མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནི་མིག་ཆུ་གཏོང་མཁན་ཞིག་མ་རེད།

བོད་ཀྱི་དུས་བབ།
༢༠༡༢/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

ལི་ཅིང་ལིང་གི་༼༡༩༥༩ ལོའི་ལྷ་ས༽ བཀླགས་པ།

ཀྲང་ཕེའོ་ཡིས་བརྩམས། དཔལ་ལྡནསྟོད་རྒྱུད་གྲྭ་ཚང་གི་བོད་དགེ་སྐལ་བཟང་ཚེ་བརྟན་གྱིས་བསྒྱུར།

གཅིག

གལ་སྲིད་དེབ་ཅིག་ཁྱོད་ཀྱིས་ལག་པར་ལེན་རྗེས་བློས་མི་ཐོངས་པ་དང་། ཁྱོད་ཀྱིས་གྲོགས་མཆེད་ཚོར་ངོ་སྤྲོད་བྱེད་འདོད་པ། ཡང་ན་ཁྱོད་ཀྱིས་ད་བར་ཨུ་ཚུགས་མཐའ་སྐྱེོལ་བྱས་པའི་ལྟ་ཚུལ་ལ་འགྱུར་བ་གཏོང་མཁན་དེ་ནི། དཔེ་དེབ་སྤྱིར་བཏང་བ་ཞིག་མིན་པ་ཐག་ཆོད་ཡིན།    

༼ ༡༩༥༩ ལོའི་ལྷ་ས། ༽ ཞེས་པ་ནི་དེ་ལྟ་བུའི་དཔེ་དེབ་ཅིག་རེད།

གཉིས།

ལི་ཅང་ལིང་དང་ཐེངས་མང་བོད་ཀྱི་སྐོར་ལ་གྲོས་སྡུར་བྱས་པ་བརྒྱུད་ངའི་དྲན་པའི་མེ་ལོང་ནས་བརྗེད་མི་ཐུབ་པ་ནི།       ཁོ་མོས་བཤད་པའི་སྐད་ཆ་སྟེ་ཕྱི་ལོ་ ༡༩༥༠ ལོའི་ཟླ་བ་དང་པོར་མའོ་ཙེ་ཏུང་གིས་ཀྲུང་དབྱང་ལ་བཏང་བའི་ཏར་འཕྲིན་ཞིག་གི་ནང་སྤྱིར་བཏང་བྱས་ན་བོད་དུ་མི་འབོར་མང་པོ་མེད། འོན་ཀྱང་། རྒྱལ་སྤྱིའི་སྟེང་གི་གནས་བབས་མཐོ་པོ་ཡོད་དེར་བརྟེན་ང་ཚོས་ངེས་པར་དུ་དབང་སྒྱུར་བྱེད་དགོས་ཞེས་བཤད་ཡོད།   ངེས་པར་དུ་དབང་སྒྱུར་བྱེད་དགོས་ཞེས་པ་དེས་དོན་དངོས་ཐོག་མའོ་ཙེ་ཏུང་གིས་ ༡༩༤༩ ལོའི་སྔོན་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པ་ཤུགས་ཀྱིས་ཁས་ལེན་བྱས་ཡོད་པ་རེད། 

ལོ་རྒྱུས་ནི་བུད་མེད་ལ་རྣམ་པ་བཏོད་པ་ལྟར་མིས་གང་བྱུང་དུ་བཟོ་ཆོག་པ་ཞིག་མ་ཡིན།     གནའ་སྔ་མོ་ནས་བཟུང་བོད་དེ་ཀྲུང་གོའི་མངའ་ཁོངས་རེད་ཅེས་འུད་སྒྲོག་བྱེད་མཁན་དེ་ཚོས་མིག་ཆེ་ཙམ་གདངས་ནས་ལོ་རྒྱུས་ཀྱི་དཔེ་དེབ་མང་ཙམ་བལྟ་ཀློག་མི་བྱེད་པའི་རྒྱུ་མཚན་ཅི་ཡིན།

 ལོ་ངོ་ཆིག་སྟོང་ལྔ་བརྒྱའི་སྔོན་ལ་བོད་མི་ཚོས་སྟོབས་ཆེན་གྱི་སྤུར་རྒྱལ་བཙན་པོའི་རྒྱལ་རབས་བཙུགས་པ་རེད།    སྐབས་དེར་བོད་རྒྱལ་སྲོང་བཙན་སྒམ་པོས་ཐང་རྒྱལ་རབས་ཀྱི་ས་ཆར་བཙན་འཛུལ་བྱས་རྐྱེན་ཐང་ཐེ་ཙུང་གིས་རྒྱ་བཟའ་ཀོང་ཇོ་མནའ་མར་ཕུལ་ཏེ་ཞི་འགྲིགས་ཡོང་ཐབས་བྱས། ཐང་ཤོའོ་ཙུང་གི་དུས་སུ་སྤུར་རྒྱལ་བཙན་པོས་ཐང་རྒྱལ་རབས་ཀྱི་ས་ཆར་བཙན་འཛུལ་ཤུགས་ཆེ་བྱས་ཤིང་ཐང་ཤའོ་ཙུང་གིས་ལོ་ལྟར་བོད་ལ་དར་གོས་ཁྲི་ལྔ་ཕུལ་ཏེ་དམག་མཚམས་འཇོག་རྒྱུའི་རེ་བསྐུལ་ཞུས། ལོ་ངོ་བདུན་སོང་བའི་རྗེས་ཐང་ཏེའི་ཙུང་གིས་དར་གོས་ཀྱི་ཁྲལ་མ་སྤྲད་པར་བརྟེན་སྤུར་རྒྱལ་བཙན་པོ་ཁོང་ཁྲོ་ཆེན་པོ་ལངས་ཏེ་ཐད་ཀར་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་བར་བཙན་འཛུལ་བྱས་པས་ཐང་རྒྱལ་པོས་རང་ཉིད་ཀྱི་རྒྱལ་ས་བཞག་ཏེ་ཡུལ་གཞན་ལ་བྲོས་བྱོལ་དུ་ཕྱིན།   བཙན་པོས་ཀིམ་ཤིང་ཀོང་ཇོའི་མིང་པོ་ཐང་གོང་མའི་རྒྱལ་ཁྲིར་བཀོད་དེ་བཀྲ་ཤིས་ཞེས་པའི་གོ་མིང་བཏགས་ཤིང་བཀྲ་ཤིས་ཀྱི་ཁྲི་ལོ་ཁྱབ་བསྒྲགས་བྱས།   གོང་ཞུས་བོད་ཀྱི་དཔའ་བོ་ཚོའི་བྱས་རྗེས་དེ་དག་རྒྱ་ནག་གོང་མར་གུས་བཀུར་ཞུ་མཁན་གུང་ཁྲན་ཏང་གི་ལོ་རྒྱུས་སྨྲ་མཁན་དེ་ཚོས་སྣང་མེད་དུ་འཇོག་དགོས་དོན་ཅི།

༡༢༠༧ ལོར་ཡོན་གོང་མ་ཀུབ་ལའི་ཁང་གིས་བོད་ལ་དབང་སྒྱུར་བྱས་ཤིང་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕཌ་པ་གོང་མའི་དབུ་བླར་བཀོད། དེ་ནས་ལོ་ངོ་བདུན་ཅུ་དོན་གཉིས་སོང་བའི་རྗེས་རྒྱ་ནག་ཁྱོན་ཡོངས་སོག་པོའི་དབང་འོག་ཏུ་ཚུད། སྐབས་དེར་རྒྱ་མི་རིགས་རྣམས་སོག་པོའི་མཐོང་ཆུང་དང་བརྙས་བཅོས་མྱོང་དགོས་ཀྱི་ཡོད། འོན་ཀྱང་རྒྱ་མི་རིགས་མང་པོ་ཞིག་གིས་དུས་ད་ལྟའང་རང་ཉིད་ཀྱི་མེས་པོ་ཚོས་རང་གི་རྒྱལ་ཁབ་སོག་པོའི་ལག་ཏུ་ཤོར་ཏེ་སོག་པོས་རྒྱ་མི་རིཌ་བྲན་དུ་བཀོལ་པའི་ཡ་ང་བའི་ལོ་རྒྱུས་དེ་དག་གཏིང་བརྗེད་དུ་བཏང་ནས་ད་དུང་བོད་དེ་ཡོན་རྒྱལ་རབས་ནས་བཟུང་ང་ཚོར་དབང་བ་རེད་ཅེས་རྒྱ་མི་རིགས་ཇིང་གེར་རྒྱལ་པོའི་མི་རྒྱུད་ཡིན་པ་ལྟ་བུ་བབ་ཅོལ་དུ་སྨྲ་བར་བྱེད་ཀྱི་ཡོད། གལ་སྲིད་རང་རྒྱལ་གཞན་ལག་ཏུ་ཤོར་བའི་སྔ་ཕྱིའི་བང་རིམ་དང་།   སོག་པོའི་དབར་དམིགས་བསལ་གྱི་འབྲེལ་བ་གཞིར་བཞག་ན། བོད་མི་ཚོར་ཀྲུང་གོ་ནི་བོད་ཀྱི་ཆ་ཤས་ཤིག་རེད་ཅེས་ཤོད་ཆོག་པའི་རྒྱུ་མཚན་ཡང་དག་པ་ཞིག་ཡོད་པ་མ་རེད་དམ།

རྒྱ་ནག་དང་བོད་སོག་པོའི་དབང་སྒྱུར་འོག་ནས་ཐར་བའི་རྗེས། སྔ་མས་མིང་རྒྱལ་རབས་བཙུགས་པ་དང་། ཕྱི་མ་རྒྱལ་ཕྲན་མང་པོར་གྱུར་ཏེ་ཕན་ཚུན་དབར་འབྲེལ་བ་བྱུང་བ་ཉུང་ཉུང་ཡིན། སྤྱིར་ན་བོད་ཀྱི་ཆོས་ལུགས་ཀྱི་གྲུབ་མཐའ་ཁག་གི་བླ་སྤྲུལ་འགའ་རེས་ཀྲུང་གོར་འཚམས་འདྲིར་བསྐྱོད་དེ་ལོ་རྒྱུས་ཀྱི་ཡིག་ཚགས་ནང་རྒྱ་ནག་གོང་མས་བོད་ཀྱི་བླ་སྤྲུལ་ཚོར་ཆེ་བསྟོད་བྱས་ཚུལ་འཁོད་ཡོད་ཀྱང་། མིང་གོང་མས་བོད་ལ་དབང་སྒྱུར་བྱས་པའི་དཔང་རྟགས་ཁུངས་བཙན་གང་ཡང་མིག་སྟོན་བྱ་རྒྱུ་མེད། རྒྱལ་དབང་ལྔ་པ་ཆེན་པོ་དང་ཁོང་གི་ཁ་གཏད་གཙང་པ་རྒྱལ་པོས་རང་རང་གི་ཕོ་ཉ་མངགས་ཏེ་ལེ་དབར་སྟོང་གིས་ཆོད་པའི་མན་ཇུ་གོང་མར་མཇལ་འཕྲད་དུ་བཏང་ཡོད་པ་ལས་སུས་ཀྱང་རྒྱ་ནག་མིང་གོང་མ་མིག་ནང་དུ་བཞག་མེད།

གསུམ།

མན་ཇུ་གོང་མས་ཀྲུང་གོར་དབང་སྒྱུར་བྱེད་སྐབས། པེ་ཅིང་དུ་གནས་སྤོས་ནས་ལོ་གཅིག་ཙམ་ལས་མ་སོང་ཡང་གོང་མ་ཤུན་ཙིས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་གདན་ཞུ་བྱས། ཤུན་ཙི་ཡི་ཡབ་ཐང་ཐེ་ཙུང་གིས་ཀྱང་ཕོ་ཉ་མངགས་ཏེ་ཏཱ་ལའི་བླ་མ་མཇལ་འཕྲད་བྱས། ལྷག་དོན་དུ་གོང་མ་ཤུན་ཙི་ཁོ་རང་སྐུ་ངོ་མས་མཐའ་མཚམས་བར་ཕེབས་བསུ་ཞུ་བར་བཅར་རྒྱུའི་གྲ་སྒྲིག་བྱས་ཡོད་ཀྱང་རྗེས་སུ་དམག་འཁྲུག་གིས་རྐྱེན་པས་མཚམས་འཇོག་བྱེད་དགོས་བྱུང་ཡོད།

    ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་གོང་མ་ཤུན་ཙི་མཇལ་འཕྲད་བྱས་པའི་སྐོར་ལ་རྒྱས་བཤད་བྱེད་དགོས་པ་ཞིག་ལ། ཏཱ་ལའི་བླ་མས་མན་ཇུ་གོང་མ་མཇལ་འཕྲད་དུ་བཅར་བ་དེས་བོད་དེ་རྒྱལ་ཁབ་ཞིག་ཏུ་མ་ཟད་ཏཱ་ལའི་བླ་མ་རང་ཉིད་བོད་རྒྱལ་ཁབ་ཀྱི་བླ་མ་མེད་པའི་དབུ་ཁྲིད་ཞིག་ཡིན་པ་གསལ་སྟོན་བྱས་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མས་གོང་མ་ཤུན་ཙི་ཐུག་འཕྲད་བྱས་པ་དེ་བོད་པས་རྒྱ་ནག་ལ་མགོ་སྒུར་བ་གཞིར་བཞག་གི་ཐོག་ནས་གོང་མ་དང་མཇལ་འཕྲད་བྱས་པ་རེད་ཅེས་འུད་སྒྲོག་བྱས་དང་བྱེད་བཞིན་ཡོད། བཀའ་འདྲི་ཞུ་རྒྱུར། གནམ་འོག་ཏུ་རང་ཉིད་ལ་མགོ་སྒུར་མཁན་གྱི་མི་ཞིག་ལ་ལེ་དབང་སྟོང་ཕྲག་གི་སར་ཕེབས་བསུ་ཞུ་བར་བཅར་མཁན་གྱི་རྒྱལ་པོ་དེ་འདྲ་ཞིག་ཡོད་དམ།

     ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་ ༡༦༥༢ ལོར་སྐུ་འཁོར་སུམ་སྟོང་དང་བཅས་རྔམ་བརྗིད་ལྡན་པའི་ངང་ནས་ལྷ་ས་ནས་པེ་ཅིང་དུ་རྡོག་ཐོན་བྱས། གོང་མ་ཤུན་ཙིས་ཁོ་རང་གི་གཉེན་ཚན་ཞིག་ཕེབས་བསུ་ཞུ་བར་བཏང་། པེ་ཅིང་དང་ཉེ་བར་བཅར་སྐབས་ཕེབས་བསུ་ཞུ་མི་སྟོང་ཚོ་མང་པོས་ལག་ཏུ་གདུགས་དང་། རྒྱལ་མཚན། བ་དན་སོགས་བསྣམས་ཤིང་རྔ་རྡུང་སྦུབ་དཀྲོལ་གྱིས་ཏཱ་ལའི་བླ་མར་ཕེབས་བསུ་ཟབ་རྒྱས་ཞུས། གོང་མ་ཤུན་ཙིས་ལེ་དབར་ཉི་ཤུའི་སར་ཕེབས་བསུ་ཞུ་བར་བཅར་བ་མ་ཟད། ད་དུང་དངུལ་རྒྱ་མ་ཁྲི་དགུ་སྟོང་བཏང་སྟེ་ཏཱ་ལའི་བླ་མ་བཞུགས་གནས་ལྷ་ཡུལ་དང་འགྲན་ནུས་པའི་ཕོ་བྲང་ཞིག་གསར་རྒྱག་བྱས་པ་རེད།

    རྒྱལ་པོ་ཤུན་ཙི་ནི་བོད་རྒྱུད་ནང་བསྟན་ལ་དད་གུས་ཆེན་པོ་ཞུ་མཁན་ཞིག་ཡིན། ཁོ་པས་དེ་སྔོན་རྒྱལ་པོའི་གསེར་ཁྲི་བཞག་སྟེ་ཆོས་སྒོར་ཞུགས་རྒྱུ་ཡིན་ཚུལ་གླེང་མྱོང་ཡོད། ཁོ་པས་ཏཱ་ལའི་བླ་མ་དང་བྲེལ་འཚུབ་ངང་མཇལ་འཕྲད་བྱས་ཏེ་འགྲོ་གྲོན་ཕོན་ཆེ་འཕངས་མེད་དུ་བཏང་དགོས་དོན་ནི་མན་ཇུ་གོང་མར་ཆོས་ལུགས་ཀྱི་ཁེ་ཕན་ལས་ཆབ་སྲིད་ཀྱི་ཁེ་ཕན་ཆེ་བ་ཐོབ་ཀྱི་ཡོད། ཆིང་གོང་མའི་ལོ་རྒྱུས་ནང་འཁོད་དོན། སྐབས་དེར་སོག་པོ་ཚོ་ཁག་དེ་ཚོས་མན་ཇུ་དང་དམག་འཐབ་བྱེད་མུས་ཁར་མན་ཇུས་ཀྲུང་གོ་ཡོངས་ལ་དབང་སྒྱུར་བྱེད་བཞིན་པ་དང་། ཆོས་ཕྱོགས་ཀྱི་ངོས་ནས་བཤད་ན་སོག་པོས་ཏཱ་ལའི་བླ་མར་དད་གུས་ཆེན་པོ་ཞུ་གི་ཡོད་པར་བརྟེན། སོག་པོའི་བཙན་འཛུལ་འགོག་ཆེད་ཏཱ་ལའི་བླ་མ་གདན་ཞུ་བྱས་ཏེ་སོག་པོ་དང་ཞི་འགྲིག་ཡོང་ཐབས་བྱས་པ་ཞིག་རེད། 

     ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་ཕྱི་ལོ་ ༡༦༦༧ ལོར་སོག་པོ་ཚོ་ཁག་གི་སྐུ་ཚབ་གནང་སྟེ་སོག་པོ་དང་མན་ཇུའི་མཐའ་མཚམས་གཏན་འབེབ་གནང་།   ཕྱི་ལོ་ ༡༦༧༣ ལོར་ཝུ་སན་ཀུའེ་ཡིས་མན་ཇུ་གོང་མར་ངོ་རྒོལ་བྱས་ཤིང་། གོང་མ་ཁང་ཤི་དང་མན་ཇུར་ངོ་རྒོལ་བྱེད་མཁན་ཝུ་སན་ཀུའེ་གཉིས་ཀས་ལྷ་སར་ཕོ་ཉ་མངགས་ཏེ། སོག་དམག་གི་རོགས་རམ་སྐྱབས་འཇུག་ཞུས་པས་ཏཱ་ལའི་བླ་མས་གལ་ཏེ་སོག་པོའི་རྟ་དམག་བཏང་བ་ཡིན་ན་ཁྱོད་ཚོ་ཕྱོགས་གཉིས་ཀར་ཁེ་ཕན་གང་ཡང་མེད་ཅེས་གསུངས་པ་དེས། ཏཱ་ལའི་བླ་མས་རྒྱལ་ཁབ་ཞིག་གི་བདག་པོའི་ནུས་པ་དང་སྤོབས་ཉམས་མངོན་ཡོད།

   བོད་ཀྱི་ལོ་རྒྱུས་སྟེང་།   ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ནི་ཕུལ་དུ་བྱུང་བའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས་སོག་པོའི་རོགས་རམ་འོག་རང་ཉིད་ཀྱི་ཆབ་སྲིད་ཀྱི་དགྲ་ཁ་གཏད་གཙང་པ་སྡེ་སྲིད་གཏོར་ཕམ་བཏང་ཏེ་བོད་ཆོལ་ཁ་གསུམ་ལ་དབང་བསྒྱུར།    ཕོ་བྲང་པོ་ཏཱ་ལ་རྒྱ་བསྐྱེད་གནང་། གོང་མ་ཤུན་ཙིས་ནུབ་ཕྱོགས་བདེ་ལྡན་ཞིང་གི་ཞི་བ་སངས་རྒྱས་ཞེས་པའི་མཚན་བསྟོད་རྒྱ་ཆེ་ཕུལ་བ་དེ་དོན་ལ་གནས་པ་ཞིག་རེད།

བཞི།

      དུས་རབས་བཅོ་བརྒྱད་པའི་དུས་མགོར་བོད་ཀྱི་ཆབ་སྲིད་ཀྱི་གནས་བབས་ལ་འགྱུར་བ་ཕྱིན་ཡོད།

ཕྱི་ལོ་ ༡༧༠༥ ལོར་སོག་པོ་ལྷ་བཟང་གིས་བོད་ཀྱི་སྲིད་དབང་བཙན་འཕྲོག་བྱས་པ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་དམར་གསོད་བཏང་སྟེ་རང་ཉིད་ཀྱི་བུ་ཕྲུག་ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པར་ངོས་འཛིན་བྱས། མན་ཇུ་གོང་མ་ཁང་ཤི་ཡི་ལྷ་བཟང་ཁང་གི་ཕྱོགས་སུ་ལངས་ནས་ལྷ་སར་ཨམ་བན་བཏང་སྟེ། ལྷ་བཟང་ཁང་གི་དབང་སྒྱུར་སྲ་བརྟན་བཟོ་རྒྱུར་རོགས་རམ་བྱས་ཤིང་རྗེས་སུ་ཏཱ་ལའི་བླ་མའི་ཡང་སྲིད་རྗུན་མ་ཁས་ལེན་བྱས། ལྷ་བཟང་ཁང་གིས་མན་ཇུ་གོང་མར་འབུལ་བ་རྒྱ་ཆེ་ཕུལ་ཏེ་གོང་མར་དྲིན་ལན་འཇལ། ལྷ་བཟང་ཁང་བོད་པ་ཞིག་མིན་ནའང་ཁོ་པ་བོད་ཀྱི་དབང་སྒྱུར་བ་ཞིག་ཡིན་པའི་ཆ་ནས་མན་ཇུ་གོང་མར་འབུལ་བ་རྒྱ་ཆེ་ཕུལ་བས་བོད་ཀྱི་སྲིད་དོན་གནས་བབས་དེ་མན་ཇུའི་ཁོངས་གཏོགས་རྒྱལ་ཁབ་ལྟ་བུར་བསྒྱུར་ཡོད།

 ཕྱི་ལོ་ ༡༧༡༧ ལོར་སོག་པོ་འཇུན་སྒར་གྱིས་ཏཱ་ལའི་བླ་མའི་མཚན་གནས་བསྐྱར་བཟོ་བྱ་རྒྱུ་ཡིན་ཚུལ་གྱིས་བོད་ལ་བཙན་འཛུལ་བྱས་ཏེ་རྒྱལ་པོ་ལྷ་བཟང་བསད་པ་མ་ཟད་ཏཱ་ལའི་བླ་མའི་ཡང་སྲིད་རྫུན་མ་བཙོན་བཅུག་བྱས་ཤིང་། བོད་མི་རྣམས་ལ་བསྲེགས་གསོད་འཕྲོག་གསུམ་བྱས། ཕྱི་ལོ་ ༡༧༢༠ ལོར་གོང་མ་ཁང་ཤི་ཡིས་གོ་སྐབས་དེ་དང་བསྟུན་ནས་དམག་དཔུང་བཏང་སྟེ་སོག་པོ་འཇུན་སྒར་བོད་ནས་མཐར་བསྐྲད། སྐབས་དེར་བོད་མི་རྣམས་ཀྱིས་གུས་བཀུར་ཚད་མེད་ཞུ་བའི་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་དབུས་སུ་ཕེབས་མ་ཐུབ་པར་ཨ་མདོ་རྗེ་སྐུ་འབུམ་དུ་བཞུགས་ཡོད། གོང་མ་ཁང་ཤི་ཡིས་དམག་དཔུང་བཏང་སྟེ་ཏཱ་ལའི་བླ་མ་ལྷ་སར་གདན་འདྲེན་ཞུས། བོད་མི་རྣམས་ཀྱིས་མན་ཇུའི་དམག་དཔུང་སྲོག་སྐྱོབ་དྲིན་ཆེན་དུ་ངོས་འཛིན་གྱིས་གླུ་ལེན་གར་འཁྲབ་ཀྱི་ཐོག་ནས་དགའ་བསུ་ཟབ་རྒྱས་ཞུས། དུས་དེ་ནས་བཟུང་མན་ཇུ་གོང་མས་བོད་ནང་རྐང་པ་བརྟན་པོ་བཙུགས་ཐུབ་པ་བྱུང་ཡོད།

གོང་མ་གཡུང་ཀྲང་དང་ཇན་ལུང་གྱིས་བོད་ལ་དབང་སྒྱུར་བྱ་ཆེད་དམག་མི་ཐེངས་མང་བཏང་སྟེ་བོད་ཀྱི་ནང་འཁྲུག་གཞོལ་འཇག་བཏང་བ་མ་ཟད་གོར་ཁ་བཙན་འཛུལ་དམག་བོད་ནས་མཐར་བསྐྲད་པ་དང་། ད་དུང་བྱ་ཐབས་མང་པོ་སྤྱད་ཡོད་པ་དཔེར་ན་བོད་སྡོད་ཨམ་བན་བཞག་པ །   བོད་ཀྱི་ས་ཆ་བགོས་པ། ཏཱ་ལའི་བླ་མའི་ཆོས་སྲིད་ཀྱི་གོ་གནས་ལ་བསྐྱར་སྒྲིག་བྱས་པ་དང་། ད་དུང་བོད་དུ་ལས་མཇུག་ལེགས་བསྡུས་ཀྱི་སྲོལ་ཡིག་ཐེངས་གཉིས་ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་ཏཱ་ལའི་བླ་མ་སོགས་སྤྲུལ་སྐུ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་གསེར་བུམ་དཀྲུགས་འདོན་གྱིས་ངོས་འཛིན་བྱེད་དགོས་པ་བཤད་ཡོད།  

ལྔ།

ཕྱི་ལོ་ ༡༧༨༢ ལོར་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་ཐོར་ཝར་ན་བོད་དུ་སླེབས་ཤིང་ཁོ་པས་དབྱིན་ཇིའི་གོང་མར་ཕུལ་བའི་སྙན་ཞུའི་ནང་བོད་མི་ཚོས་དུས་རྒྱུན་དུ་བོད་དེ་མན་ཇུའི་མངའ་འོག་ཏུ་ཡོངས་སུ་ཚུད་ཡོད་པའི་ངོས་འཛིན་བྱེད་ཀྱི་མི་འདུག་ཅེས་བྲིས་ཡོད། རྒྱ་གུང་ཁྲན་གྱི་ལོ་རྒྱུས་འབྲི་མཁན་དེ་ཚོས་མན་ཇུ་གོང་མས་སོག་ཡུལ་དང་ཤར་ཏུ་ཀི་སི་ཐན་ལ་དབང་སྒྱུར་བྱས་པ་དེར་རྒྱུ་མཚན་མང་པོ་ཤོད་རྒྱུ་ཡོད་པ་དཔེར་ན། མཐའ་སྲུང་དམག་སྒར་ག་ཚོད་བཙུགས་ཡོད་མེད་དང་། གོང་འོག་གི་སྲིད་འཛིན་མ་ལག་འཐུས་ཚང་ཅི་ཡོད་། དཔོན་རིགས་སུ་དང་སུ་བཏང་སྟེ་ཡུལ་དེ་དག་ལ་དོ་དམ་བྱེད་ཚུལ་སོགས་རྒྱས་བཤད་བྱེད་ཀྱི་ཡོད་མོད། འོན་ཀྱང་བོད་སྐོར་ལ་དོན་མེད་སྟོང་བཤད་ཁོ་ན་བྱེད་ཀྱི་ཡོད། ཁོ་པ་ཚོར་ཁག་ཅི་ཡོད།   སྤྱི་ཚོགས་ཀྱི་ལམ་ལུགས་ནི་བོད་པའི་རེད། སྲིད་གཞུང་ནི་བོད་པའི་རེད། དཔོན་རིགས་ནི་བོད་པ་རེད། དངུལ་ལོར་ནི་བོད་པའི་རེད། ཁྲལ་བསྡུ་མཁན་ནི་བོད་པ་རེད། མཐའ་མཚམས་སྲུང་མཁན་ནི་བོད་དམག་རེད།   འགག་སྒོ་ནི་བོད་པའི་རེད། དེར་བརྟེན་མན་ཇུ་དང་སྒོར་རྡོག་གཅིག་གི་འབྲེལ་བ་མེད།

     རྒྱ་ནག་གོང་མས་བོད་ལ་ཁ་ལོ་སྒྱུར་ཡག་གི་ཐབས་ཤེས་ཤིག་ནི་གསེར་བུམ་དཀྲུག་འདོན་གྱིས་ཏཱ་ལའི་བླ་མ་དང་པན་ཆེན་བླ་མའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་ཚོད་འཛིན་བྱ་རྒྱུ་དེ་ཡིན་ཞིང་། དེ་ནི་ཕྱི་རྫིག་ནང་སྟོང་གི་མིང་ཙམ་དུ་གྱུར་ཡོད།    གསེར་བུམ་དཀྲུག་འདོན་ཐེངས་དང་པོ་དེ་ཕྱི་ལོ་ ༡༨༠༨ ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་དགུ་པ་ངོས་འཛིན་བྱེད་སྐབས་འགོ་བཙུགས་བྱས་ཤིང་། འོན་ཀྱང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་སོགས་བླ་སྤྲུལ་མང་ཆེ་བས་བོད་པ་རང་གིས་ངོས་འཛིན་བྱས་པ་ལས་གསེར་བུམ་དཀྲུག་འདོན་བྱས་མེད། གསེར་བུམ་དཀྲུག་འདོན་གྱིས་ངོས་འཛིན་བྱས་པ་དེ་ཚོ་ཡང་ཁྲལ་སེལ་སླ་བཅོས་ཙམ་ཡིན། 

མན་ཇུ་གོང་མའི་སྐུ་ཚབ་བོད་ལ་དོ་དམ་བྱེད་མཁན་གྱི་ཨམ་བན་དེ་ཚོ་ཡང་དུས་སྐབས་མང་ཆེ་བར་མིང་སྟོང་ཙམ་ལས་དབང་ཆ་གང་ཡང་མེད།   དབང་ཆ་ནི་བོད་གཞུང་དང་ཏཱ་ལའི་བླ་མའི་ཕྱག་ཏུ་ཡོད་པ་རེད།    ཕྱི་རྒྱལ་གྱི་ཆོས་སྤེལ་མཁན་དེ་ཚོའི་ལྟ་ཚུལ་ལ་བོད་སྡོད་ཨམ་བན་ནི་གོང་མས་བཏང་བའི་བོད་མིའི་བྱ་སྤྱོད་ལ་ལྟ་སྐུལ་བྱེད་མཁན་གྱི་གཞུང་ཚབ་ཆེན་མོ་ཡིན། འོན་ཀྱང་དུས་རབས་བཅུ་དགུ་པའི་ལོ་མཇུག་ཏུ་སླེབས་སྐབས་ཨམ་བན་གྱི་ནུས་པ་དེ་ཙམ་ཡང་མེད་པར་གྱུར་ཡོད། རྒྱ་གཞུང་གིས་དབྱིན་ཇིའི་མིར་སྤྲད་པའི་ལྷ་སར་བསྐྱོད་ཆོག་པའི་ལག་ཁྱེར་ལ་བོད་པས་ཁས་ལེན་མ་བྱས་པ་དང་།  དབྱིན་ཇི་དང་མན་ཇུས་བོད་ཀྱི་སྐོར་ལ་ཚོང་དོན་གྲོས་ཆོད་བཞག་པ་དེར་བོད་པས་ངོས་ལེན་མ་བྱས་པའི་རྐྱེན་གྱིས་ཤོག་སྟོང་ཞིག་ཏུ་གྱུར་ཡོད།

ཆིང་གོང་མའི་དུས་མཇུག་ཏུ་སླེབས་སྐབས་གོང་མས་བོད་དུ་མན་ཇུའི་དབང་ཤུགས་ཉམས་རྒུད་དུ་འགྲོ་བཞིན་པ་ཤེས་རྟོགས་བྱུང་སྟེ།   ཕྱི་ལོ་ ༡༩༠༦ ནས་ ༡༩༡༠ ལོའི་བར་མན་ཇུའི་དམག་དཔུང་ཕོན་ཆེ་བོད་དུ་བཏང་མ་ཟད་ཏཱ་ལའི་བླ་མའི་གོ་གནས་མེད་པར་བཟོས་པ་དང་། དཔོན་རིགས་མང་པོ་ཞིག་བོད་དུ་བརྫངས་ནས་ཐ་ན་བོད་གཞུང་རྩིས་ལེན་བྱ་རྒྱུའི་ཧམ་སེམས་བཅངས། བོད་སྡོད་ཨམ་བན་ཀྲང་དབྱིང་ཐང་གིས་བཤད་པའི་སྐད་ཆ་ལུང་དྲངས་ན། བོད་དུ་ལེགས་སྒྲིག་བྱེད་པ་ལ་བོད་གཞུང་མེད་པར་བཟོ་དགོས་ཀྱི་འདུག བོད་གཞུང་མེད་པར་བཟོ་བ་ལ་དམག་དཔུང་བེད་སྤྱོད་མ་བྱས་ན་ཡོང་ཐབས་མི་འདུག་ཅེས་བཤད་ཡོད། འོན་ཀྱང་ཁོ་པའི་སྐད་ཆ་དེ་ཕྱི་དྲགས་པ་རེད།   

གལ་སྲིད་རྒྱ་ནག་ཏུ་ལྕགས་ཕག་ལོའི་གསར་རྗེའི་ལངས་མེད་ན་མན་ཇུ་སྲིད་གཞུང་གིས་བོད་དེ་ཤར་ཏུ་ཀི་སི་ཐན་ལྟ་བུ་རྒྱ་ནག་གི་ཞིང་ཆེན་ཞིག་ཏུ་བསྒྱུར་ཐུབ་པའི་རེ་བ་ཡོད། ཕྱི་ལོ་ ༡༩༡༢ ལོར་མན་ཇུ་སྲིད་གཞུང་རྩ་མེད་དུ་སོང་བ་དེས་བོད་མི་ཚོར་ཡོངས་སུ་རང་བཙན་གཙང་མའི་ལམ་བུ་ཞིག་ཏུ་འགྲོ་རྒྱུར་ཆ་རྐྱེན་བསྐྲུན་ཡོད་པ་རེད།

དྲུག

               ཕྱི་ལོ་ ༡༩༡༠ ལོར་རྒྱ་གར་དུ་ཡུལ་གྱར་དུ་བཞུགས་པའི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་ཆིང་གོང་མར་ཕུལ་བའི་ཡི་གེའི་ནང་།   མན་ཇུ་དང་བོད་ཀྱི་འབྲེལ་བ་ནི་མཆོད་ཡོན་གྱི་འབྲེལ་བ་ཞིག་ཏུ་ངོས་འཛིན་བྱས་ཤིང་། དེའང་མཆོད་གནས་བླ་མ་དང་སྐུ་ཡོན་སྦྱིན་བདག་བར་གྱི་འབྲེལ་བ་ཞིག་ཡིན། མཆོད་ཡོན་གྱི་འབྲེལ་བ་ནི་ཆོས་ལུགས་ཀྱི་ནང་དོན་ལྡན་པའི་མིང་ཚིག་ཞིག་ཡིན་པར་བརྟེན་དེས་རྒྱལ་ཁབ་དང་། བདག་དབང་། ཕྱི་འབྲེལ། ནང་སྲིད་སོགས་སྲིད་དོན་ཁྱབ་ཁོངས་ཀྱི་རྙོག་འཛིང་ཆེ་བའི་གནད་དོན་དེ་ཚོར་འགྲེལ་བཤད་རྒྱག་ཐབས་མེད། ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྲིད་དོན་ཚིག་མཛོད་ལྟར་ན། རྒྱ་བོད་ཕྱོགས་གཉིས་ཀའི་འབྲེལ་བའི་ངོ་བོ་དང་ཕེལ་རིམ་ལ་གཞིགས་ན། མན་ཇུ་སྲིད་གཞུང་དང་བོད་དབར་གྱི་འབྲེལ་བ་ནི་མཆོད་ཡོན་གྱི་འབྲེལ་བ་ཞིག་ཏུ་རྦད་དེ་ངོས་འཛིན་བྱེད་ཆོག་པ་ཞིག་ཡིན་ཞིང་། དེའང་མན་ཇུ་ནི་སྦྱིན་བདག་རྒྱལ་ཁབ་དང་བོད་དེའི་ཁོངས་གཏོགས་རྒྱལ་ཁབ་ཡིན།

བདག་པོའི་རྒྱལ་ཁབ་ཐོར་ཞིག་ཏུ་སོང་བ་དང་།   ཁོངས་གཏོགས་རྒྱལ་ཁབ་རང་བཙན་ཐོག་བསྐྱོད་ཡོད་ཅིང་བོད་ལ་རང་བཙན་རྒྱལ་ཁབ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་ཚང་ཡོད་པ་རེད།   ཕྱི་ལོ་ ༡༩༡༣ ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ལྷ་སར་ཕྱིར་ལོག་ཕེབས་ཏེ་གྲགས་ཅན་གྱི་ཆུ་གླང་རྩ་ཚིག་ཆེན་མོ་ཁྱབ་བསྒྲགས་གནང་ཞིང་། དེའི་ནང་བོད་དེ་རང་བཙན་གཙང་མའི་ནང་པའི་རྒྱལ་ཁབ་ཞིག་ཡིན་ཞེས་བཀོད་ཡོད། གོ་མིན་ཏང་སྲིད་གཞུང་གི་སྲིད་འཛིན་ཡོན་ཧྲི་ཁའེ་ཡིས་ཏཱ་ལའི་བླ་མའི་མཚན་གནས་བསྐྱར་བཟོ་བྱ་རྒྱུ་ཡིན་ཚུལ་བཤད་པས་ཏཱ་ལའི་བླ་མས་སྲིད་འཛིན་ཡོན་ཧྲི་ཁའི་ལ་ང་ལ་གོ་མིན་ཏང་གི་གོ་གནས་མི་དགོས། ང་ནི་བོད་རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་མཐོ་ཤོས་དེ་ཡིན་ཞེས་གསུངས་ཡོད།

ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་ལོ་ངོ་ཉི་ཤུའི་སྲིད་སྐྱོང་བའི་དུས་ཡུན་རིང་ནང་ཁུལ་དུ་བཅོས་སྒྱུར་བྱས་ཤིང་། དེའང་སྦྲག་སྲིད་དང་གློག་ཁང་གསར་རྒྱག་བྱས་པ་མ་ཟད།   སྨན་བཅོས་མཐུན་རྐྱེན་ཡར་རྒྱས་བཏང་བ་དང་། ཕྱི་ཕྱོགས་སུ་དོ་མཉམ་གྱི་ཕྱི་འབྲེལ་སྲིད་ཇུས་བཟུང་ཡོད་ཅིང་། ལྷག་དོན་དུ་དབྱིན་ཇི་དང་རྒྱ་ནག་གཉིས་ཀར་བསྟུན་གང་ཐུབ་བྱས་ཡོད།   དུས་སྐབས་དེ་དག་གི་ནང་བོད་དུ་ཀྲུང་གོའི་གཞུང་ཚབ་ཀྱང་མེད་པ་རེད། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་དགོངས་པ་རྫོགས་པའི་རྗེས་གོ་མིན་སྲིད་གཞུང་གིས་དགོངས་རྫོགས་མཆོད་འབུལ་ལ་ཁ་གཡར་ཏེ་སྐུ་ཚབ་ཞིག་ལྷ་སར་བཏང་ནས། བོད་ཀྲུང་གོའི་མངའ་འོག་ཏུ་བསྡུ་རྒྱུར་ཐབས་ཤེས་རབ་དང་རིམ་པ་བྱས་ཀྱང་མཐའ་མ་གྲུབ་འབྲས་གང་ཡང་ཐོན་མེད། ཕྱི་ལོ་ ༡༩༤༠ ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་གསེར་ཁྲིར་མངའ་གསོལ་ཞུ་སྐབས་གོ་མིན་སྲིད་གཞུང་གི་སྐུ་ཚབ་ཀྱང་སྐུ་མགྲོན་ཙམ་ཡིན། རྗེས་སུ་གོ་མིན་སྲིད་གཞུང་གི་དོན་གཅོད་ཁང་བོད་དུ་བཙུགས་ཐུབ་ཙམ་བྱུང་ཡོད་ཀྱང་དེར་དབང་ཆ་མེད་པ་མ་ཟད་བོད་ལ་ཤུགས་རྐྱེན་གང་ཡང་སྤྲོད་ཐུབ་ཀྱི་མེད། རྒྱ་ནག་ཏུ་ཡོད་པའི་ཨ་རིའི་དམག་དཔོན་གཉིས་ཀྱིས་བོད་དུ་རྟོགས་ཞིབ་ཏུ་བསྐྱོད་རྒྱུར་རྒྱ་གར་སྐོར་ཏེ་བོད་གཞུང་ལ་མཐོང་མཆན་ཞུ་དགོས་བྱུང་ཡོད་པ་དང་། ཅང་ཀི་ཤིས་བོད་བརྒྱུད་དེ་ཀྲུང་གོ་དང་རྒྱ་གར་དབར་ལམ་བུ་ཞིག་བསྐྲུན་རྩིས་བྱས་ཀྱང་བོད་པས་ཁས་ལེན་གཏན་ནས་བྱས་མེད།   འོན་ཀྱང་གུང་ཁྲན་ཏང་གི་ཡིག་མཁན་དེ་ཚོས་གོ་མིན་ཏང་དང་བོད་གཞུང་དབར་གྱི་འབྲེལ་བ་ནི། ཀྲུང་དབྱང་དང་ས་གནས་སྲིད་གཞུང་དབར་གྱི་འབྲེལ་བ་རེད་ཅེས་རྒྱུན་ཆད་མེད་པར་སྐྱག་རྫུན་ཁོ་ན་བཤད་དེ། དོན་དམ་པའི་དཔང་འཕེར་གྱི་ལོ་རྒྱུས་ཡིག་ཆ་གང་ཡང་མིག་སྟོན་བྱ་རྒྱུ་མེད།

བདུན།

ཕྱི་ལོ་ ༡༩༡༣ ལོའི་ལོ་མགོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྤྱི་ཁྱབ་མཁན་པོ་དང་ཕྱི་སོག་དབར་ཆིངས་ཡིག་བཞག་ནས། བོད་དང་སོག་པོ་གཉིས་མན་ཇུའི་དབང་འོག་ནས་ཐར་ཏེ་ཕན་ཚུན་ཕྱོགས་གཉིས་ཀ་རང་བཙན་གྱི་རྒྱལ་ཁབ་ཡིན་པ་གསལ་བསྒྲགས་བྱས།

དེ་རྗེས་ཀྱི་ལས་དབང་ནི་ཧ་ཅང་གི་མི་འདྲ་བ་ཞིག་རེད། སོག་པོར་རང་བཙན་ཐོབ་སྐབས་ཅང་ཀི་ཤི་ཁོང་ཁྲོ་ལངས་མེད་པ་དང་། མའོ་ཙེ་ཏུང་གིས་མི་འདོད་བཞིན་དུ་རྒྱབ་བསྐྱོར་བྱས་ཤིང་། འོན་ཀྱང་དོན་དངོས་ཐོག་རང་བཙན་ཐོབ་ཟིན་པའི་བོད་ལ་ཅང་ཀི་ཤིས་དྲག་པོའི་བཙན་འཛུལ་བྱ་རྒྱུ་ཡིན་ཚུལ་གྱི་འཇིགས་སྐུལ་བྱས་པ་དང་། མའོ་ཙེ་ཏུང་གིས་བོད་མིའི་ངོ་རྒོལ་ལ་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ཏེ་དབང་འོག་ཏུ་བསྡུས་ཡོད།

        ཕྱི་ལོ་ ༡༩༥༠ ལོར་ཀྲུང་གོའི་དམག་དཔུང་བོད་དུ་མ་བསྐྱོད་སྔོན་ཀྲུང་གོར་བཅའ་སྡོད་སོག་པོའི་གཞུང་ཚབ་ཆེན་མོས་མའོ་ཙེ་ཏུང་ལ་མགྲོན་ཤོག་འབུལ་སྐབས། མའོ་ཡིས་ཕྱི་སོག་ཀྲུང་གོའི་དབང་སྒྱུར་འོག་ནས་རང་བཙན་ཐོབ་པར་འཚམས་འདྲི་ཞུས་ཡོད། མའོ་ཡི་སྐད་ཆ་དེས་ཁོ་པའི་གཡོ་ཇུས་ཀྱི་རང་གཤིས་མངོན་ཡོད། འོ་ན་བོད་སྔ་ས་ནས་ཀྲུང་གོའི་དབང་འོག་ནས་ཐར་ཡོད་པ་མ་རེད་དམ། ཕྱི་སོག་ལ་སྟོབས་ཆེན་ཨུ་རུ་སུའི་རྒྱབ་སྐྱོར་ཡོད་པའི་རྐྱེན་གྱིས་སུས་ཀྱང་ཐུབ་ཚོད་གཏོང་ནུས་མེད། འོན་ཀྱང་རྒྱལ་ཁབ་སུ་གཅིག་གི་རྒྱབ་སྐྱོར་མེད་པའི་བོད་དེ་སྟོབས་ཆེན་རྒྱལ་ཁབ་ཚོས་རང་དགར་གསོད་བཅོམ་བྱ་རྒྱུ་ལས་ལྷག་མེད་པ་རེད།

   ལོ་རྒྱུས་ལ་བསྐྱར་ཞིབ་བྱས་ན་བོད་གཞུང་གི་དཔོན་རིགས་ཚོས་ནང་ཁུལ་དུ་རྙོག་གྲ་ཆེན་པོ་འཕྲད་དེ། རིམ་བཞིན་ཕྱི་ཕྱོཌ་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གནས་ཚུལ་ཐག་གཅོད་ཡོང་ཐབས་ཀྱི་འབད་བརྩོན་བྱེད་ཀྱི་ཡོད་པ་དཔེར་ན། སོག་པོ་དང་མན་ཇུ། རྒྱ་རིགས། དབྱིན་ཇི་བཅས་ཀྱིས་རོགས་རམ་ཞུས་ཡོད། ཕྱི་ལོ་ ༡༩༡༠ ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་དང་ཐུག་འཕྲད་གནང་སྐབས་མན་ཇུའི་དམག་དཔུང་བོད་ནས་མཐར་སྐྲོད་གཏོང་རྒྱུར་རོགས་རམ་སྐྱབས་འཇུག་ཞུས་ཡོད། དེ་རྗེས་ཀྱི་ལོ་ཟླའི་ནང་བོད་གཞུང་གིས་དབྱིན་ཇིའི་རོགས་རམ་ལ་བརྟེན་ནས་ཉེན་ཁ་ལས་ཐར་ཐབས་ཐེངས་མང་བྱས་ཡོད།  འོན་ཀྱང་དབྱིན་ཇི་སྲིད་གཞུང་གིས་བོད་ལ་ཡུན་རིང་སྲུང་སྐྱོབ་བྱེད་རྒྱུའི་སྟོབས་ཤུཌ་མེད་པ་རེད། དེ་སྔོན་བོད་སྡོད་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་ལི་ཅེ་ཧྲེང་གིས་བཤད་པར་གཞིཌ་ན། བོད་དེ་ས་རྒྱ་ཆེ་བ་དང་། རི་བོ་མཐོ་ཞིང་གྲང་ངར་ཆེ་བ།   མི་མེད་ལུང་སྟོང་མང་བ།   འགྲིམ་འགྲུལ་གྱི་ཆ་རྐྱེན་སྐྱོ་བ་བཅས་ལ་བརྟེན་དབྱིན་ཇིའི་མིས་རྩ་བ་ནས་འགན་འཁུར་མི་ཐུབ་པ་ཞིག་རེད་ཅེས་བཤད་ཡོད།

བོད་མི་ཚོས་ཀྱང་རང་ཉིད་ལ་རྒྱབ་རྟེན་འཚོལ་རྒྱུའི་འབད་བརྩོན་བྱས་མེད་པ་མ་ཟད། འཆི་གསོན་གྱི་འགག་རྩའི་དུས་སྐབས་སུ་ཡང་རྒྱལ་སྤྱིའི་ནང་བོད་རང་བཙན་གྱི་གནས་བབས་ངོས་ལེན་ཐོབ་རྒྱུར་འབད་བརྩོན་གང་ཡང་བྱས་མེད་པ་རེད། པེ་དབྱང་དམག་ཤེད་ཅན་གྱི་སྲིད་གཞུང་དང་། གོ་མིན་ཏང་དང་གུང་ཁྲན་ཏང་བཅས་ཀྱིས་བོད་དེ་ཀྲུང་གོའི་ཁ་བྲལ་དུ་མེད་པའི་ཆ་ཤས་ཤིག་རེད་ཅེས་ཡང་ནས་ཡང་དུ་ཤོད་ཀྱི་ཡོད་ཀྱང་། སྐབས་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་མིས་ངོ་རྒོལ་བྱས་པ་རྩ་བ་ནས་ཐོས་མྱོང་མེད།   རང་ཉིད་ལ་ཕྱི་བཀག་ནང་སྡོམ་བྱས་ཏེ་མི་ཚེ་སྐྱེལ་བའི་འབྲས་བུར་ཀྲུང་གོས་བོད་དུ་བཙན་འཛུལ་བྱེད་སྐབས་བོད་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུ་གཏུགས་བྱས་པས་རྒྱལ་ཁབ་མང་ཆེ་བས་བོད་ལ་རྒྱུས་མངའ་མེད་པ་དང་།   ཡང་ན་ཤ་ཚ་བྱེད་མཁན་མེད་པ་རེད། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པས་རྒྱ་གར་གྱི་སྲིད་འཛིན་ནའེ་རུ་ལ་རོགས་རམ་སྐྱབས་འཇུག་ཞུ་སྐབས་ནའེ་རུས་བོད་ལ་རོགས་རམ་བྱ་རྒྱུའི་ནུས་པ་ང་ལ་མེད། དེའི་རྒྱུ་མཚན་ནི་འཛམ་གླིང་སྟེང་བོད་རང་བཙན་ཡིན་པ་ངོས་ལེན་བྱེད་མཁན་བྱུང་མི་འདུག་ཅེས་བཤད་ཡོད། 

རྒྱལ་ཁབ་ཆེ་བས་ཆུང་བ་ཟ་བའི་རྒྱལ་སྤྱིའི་ཁོར་ཡུག་གི་ཁྲོད་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་གྱི་ལུགས་ཀྱི་ཞན་ཆ་དེས་སྲོག་རྩར་ཐུག་ཡོད་པ་རེད།   དེའང་སྲིད་འཛིན་གྱི་དོ་དམ་དེ་ཆོས་ལུགས་ཀྱི་དགོས་མཁོ་ལ་བསྟུན་དགོས་པའི་རྐྱེན་གྱིས་ཆབ་སྲིད་ཀྱི་ཐད་རྙིང་ཞེན་བག་འཁུམ་གྱི་ལྟ་བ་མཁྲེགས་འཛིན་བྱེད་རྒྱུ་ནི་ལྡོག་ཏུ་མེད་པ་ཞིག་རེད།   ནང་ཁུལ་དུ་ལམ་ལུགས་རྙིང་པར་བསྒྱུར་བཅོས་བྱེད་མཁན་གྱི་གསར་རྗེའི་མྱུ་གུ་རྩ་མེད་དུ་བཟོས་པ་དང་།    ཕྱི་ཕྱོགས་ལ་སྒོ་མོ་བརྒྱབ་པ།   གོ་སྐབས་བཟང་པོ་དམ་འཛིན་མ་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་དང་ཁ་བྲལ་ཏེ་ཁེར་རྐྱང་དུ་བསྡད་ནས་ཉི་མ་གང་འཁྱོལ་བྱས་པའི་འབྲས་བུར་ཆག་སྒོ་ཆེན་པོ་དེ་མགོ་ཐོག་ལ་བབ་པ་ཞིག་རེད། ལྷག་དོན་དུ་ང་རང་ཡ་མཚན་ཞིང་ཡིད་སྐྱོ་དགོས་པ་ཞིག་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟེང་། ཀྲུང་གོས་བོད་ལ་བཙན་འཛུལ་བྱས་པའི་གནད་དོན་ལ་གྲོས་བསྡུར་བྱ་རྒྱུར་ངོ་རྒོལ་བྱེད་མཁན་གྱི་རྒྱལ་ཁབ་ཐོག་མ་དེ་བོད་པར་རྒྱབ་སྐྱོར་བྱེད་མཁན་དབྱིན་ཇི་དང་རྒྱ་གར་རེད།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་སྒྲིག་ཁྲིམས་འགན་འཛིན་ཟུར་པར་ལོ་ ༡༠ ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་བསྟུད་མར་བྱུང་།

ཆུ་ཚོད་ ༥ སྔོན་ལ།
Mobile App

དབྱིན་ཡུལ་གྲོས་ཚོགས་འོག་མས་རྒྱ་ནག་ཉིན་རེའི་ཚགས་པར་འགྲེམས་སྤེལ་བཀག་འགོག་གནང་།

ཆུ་ཚོད་ ༥ སྔོན་ལ།
དྲ་ལམ་གྱི་པར།
Mobile App

ཁུང་ཙིའི་སློབ་གླིང་ཁག་སྒོ་རྒྱག་རྒྱུ་ཡིན་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༥ སྔོན་ལ།
Former Pakistan prime minister Imran Khan, gestures as he speaks with Reuters during an interview, in Lahore, Pakistan March 17, 2023. REUTERS/Akhtar Soomro
Mobile App

པཱ་ཀི་སི་ཐན་གྱི་གྲོས་ཚོགས་འཐུས་མི་ཟུར་བ་ ༡༠༨ ལ་ལོ་བཅུ་རེའི་ཁྲིམས་ཐག་བཅད།

༢༠༢༥/༠༨/༠༡
ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག
Mobile App

ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་མི་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག

༢༠༢༥/༠༨/༠༡
Mobile App

ལོ་ངོ་ ༡༢༧ རྗེས་ནས་སངས་རྒྱས་ཀྱི་རིག་དངོས་ཕྱིར་སློག་བྱས།

༢༠༢༥/༠༧/༣༡

མཆན། 7

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    སྤུར་རྒྱལ་བཙན་པོ་ཁོང་ཁྲོ་ཆེན་པོ་ལངས་ཏེ་ཐད་ཀར་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་བར་བཙན་འཛུལ་བྱས་པས་ཐང་རྒྱལ་པོས་རང་ཉིད་ཀྱི་རྒྱལ་ས་བཞག་ཏེ་ཡུལ་གཞན་ལ་བྲོས་བྱོལ་དུ་ཕྱིན་པ་རེད་ཅེས་པའི་ཚིག་བོད་པས་ཡང་ཡང་ཀློག་འདོད་པ་ཅིག་མི་འདུག་གམ། ཧ་ཧ། རྒྱ་བོད་དམག་འཁྲུགས་ལ་ལན་ཅིག་ལྟོས་དང་། སེམས་ཤུགས་འཕར་དགོས་པ་ཅིག་མི་འདུག་གམ། ཧོ་ཧོ།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    ཉམས་ཞིབ་པ་ལི་ཅིང་ལིང་དང་ཀྲང་ཕེའོ་ཡི་རྣམ་གཉིས་ཀྱིས་ཇི་བཞིན་གཟིགས་ཤིང་སྲོང་བོར་སྨྲས་པ་འདིར་བཀའ་དྲིན་ཆེ་ཞུ། རྒྱ་ཡིག་གི་མ་ཡིག་རྒྱ་ཆེར་འགྲེམས་སྤེལ་གནང་རྒྱུ་གལ་ཆེའོ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་། ནང་ཁུལ་དུ་ལམ་ལུགས་རྙིང་པར་སྒྱུར་བཅོས་བྱེད་མཁན་གྱི་གསར་རྗེའི་མྱུ་གུ་རྩ་མེད་དུ་བཟོས་པ་དང་། ཕྱི་ཕྱོགས་ལ་སྒོ་མོ་བརྒྱབ་པ། གོ་སྐབས་བཟང་པོ་དམ་འཛིན་མ་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་དང་ཁ་བྲལ་ཏེ་ཁེར་རྐྱང་དུ་བསྡད་ནས་ཉི་མ་གང་འཁྱོལ་བྱས་པའི་འབྲས་བུར་ཆག་སྒོ་ཆེན་པོ་དེ་མགོ་ཐོག་ལ་བབ་པ་ཞིག་རེད། །་་་་་ཟེར།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    འོན་ཀྱང་གུང་ཁྲན་ཏང་གི་ཡིག་མཁན་དེ་ཚོས་གོ་མིན་ཏང་དང་བོད་གཞུང་དབར་གྱི་འབྲེལ་བ་ནི། ཀྲུང་དབྱང་དང་ས་གནས་སྲིད་གཞུང་དབར་གྱི་འབྲེལ་བ་རེད་ཅེས་རྒྱུན་ཆད་མེད་པར་སྐྱག་རྫུན་ཁོ་ན་བཤད་དེ། དོན་དམ་པའི་དཔང་འཕེར་གྱི་ལོ་རྒྱུས་ཡིག་ཆ་གང་ཡང་མིག་སྟོན་བྱ་རྒྱུ་མེད། ཟེར།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་གལ་སྲིད་རྒྱ་ནག་ཏུ་ལྕགས་ཕག་ལོའི་གསར་རྗེའི་ལངས་མེད་ན་མན་ཇུ་སྲིད་གཞུང་གིས་བོད་དེ་ཤར་ཏུ་ཀི་སི་ཐན་ལྟ་བུ་རྒྱ་ནག་གི་ཞིང་ཆེན་ཞིག་ཏུ་བསྒྱུར་ཐུབ་པའི་རེ་བ་ཡོད། ཕྱི་ལོ་ ༡༩༡༢ ལོར་མན་ཇུ་སྲིད་གཞུང་རྩ་མེད་དུ་སོང་བ་དེས་བོད་མི་ཚོར་ཡོངས་སུ་རང་བཙན་གཙང་མའི་ལམ་བུ་ཞིག་ཏུ་འགྲོ་རྒྱུར་ཆ་རྐྱེན་བསྐྲུན་ཡོད་པ་རེད། ་་་ཟེར།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    བཙན་པོ་ཁྲོས་པའི་གཏམ་རྒྱུད་འདི་རུ་འདུག །
    རྒྱ་ནག་རྒྱལ་པོ་འཁུམས་ལུགས་འདི་རུ་འདུག །

    བོད་དམག་ངར་བའི་ལོ་རྒྱུས་འདིར་ནང་མཆིས། །
    རྒྱལ་རྗེ་སྡར་མ་བྲོས་ལུས་ལུས་འདིར་ནང་མཆིས། །

    ཧ་ཧ་བོད་རྗེ་རྒྱ་རྗེའི་ལོ་རྒྱུས་ཁྱད་མཚར་འགའ། །
    སྐལ་ཚེས་བསྒྱུར་བ་དུས་བབ་ནང་འཁོད་ཀློགས། །

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ལོ་ངོ་ཆིག་སྟོང་ལྔ་བརྒྱའི་སྔོན་ལ་བོད་མི་ཚོས་སྟོབས་ཆེན་གྱི་སྤུར་རྒྱལ་བཙན་པོའི་རྒྱལ་རབས་བཙུགས་པ་རེད། སྐབས་དེར་བོད་རྒྱལ་སྲོང་བཙན་སྒམ་པོས་ཐང་རྒྱལ་རབས་ཀྱི་ས་ཆར་བཙན་འཛུལ་བྱས་རྐྱེན་ཐང་ཐེ་ཙུང་གིས་རྒྱ་བཟའ་ཀོང་ཇོ་མནའ་མར་ཕུལ་ཏེ་ཞི་འགྲིགས་ཡོང་ཐབས་བྱས། ཐང་ཤོའོ་ཙུང་གི་དུས་སུ་སྤུར་རྒྱལ་བཙན་པོས་ཐང་རྒྱལ་རབས་ཀྱི་ས་ཆར་བཙན་འཛུལ་ཤུགས་ཆེ་བྱས་ཤིང་ཐང་ཤའོ་ཙུང་གིས་ལོ་ལྟར་བོད་ལ་དར་གོས་ཁྲི་ལྔ་ཕུལ་ཏེ་དམག་མཚམས་འཇོག་རྒྱུའི་རེ་བསྐུལ་ཞུས། ལོ་ངོ་བདུན་སོང་བའི་རྗེས་ཐང་ཏེའི་ཙུང་གིས་དར་གོས་ཀྱི་ཁྲལ་མ་སྤྲད་པར་བརྟེན་སྤུར་རྒྱལ་བཙན་པོ་ཁོང་ཁྲོ་ཆེན་པོ་ལངས་ཏེ་ཐད་ཀར་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་བར་བཙན་འཛུལ་བྱས་པས་ཐང་རྒྱལ་པོས་རང་ཉིད་ཀྱི་རྒྱལ་ས་བཞག་ཏེ་ཡུལ་གཞན་ལ་བྲོས་བྱོལ་དུ་ཕྱིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese