྟ་བུར་མཚོན་ན་བོད་མི་ཚོར་ལས་སླ་བོ་ཞིག་རེད། འོན་ཀྱང་བོད་མི་ཚོའི་རིག་གཞུང་གི་རྒྱབ་ལྗོངས་དང་། དེའི་བསྐྱེད་པའི་མི་གཤིས་ཀྱིས་རང་ཉིད་ཀྱི་མངོན་འདོད་བསྒྲུབ་ཕྱིར་ནམ་ཡང་འཚེ་མེད་ཞི་བའི་རྒྱ་ལས་བརྒལ་རྒྱུ་མིན་པ་དང་། རང་ཉིད་ཀྱིོ་མངོན་འདོན་མ་འགྲུབ་པར་དུ་ནམ་ཡང་བློས་གཏོང་བྱ་རྒྱུ་མིན་པའི་ཆོད་སེམས་ཀྱང་བརྟན་པོ་རེད།

བོད་མི་ཚོས་རང་བསྲེགས་བྱེད་ཐུབ་པའི་སྙིང་སྟོབས་འདིའི་འབྱུང་ཁུངས་ལ་བསམ་ན། འདས་པའི་བོད་བཙན་པོའི་དུས་ཀྱི་དམག་རྟའི་རྨིག་སྒྲས་བསླངས་པའི་སྙིང་སྟོབས་དེ་ཡང་སེམས་ལ་འཁོར་ཡོང་ལ། བར་སྐབས་ཤིག་ནས་བཙན་པོའི་སྙིང་སྟོབས་ཀྱི་ངོ་བོ་གཞན་དུ་གྱུར་ཀྱང་། བོད་མི་ཚོའི་ཤ་གསེང་རུས་གསེང་ན་རྒྱུ་བའི་ཁྲག་དམར་དེ་ནི་བོད་བཙན་པོའི་ཁྲག་རྒྱུན་ཡིན་ལ། ད་ལྟའི་རང་བསྲེགས་བྱེད་ཐུབ་པའི་སྙིང་སྟོབས་དེ་ཡང་བོད་བཙན་པོའི་སྙིང་སྟོབས་ཡང་བསྐྱར་ས་སྟེང་འདིར་བུད་པ་རེད་ལ། ཐེངས་འདིའི་བཙན་པོའི་སྙིང་སྟོབས་ནི་དེ་སྔའི་རལ་གྲི་ཁྲག་ལ་བྱིང་བའི་སྙིང་སྟོབས་དེ་མ་རེད་ལ། འཚེ་མེད་ཞི་བའི་རང་བསྲེགས་ཀྱི་སྙིང་སྟོབས་ཚད་མཐོན་ཤོས་དེ་རེད།

བྱེས་ཀྱི་བོད་མི་ཚོས་བོད་དུ་བྱུང་བའི་གནས་ཚུལ་དག་ལ་ངོས་འཛིན་མ་ནོར་བ་བྱེད་གལ། བོད་དུ་བྱུང་བའི་ཞི་རྒོལ་དག་གང་ཟག་སྒེར་བ་ཞིག་གི་ལངས་ཕྱོགས་བསྒྲུབ་ཐབས་སུ་བཀོལ་མི་འོས། རང་ཉིད་ཀྱི་ལངས་ཕྱོགས་དང་ལྟ་བ་བཞག་སྟེ་བོད་དུ་བལྟ་ཐུབ་དགོས། བོད་ནས་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས་ཟེར་བར་འཇུས་ཏེ། རང་བཙན་སྒྲོག་མཁན་དང་ལམ་དབུ་མར་མོས་མཁན་ཚོས་ཡར་མར་འཐེན་བསྡད་པ་ཞིག་མ་རེད། ཕྱོགས་གང་ཐད་ནས་བོད་ཀྱི་གནས་བབ་ཁྱོན་ཡོངས་ལ་བལྟས་ཏེ་ཁ་གྲག་དགོས་པ་རེད། བོད་དུ་བོད་མི་ཚོ་འཚོ་ཐུབ་མིན་གྱི་འགག་རྩར་བསླེབས་ཡོད། དེར་གཞིགས་ན་ཁོང་ཚོའི་འཐབ་རྩོད་དེ་ཡང་འཚོ་གནས་ཀྱི་འཐབ་རྩོད་ཅིག་ཡིན་པ་དེ་རེད། ཁོང་ཚོས་མི་རིགས་ཤིག་གི་འཚོ་གནས་ཀྱི་ཆེད་དུ་རང་བསྲེགས་ཀྱི་ལམ་ནས་འཆི་བཞིན་ཡོད་ལ། མི་རིགས་དེ་ཡང་ཁོང་ཚོའི་ཆེད་དུ་ཁོང་ཚོའི་རེ་བའི་དོད་དུ་གཏན་དུ་གསོན་ཐུབ་དགོས་པ་རེད།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༨ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 9

  1. འོ་ཐིགས། says:
    ལོ་ 14 སྔོན།

    དྲང་མོ་བཤད་ན་རྔ་པ་ཞེས་བོས་དུས། འདི་ངའི་ཕ་ཡུལ་གྱི་མིང་ཡིན་གཏད་ནས་བསམ་གྱི་མི་འདུག རྔ་བའི་མི་ཚང་མ་ལ་སེམས་ཚོར་འདི་ཡོད་པ་འདྲ། གང་ལྟར་ངས་ནི་རང་ཉིད་རྔ་བ་ནས་ཡིན་པ་ལས་རྔ་པ་ནས་ཡིན་བསམ་ཐུབ་ཀྱི་མི་འདུག

    Reply
  2. འོ་ཐིགས། says:
    ལོ་ 14 སྔོན།

    དྲང་མོ་བཤད་ན་རྔ་པ་ཞེས་བོས་དུས་་་འདི་ངའི་ཕ་ཡུལ་གྱི་མིང་ཡིན་གཏད་ནས་བསམ་གྱི་མི་འདུག རྔ་བའི་མི་ཚང་མ་ལ་སེམས་ཚོར་འདི་ཡོད་པ་འདྲ། གང་ལྟར་ངས་རང་ཉིད་རྔ་བ་ནས་ཡིན་བསམ་པ་ལས་རྔ་པ་ནས་ཡིན་བསམ་ཐུབ་ཀྱི་མི་འདུག

    Reply
  3. སྣང་རྒྱལ་ཤེར་དགེ says:
    ལོ་ 14 སྔོན།

    རྩོམ་ཡིག་བྲིས་པ་ལེགས། བརྗོད་གཞི་གལ་ཆེན་ཞིག་བདམས་འདུག (ཤིས་ཚིང་) ཟེར་ན་མ་འགྲིག་པ་རེད། (ཤས་ཙང་།)ཞེས་བྲིས་ན་རྒྱའི་སྐད་(西藏)དང་མཐུན་པ་རེད། ཕྱོགས་གཅིག་ནས་ཨ་མདོ་བའི་ཀློག་སྟངས་ལ་རྗེས་འཇུག་ང་ཡིན་ཕྱིན་མིང་གཤིའི་དབྱངས་གི་གུ་ནུས་མེད་དུ་འགྱུར་འགྲོ་བ་འདིས་རྐྱེན་བྱས་པ་འདྲ། རྐྱེན་འདིས་གསར་འགོད་པ་མང་པོ་ཞིག་ལའང་སྐྱོན་ཡོང་གི་འདུག ཧ་ཧ་ཧ།

    Reply
  4. ཨ་འདུས་མིག་ཆུ། says:
    ལོ་ 14 སྔོན།

    རྩོམ་དེ་ཡག་པོ་ཞིག་ཡིན་ཚེ་བརྗོད་བྱའི་ཐད་ནས་ཡིན་ངེས་བཀའ་དྲིན་ཆེ། རྔ་པ་ཞེས་པ་མཐོང་མ་ཐག་ཀློག་འདོད་མ་བྱུང་།སྐྱེས་གསར་ཞེས་པ་ཁྱེད་རང་གིས་མཁས་མདོག་དང་ཡིན་མདོག་མ་བྱེད།
    རྔ་བ་དང་རྔ་པ་གཉིས་ལ་སྒྲ་ཙམ་ལས་ཁྱད་པར་མེད་ཚེ། ཁྱེད་ཚོའི་རིགས་སུ་གཏོགས་པ་ཀུན་གྱིས་རྔ་པ་ལབ་ན་བདག་སྒྲ་རེད། རྔ་བ་ལབ་ན་བདག་སྒྲ་མ་རེད་ཅེས་འུར་ག་རེ་བྱས་ནས་བརྒྱབས་པ་ཡིན།
    རྔ་བ་དང་རྔ་པ་རྩོད་ནས་ཁྱོད་ཤི་ང་གསོན་བྱས་ཞེས་བསྙོན་འཛུགས་མ་བྱེད། ཆོས་གྲོགས་ཁྱོད་གཉིས་ཐུག་ཐུག་བྱས་ཡོད་པ་མ་རེད། ང་ཚོའི་རང་ཉིད་ཀྱི་ཕ་ཡུལ་གྱི་མིང་དེ་གནའ་ནས་བརྒྱུད་ཀྱང་ད་ཡང་སྤྱོད་བཞིན་པ་དེ་དགོས་ལབ་པ་ལས། ཁྱོད་ཤི་ང་གསོན་ཞིག་གང་ལ་བྱས་འདུག
    པ་དང་བ་གཉིས་སྒྲ་ཙམ་མ་ཟད་དོན་སྟོན་སྟངས་དང་། མིང་མཐར་འཇུག་སྟངས་སོགས་ཕྱོགས་གང་ཐད་ནས་འདྲ་བོ་ཡོད་པ་མ་རེད། མཁས་མདོག་མ་བྱེད། བརྡ་སྤྲོད་ང་ཚོས་ཀྱང་སྦྱངས་མྱོང་ཡོད་པ་རེད།

    ང་ཚོས་བཤད་བསྡད་པ་ནི་རྔ་བའི་ལོ་རྒྱུས་རྙིང་པ་རྣམས་དང་། རྔ་བའི་ཡུལ་མིས་རང་ཡུལ་གྱི་མིང་ལ་གང་ཞིག་འབོད་ཀྱིན་ཡོད་པ་དེ་ཉིད་རང་སོར་འཇོག་དགོས་ཟེར་བ་ལས། སྤྱིར་བཏང་བ་དང་པའི་ཁྱད་པར་ག་རེ་ཡིན་པ་ལ་རྩོད་པ་བྱེད་ཀྱིན་མེད་ལ། བྱ་དགོས་དོན་ཡང་མེད་དོ།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    སུམ་རྟགས་གཞིར་བཞག་བྱས་ན། རྔ་བ་མ་རེད། རྔ་པ་རེད་འདུག

    Reply
  6. སྐྱེས་སར་ཀླུ་སྒྲུབ། says:
    ལོ་ 14 སྔོན།

    སྐུ་ཞབས་བློ་གྲོས་ཀྱིས་ཆེད་རྩོམ་ཡག་པོ་ཞིག་བྲིས་འདུག ད་ལྟའི་ཆར་ཕ་ཡུལ་ཕྱོགས་སུ་དགའ་འོས་པ་དང་། སྐྱོ་དགོས་པའི་གནས་ཚུལ་མང་པོ་མཐོང་རྒྱུ་འདུག དེའི་ཁྲོད་ཀྱི་གལ་ཆེན་གཅིག་ནི། མི་དམངས་ཀྱི་བསམ་བློའི་གོ་རྟོགས་གུ་ཡངས་པོ་ཆགས་བཞིན་ཡོད་པ་འདི་ཡིན་ལ། དེ་དང་མཉམ་དུ་ཆོས་དད་ཀྱི་ཆ་ནས་ཀྱང་བླ་མ་ག་གེ་མོའི་ཁ་བཤད་ཙམ་ལ་མི་ཉན་པར་རྒྱུ་མཚན་འཚོལ་བའི་གཤིས་ཀ་ཅིག་འདུག དེའང་འགྱུར་ལྡོག་ཅིག་དང་། འཕེལ་རྒྱས་ཤིག་རེད། ང་ཚོ་ཕྱི་ཕྱོགས་སུ་ཡོད་པ་ཚོས་གོ་སྐབས་ནམ་རེག་ལ་ཁོང་ཚོའི་བྱས་རྗེས་ལ་དགའ་བསུ་དང་། མུ་མཐུད་མདུན་བསྐྱོད་དགོས་རིགས་ཐད་སྐུལ་འདེད་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་ནས་དེང་སང་རྔ་བའི་ཕྱོགས་ཀྱི་མི་རེ་ཟུང་གིས། རྔ་པ་དང་རྔ་བ་གཉིས་ཀྱི་མིང་མཐའི་པ་བ་འབྲི་སྟངས་ཐད་དོ་སྣང་ཆེན་པོ་བྱས་ཏེ། ཁྱོད་ཤི་ང་གསོན་གྱི་སྐད་ཆ་རྫབ་ཆེན་པོ་དེ་འདྲ་ཤོད་མཁན་ཡང་ཡོང་གི་འདུག དེར་བརྟེན་འདི་ནས་ངས་ལྷན་རྒྱས་ཚོར་གཞེན་སྐུལ་ཞུ་དགོས་པ་ཞིག་ལ། ཕ་ཡུལ་ཕྱོགས་ཀྱི་སེམས་ཤུགས་དང་སྙིང་སྟོབས་ཀྱི་ལས་ཀ་དེ་འདྲ་གཉེར་བཞིན་པའི་སྐབས་སུ། འདི་ཕྱོགས་ནས་དེ་འདྲའི་ཅོལ་ཆུང་གི་ལས་ཀ་མ་སྤེལ་ན་འོས་ཤིང་འཚམ་པར་ངེས། སྤྱིར་མིང་མཐའི་པ་བའི་ཐད་འདོད་ཚུལ་མི་མཐུན་པ་སྔར་ནས་ཡོད་མུས་ཀྱང་། དེ་མཁས་པའི་བགྲོ་གླེང་ལྟ་བུ་བརྒྱུད་ནས་འགྲོ་དགོས་པ་ལས། ང་ཚོས་སྐད་བརྒྱབ་པ་ཙམ་གྱིས་ཡོང་བ་ཞིག་མིན། ད་དུང་ཞིབ་འདངས་གཞན་ཞིག་བརྒྱབ་ཚེ། རྔ་པ་་་་དང་་་་་རྔ་བ་གཉིས་ལ་སྒྲ་ཙམ་ལས་དོན་ལ་ཁྱད་པར་གང་ཡང་མེད་སྟབས་རང་ལ་བརྗོད་གང་བདེ་བྱས་ནས་བྲིས་ཀྱང་མཐའ་གཅིག་ཏུ་མི་འགྲིག་པ་མེད་སྙམ་ཡང་། ད་ལྟའི་དུས་སུ་འདི་རིགས་གླེང་དགོས་པ་ཞིག་མ་རེད།

    Reply
  7. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    འཇམ་དབྱངས་ཚུལ་ཁྲིམས་ལགས་ཀྱིས་བརྗོད་པ་རང་རེད་་་་་རྩོམ་ཡིག་འདི་ཐོན་པའི་ཉིན་དེར་་་་་ངས་རྔ་པ་མ་རེད་་རྔ་བ་རེད་་་་་་མཆན་ཞིག་བཀོད་པ་ཡིན་ཡང་རྩོམ་སྒྲིག་པས་དྲ་ངོས་སུ་བཀོད་མ་སོང་་་་་་འདི་ནི་སྔོན་མ་ནས་རྔ་བ་ཞེས་འབྲི་བ་ལས་རྔ་པ་ཞེས་བྲིས་པ་ཞིག་ཡོད་པ་མ་རེད་་་་དེང་སང་བཙན་བྱོལ་ནང་ནས་བསྒྱུར་ནས་འདི་འདྲ་ཞིག་འབྲི་བཞིན་པས་འདི་ནི་མ་དག་རྒྱུན་འབྱམས་སུ་གནས་པ་རེད་་་་་གུས་བཅས་རྗེས་ཕྱོགས་འདི་ལྟར་མ་སྒྱུར་རོགས་གནང་་་་་

    Reply
  8. རྡོ འཇམ་ཚུལ། says:
    ལོ་ 14 སྔོན།

    རྩོམ་འདི་འབྲི་མཁན་བློ་གྲོས་རབ་བརྟན་ལགས། རྩོམ་འདི་ལྟ་བུ་ཞིག་བྲིས་པར་ངས་ང་རང་གི་ཕ་ཡུལ་གྱི་མི་མིང་གི་འཚབ་ཞུས་ནས་ང་ོ་མ་ཅན་གྱི་བཀའ་དྲིན་ཆེ། དེ་ཡང་བརྗོད་བྱའི་ངོ་ནས་ཞུ་བཞིན་ཡོད། ཞོར་ལ་ངས་ཞུ་འདོད་པ་ནི། གཅིག་བྱས་ན་ཁྱེད་ཀྱིས་ཉན་ན་མི་འདོད་པ་ཞིག་ཡིན་ལས་ཆེ། ཡང་གཅིག་བཤད་ན་རྩོམ་འདིའི་ཟུར་ནས་གླེང་རིན་མེད་པ་ཞིག་ཀྱང་ཚོར་ལས་ཆེ། དེས་སྟབས་ཀྱིས་མང་པོ་མི་ཞུ། གནད་ཀྱི་དམ་ནི་༼རྔ་པ་ཞེས་པ་ཕྱིས་སུ་རྔ་བ་ཞེས་འབྲི་རོགས་ཞེས་ཁྱེད་དང་གསར་འགོད་པ་འབྲེལ་ཡོད་ཚང་མ་ལ་རེ་སྐུལ་ཞིག་ཀྱང་ཡིན་ལ། རྒྱུ་མཚན་དང་འགན་འཁྲི་ཡོད་པས་གནས་ལུགས་ཤིག་ཀྱང་ཡིན། ཞེས་སེ་རའི་སློབ་གཉེར་བ་མདོ་སྨད་རྔ་བའི་སྤྲོ་ཚོགས་ཤིང་གི་རྡོ་བའི་འཇམ་དབྱངས་ཚུལ་ཁྲིམས་ནས།

    Reply
  9. ཟླ་བ་དོན་འགྲུབ། says:
    ལོ་ 14 སྔོན།

    ཡག་པོ་བྲིས་འདུག་་་གོང་གི་དེ་རྔ་བའི་གནས་སྟངས་གསལ་བོ་བཤད་འདུག་དེ་འདྲ་ཏག་ཏག་ཡིན། ང་རང་རྔ་བ་ནས་མཚར་ལོང་བྱུང་བ་ཞིག་ཡིན་པས་གནས་ཚུལ་ལ་ལ་ཞིག་ལ་རྒྱུས་གསལ་བོ་ཡོད། ཉིས་སྟོང་བརྒྱད་ཚུན་ནས་སྐྱག་ཟན་གི་ཉེན་རྟོག་པ་དག་ལ་ཞེན་གྱི་མི་འདུག ཁོང་ཚོ་་ཀྱང་སྐྲག་གི་ཡོད་པ་འདྲ། ༢༠༠༨ དེའི་སྔ་རོལ་དུ་སྐབས་སྐབས་སུ་ཉེན་རྟོག་པ་མང་པོ་སླེབས་ནས་འཕྲུལ་རྟ་(摩托)མང་པོ་བཙན་འཕྲོག་བྱེད་ཀི་རེད་འཕྲུལ་རྟ་སྐོར་ཆོག་པའི་ཡི་གེ་ཡོད་ཀྱང་ཕན་པར་མི་འདུག་ཟེར། རྒྱུ་མཚན་ཁོང་ཚོར་སྒོར་ལྡོག་ཉིས་བརྒྱ་སུམ་བརྒྱ་རེ་སྤྲོད་དགོས་པས་རྒྱུ་མཚན་གྱིས་རེད། ངོ་མ་ཁྱེད་ཚོ་རྔ་བར་བསྡད་མྱོང་མཁན་རེ་ཡིན་ན་ཤེས་ཀྱི་རེད། སྙིང་ལངས་ནི་ཞིག་ཡིན་ཁོང་ཚོར་གནས་ལུགས་དང་རྒྱུ་མཚན་གང་ལ་ཡང་མི་ཉན་མི་མང་གི་ལག་ནས་སྒོར་མོ་ལེན་བྱས་བྱེད་པར་བྲེལ་འདུག ཉིས་སྟོང་བརྒྱད་ཀྱི་ཕྱིན་ནས་དེ་འདྲའི་གནས་ཚུལ་ཞིག་བྱུང་བ་རིག་རྒྱུ་མ་དགོས་གོ་རྒྱུ་ཡང་མི་འདུག དེ་ནི་ཁོང་ཚོའི་སེམས་ལ་ཡང་བག་ཆགས་ཞིག་བཞག་ཡོད་པ་གསལ་བོ་རེད་དེ་འདྲ་བྱས་པ་ཡིན་ན་ཏག་ཏག་མི་མང་རང་བསྡད་རྒྱུ་མ་རེད། ངས་རྔ་བ་ལ་བསྟོད་པ་མིན་ང་རྔ་བ་མི་མང་གི་ལ་རྒྱ་དང་སེམས་ཤུགས་ལ་ངོ་གནས་ཡི་རངས་བྱེད་འོས་པ་ཞིག་ཡིན། ང་རང་ཕ་ཡུལ་དང་ཁ་བྲལ་ནས་ལོ་གཅིག་ལྷག་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese