མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷའི་མངོན་རྟོཊ་ཚང་བའི་སྲོལ་རྒྱུན་ལྷ་བྲིས་ཚད་ལྡན་དཀོན་པོ་འདུག

བོད་ཀྱི་དུས་བབ།
༢༠༡༢/༡༠/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་བཞུགས་སྒར་དྷ་སར་སྒེར་གཉེར་གྱི་བོད་པའི་སྲོལ་རྒྱུན་ལྷ་བྲིས་ཆེད་སྦྱོང་དང་། ལྷ་བྲིས་ཐང་ག་མངགས་བླུ་བྱ་སའི་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་ཞེས་པ་ཞིག་གསར་འཛུགས་དབུ་འབྱེད་གནང་ཡོད་པ་ལྟར། ལྷ་བྲིས་སྒྱུ་རྩལ་གླིང་དེའི་འགན་འཛིན་ལྷ་བྲིས་པ་སྐལ་བཟང་དམ་ཆོས་ལགས་སུ། བོད་པའི་སྲོལ་རྒྱུན་ལྷ་བྲིས་སྒྱུ་རྩལ་རྒྱུན་འཛིན་དར་སྤེལ་བྱེད་ཕྱོགས་ཀྱི་སྐོར་ནས་བཅར་འདྲི་ཞུས་ཡོད།

        དྲི་བ། ཐོག་མར་ཁྱེད་རང་ཉིད་ཀྱི་འཚར་ལོངས་བརྒྱུད་རིམ་དང་འབྲེལ་ཏེ།  བོད་ཀྱི་སྲོལ་རྒྱུན་ལྷ་བྲིས་སྒྱུ་རྩལ་གྱི་ལམ་བུ་འདིར་ཁྱེད་རིང་ཅི་ལྟར་ཞུགས་པའི་སྐོར་ནས་ངོ་སྤྲོད་ཅིག་གནང་རོགས།

        ལན། ང་རང་གི་སྐྱེས་ཡུལ་ནི་མདོ་སྨད་བསང་ཆུའི་ལྷོ་རྒྱུད་ཀྱི་སྒྱིས་ཚང་ཡིན་ལ། སྒྱིས་ཚང་ལ་ནགས་རི་དང་སྤང་རི་གཉིས་ཡོད་པའི་ནང་ནས་སྤང་རི་རེད། ༡༩༨༨ ལོར་རྒྱ་གར་ལ་ཡོང་སྟེ་སྒོ་མང་གྲྭ་ཚང་དུ་ལོ་གསུམ་རིང་ནང་ཆོས་སྦྱངས་པ་ཡིན། དེ་ནས་བོད་ཁྱིམ་གྱི་ལྷ་བྲིས་སྡེ་ཚན་ནང་ཟུར་ཞུགས་བྱས་ཏེ་ལོ་ ༦ རིང་ལྷ་བྲིས་སྦྱངས་པ་དང་། རྗེས་སུ་བོད་ཀྱི་དཔེ་མཛོད་ཁང་ནས་ལྷ་བྲིས་ལོ་ ༤ ལ་སྦྱང་སྟེ། ཁྱོན་བསྡོམས་ལོ་ ༡༠ རིང་ལྷ་བྲིས་ཆེད་སྦྱོང་བྱས་པ་ཡིན། ༢༠༠༡ ནས་བཟུང་སོ་སོའི་ལྷ་འབྲི་བའི་རང་མགོ་ཐོན་སོང་། དཔེ་མཛོད་ཀྱི་དགེ་རྒན་སངས་རྒྱས་ཡེ་ཤེས་ལགས་ཀྱིས་ཁོ་རང་སྒེར་གྱི་ངོས་ནས། ང་ཚོར་ལྷ་བྲིས་ཚད་ལྡན་ཡིན་པའི་ལག་འཁྱེར་ཅིག་ཀྱང་སྤྲད་ཡོད། དེ་ནས་སོ་སོ་སྒེར་གྱིས་ལྷ་འབྲི་མགོ་བརྩམས་ཏེ་ད་ལྟ་བར་དུ་ལྷ་བརྒྱ་ཕྲག་ཁ་ཤས་བྲིས་ཡོད། འཇར་མན་དང་ཧྥ་རན་སི། སི་ཕན་སོགས་རྒྱལ་ཁབ་ཕྱི་ནང་དུའང་ལྷ་འབྲི་རུ་ཕྱིན་པ་ཡིན། དེ་བཞིན། ༸གོང་ས་མཆོག་གི་ཕོ་བྲང་ནང་ལྷ་བརྩེགས་ལྷེ་ ༢༠༠ ཙམ་བཞེངས་ཡིན། དགོན་པ་དང་མི་སྒེར་སོགས་ལ་ཐང་ག་མང་པོ་བྲིས་མྱོང་ཡོད། ༢༠༡༠ ལོར་ང་རང་གིས་འགན་ཁུར་བའི་ཐོག་ནས་ལྷ་བྲིས་ ༢༠ ཙམ་གྱིས་ལོ་གཉིས་ཀྱི་རིང་། དོན་རྒྱུད་དགའ་ཚལ་གླིང་བཙུན་དགོན་གྱི་ལྡེབས་རིས་ཡོངས་རྫོཊ་བཞེངས་པ་ཡིན།  ད་ལྟའི་ཆར་དྷ་རམ་ས་ལར་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་འདི་བཙུགས་ཏེ་ལྷ་བྲིས་དགེ་ཕྲུག་རེ་ཟུང་སྐྱེད་སྲིང་གི་ཞོར་དུ་མུ་མཐུད་ལྷ་བཞེངས་ནས་བསྡད་ཡོད། 

        དྲི་བ། བོད་པའི་སྲོལ་རྒྱུན་ལྷ་བྲིས་ལ་བྲིས་རྒྱུན་འདྲ་མིན་སྣ་ཚོགས་ཤིག་ཡོད་འདུག  ཁྱེད་རང་གི་བྲིས་རྒྱུན་གྱི་ཁུངས་གཙོ་བོ་གང་ཡིན་ནམ།

        ལན། བོད་ཀྱི་ལྷ་བྲིས་རི་མོ་བྲིས་རྒྱུན་བྱུང་སྟངས་ཀྱི་ཐད་ནས། གཡུང་དྲུང་བོན་གྱི་བཤད་སྟངས་ལྟར་ན་ལོ་ ༣༩༠༠ ཡར་སྔོན་ནས། བོན་སྟོན་གཤེན་རབས་མི་བོ་ཆེ་ཡིས་བོན་ལུགས་ལྷ་བྲིས་སྒྱུ་རྩལ་དར་སྤེལ་མཛད་ཡོད་པར་བརྗོད། གཉའ་ཁྲི་བཙན་པོ་བོད་ཀྱི་རྒྱལ་བོ་ཐོག་མ་རུ་བརྩི་སྟངས་ཀྱི་ལུགས་ལྟར་ན།  ཆོས་རྒྱལ་སྲོང་བཙན་སྒམ་པའི་སྐབས་སུ་ཕོ་བྲང་དམར་པོ་གཙོ་བྱས་པའི་མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་མང་པོ་བཞེངས་ཡོད་པ་ལྟར། ལྷ་ཁང་མང་པོ་བཞེངས་པ་ལ་ངེས་པར་དུ་ལྷ་བྲིས་དགོས་སྟབས། བལ་ཡུལ་དང་རྒྱ་ནག་སོགས་ཀྱི་ལྷ་བྲིས་གདན་དྲངས་ཏེ་མཉམ་རུབ་ཐོག་ལྷ་བྲིས་པའི་སྐོར་གྱི་བཤད་རྒྱུན་འདུག  རྒྱལ་བོ་ཁྲི་སྲོང་ལྡེ་བཙུན་གྱི་སྐབས་སུ་བོད་ཀྱི་ལྷ་བྲིས་སྒྱུ་རྩལ་གྱི་གཞི་དངོས་སུ་ཚུགས་ཡོད་འདུག དེའང་མཁན་སློབ་ཆོས་གསུམ་གདན་འཛོམས་ཐོག་བསམ་ཡས་མི་འགྱུར་གཙུག་ལག་ཁང་བཞེངས་གྲུབ་རྗེས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙུན་གྱིས་མཁན་ཆེན་བྷོ་དྷི་སྭ་ཏོ་ལ་ཐུགས་མོལ་གནང་པ་ལྟར། ཀུ་སྟག་ཚས་དང་རྨ་ས་ཀོང་། ལྕག་རོ་བཟའ་ལྷ་བུ། ལྕག་རོ་བཟའ་ནུ་ཆུང་སོགས་བོད་མི་རང་གི་ཉམས་འགྱུར་གཞིར་བཟུང་བའི་ཐོག་ནས།  ལྷ་བྲིས་ཀྱི་ཐིག་རྩ་ནི་ཤཱ་རུའི་བུས་ཞུས་པའི་མདོ་དང་དེའི་རྒྱ་འགྲེལ་ལ་སོགས་པར་ཁུངས་གཏུགས་ཏེ། ལྷ་བྲིས་སྒྱུ་རྩལ་བ་རྒྱལ་ཚབ་བུ་ཅན་ལགས་ཀྱིས་བོད་དུ་ཞི་ཁྲོ་གཉིས་ལྡན་གྱི་ལྷ་བྲིས་རི་མོའི་སྲོལ་ཐོག་མར་སྤེལ་འདུག བྲིས་རྒྱུན་དེ་ལ་བལ་རིས་ཞེས་བརྗོད་ཀྱིན་འདུག  དུས་རབས་བཅུ་གསུམ་པའི་ནང་བོད་ཀྱི་རི་མོ་མཁས་ཅན་བྱིའུ་སྒང་པས་རང་ལུགས་ཀྱི་བྲིས་རྒྱུན་བྱིའུ་སྒང་ལུགས་གསར་གཏོད་མཛད། དུས་རབས་བཅུ་བཞི་པའི་ནང་བྱིའུ་སྒང་ལུགས་ཀྱི་བྲིས་རྒྱུན་འཛིན་པ་རྡོ་བ་བཀྲ་ཤིས་རྒྱལ་བོ་ལགས་སུ། རང་ཉིད་ལས་ཀྱང་མཁས་པའི་ལྷ་བྲིས་དགེ་ཕྲུག་སྨན་གླིང་དོན་གྲུབ་རྒྱ་མཚོ་དང་མཁྱེན་རྩེ་ཆེན་མོ་གཉིམ་བྱུང་སྟེ། ཁོང་གཉིས་ཀྱིས་སོ་སོས་གསར་གཏོད་ཀྱི་རྣམ་པ་ལ་བརྟེན་ནས་སྨན་གླིང་ལུགས་དང་མཁྱེན་རྩེ་ལུགས་གཉིས་གསར་དུ་བཏོད་འདུག དུས་རབས་བཅུ་དྲུག་པའི་ནང་སྨན་བྲིས་ལུགས་ལ་མཁས་པའི་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་བྱུང་འདུག ཁོང་གིས་ཟུར་དུ་ཀརྨ་མ་སྒར་བྲིས་ཀྱི་ལུགས་གསར་གཏོད་མཛད་འདུག དེ་ལྟར་བོད་དུ་བྱིའུ་སྒང་ལུགས་དང་། སྨན་བྲིས། མཁྱེན་བྲིས། ཀརྨ་སྒར་བྲིས་བཅས་ལྷ་བྲིས་རྒྱུད་པ་བཞི་བྱུང་ཡོད་པ་རེད། དེ་རྗེས་དུས་རབས་བཅུ་བདུན་པའི་ནང་ཁམས་བྲག་མགོ་རུ་སྨན་བྲིས་ཀྱི་ལུགས་འཛིན་པ་སྤྲུལ་བའི་ལྷ་བཟོ་ནམ་མཁའ་རྒྱན་ཞེས་སྙན་གྲགས་ཅན་ཞིག་བྱུང་འདུག ཁོང་གིས་མཐོང་སྒྲིབ་ཀྱི་རིག་པ་སྤྱད་དེ་སྨན་བྲིས་ལ་སྔར་མེད་ཀྱི་གསོན་ཉམས་ཕུན་སུམ་ཚོགས་པ་སྣན་ཡོད་པ་རེད། ཁོང་ནས་བརྒྱུད་པའི་མི་རབས་དྲུག་གི་རྗེས་སུ། བྲིས་རྒྱུན་དེ་འཛིན་མཁན་ལྷ་བྲིས་དགེ་རྒན་སངས་རྒྱས་ཡེ་ཤེས་ལགས་བྱོན་འདུག ཁོང་གི་མདུན་ནས་ང་རང་ལ་ལྷ་བྲིས་ཐིག་རྩ་དང་བཅས་པའི་བྲིས་རྒྱུན་གང་འཚམ་ཡག་པོ་ཞིག་ཐོབ་ཡོད། དེ་ལྟར་ང་རང་གི་བྲིས་རྒྱུན་སྨན་བྲིས་ཡིན། 

        དྲི་བ། སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་གསར་འཛུགས་ཀྱི་ཐོག་མའི་བསམ་བློ་ཅི་ལྟར་འཁོར་སོང་། 

        ལན། སྤྱིར་བཏང་སྤྱི་ཚོགས་ནང་ལྷ་འབྲི་མཁན་ཧ་ཅང་མང་པོ་འདུག ང་གཅིག་པུ་ཙམ་མ་རེད། ཡིན་ནའང་། ཚོགས་པ་ཞིག་འཛུགས་དགོས་དོན་ནི་ལྷ་བྲིས་རང་མགོ་མི་ཐོན་མཁན་ཚོར་ལས་ཀ་ཞིག་སྤྲོད་ཐུབ་ཆེད་ཡིན། སྤྱི་ཚོགས་ནང་ལྷ་བྲིས་ལ་དགའ་མོས་གནང་མཁན་མང་པོ་ཡོད་ཀྱང་།  ཁོང་ཚོར་ཉམས་མྱོང་གསོག་ས་ཞིག་རག་གི་མེད་པར་ལྷག་བསྡད་ཡོད་པ་རེད། དེ་ལྟར་ཕྱོགས་མང་པོ་ཞིག་ལ་བལྟས་ནས་ཚོགས་པ་འདི་བཙུགས་པ་ཡིན། མ་འོངས་པར་ང་ཚོའི་ཚོགས་པའི་ངོས་ནས་བོད་པའི་སྲོལ་རྒྱུན་ལྷ་བྲིས་ཆེད་ལས་པའི་ལག་འཁྱེར་ཅིག་སྤྲོད་ཐུབ་རྒྱུར་འཆར་གཞི་གཏོང་གི་ཡོད། སོ་སོའི་ངོས་ནས་ལྷ་བྲིས་སྒྱུ་རྩལ་གཉེར་ནས་ལོ་ ༢༠ ལྷག་ཕྱིན་ཡོད། ད་ལྟའི་ཆར་ཚོགས་པའི་ནང་མི་ ༢༢ ཡོད། ཁ་ཤས་ལྷ་བྲིས་ཏེ་ལོ་ ༢༠ ཙམ་ཕྱིན་མཁན་འདུག ཉུང་མཐར་ཡང་ལྷ་བྲིས་ཏེ་ལོ་ ༣ འཁོར་མེད་མཁན་གཅིག་ཀྱང་མི་འདུག  ཁོ་ཚོ་ཡིན་ནའང་འདི་ནས་ཉམས་མྱོང་ཡག་པོ་ཞིག་བསགས་རྗེས། བོད་ནང་ལ་ལོགས་པ་དང་ས་གནས་གཞན་གང་དུ་ཕྱིན་ཡང་། ལྷ་བྲིས་ལག་ཤེས་ཀྱི་ཐོག་ནས་སོ་སོའི་མི་ཚེ་འདུན་ལམ་མཐའ་འཁྱོངས་ཤིག་བྱུང་ན་ཡག་པོ་རེད། ཕྱོགས་གཞན་ཞིག་ནས་དེང་སྐབས་གཟབ་གཟབ་ཅིག་མ་བྱས་ན་བོད་པའི་ལྷ་བྲིས་ཉམས་ཆག་འགྲོ་རྒྱུའི་ཉེན་ཁ་འདུག  དེར་བརྟེན། མ་འོངས་པར་བོད་ཀྱི་སྲོལ་རྒྱུན་ལྷ་བྲིས་ལ་གཞི་འཛིན་ས་མེད་པ་ཞིག་ཏུ་མི་འགྱུར་བ་བཅས་ལ་དམིགས་ཏེ།  བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་འདི་གསར་འཛུགས་བྱས་པ་ཡིན།

        དྲི་བ།  དེང་སྐབས་ཕྱི་ནང་མི་རིགས་འདྲ་མིན་ནང་བྲིས་རྒྱུན་མེད་པའི་ལྷ་བྲིས་པ་མང་པོ་ཡོང་གི་འདུག དེ་ཡིས་བོད་ཀྱི་སྲོལ་རྒྱུན་ལྷ་བྲིས་རྒྱུན་འཛིན་དར་སྤེལ་ཐད་ཤུགས་རྐྱེན་ཅི་ཞིག་བསླེབ་སྲིད་རྒྱུ་རེད་དམ།

        ལན། དེང་སྐབས་ལག་པ་བདེ་བོ་ཡོད་ཙམ་གྱིས་ལྷ་གང་འདོད་བཞེངས་ཀྱིན་འདུག  ཕྱི་རྒྱལ་བ་ཚོས་ཀྱང་བོད་པའི་ལྷ་བྲིས་ཀྱི་བཟོ་ལྟ་དང་མཚུངས་བའི་རི་མོའི་དེབ་སྣ་ཚོགས་ཤིག་བཏོན་ཡོང་གི་འདུག  ཞིབ་ཏུ་ལྟ་དུས་བོད་པའི་ལྷ་བྲིས་ཀྱི་མངོན་རྟོཊ་ཚང་བའི་བྲིས་རྒྱུན་དང་། གསལ་རིས། བཅད་སྦོམ་ཕྲ་སོགས་གང་ཐད་ནས་ཁ་ཚང་མཁན་གཅིག་ཀྱང་མི་འདུག  ང་ཚོ་བོད་པའི་ལྷ་བྲིས་སྲོལ་རྒྱུན་རི་མོ་འདི་ནི། སངས་རྒྱས་ཀྱི་ཆོས་མདོ་སྔགས་གཉིས་ཆར་ཆུ་ལ་ཆུ་བཞག་གི་འབྲེལ་བ་ཡོད་སྟབས། གང་འདོད་དུ་བྲིས་ཆོག་ཆོག་ཅིག་མིན་པར་ལྷའི་མངོན་རྟོགས་དང་མཐུན་པའི་སྒོ་ནས་འབྲི་དགོས་པ་རེད།  དང་པོ་ལྷ་བྱུང་དུས་ནས་སངས་རྒྱས་ཀྱི་ཆོས་ལ་ཁུངས་གཏུགས་ནས་བྲིས་ཡོད་པ་རེད། སྐྱེས་བུ་དམ་པ་མང་པོ་ཞིག་ལ་ལྷའི་ཞལ་གཟིགས་པ་དང་། ཁ་ཤས་ལ་དག་སྣང་བསླེབས་ཏེ་གཞུང་ལུགས་བརྩམས་རྗེས་དེ་དག་མར་རི་མོར་ཕབ་བཞག་པ་ཞིག་རེད། ད་ལྟའི་ཆར་ལྷ་བྲིས་ཐང་ག་རྣམས་ཚོང་ལས་ཁྲོམ་རའི་ངོ་བོར་གྱུར་ཏེ།  དངུལ་མང་པོ་གསོག་ཐབས་ཁོ་ནར་བསམ་བློ་བཏང་སྟེ་མི་སོ་སོའི་སྣང་བར་གང་མཛེས་དང་། ཐང་ག་མང་པོ་འབྲི་ཐུབ་རྒྱུར་དམིགས་ཏེ་མགྱོགས་ལས་ཤུགས་ཆེ་རུ་གྱུར་ནས།  ཐང་གའི་བྱིན་རླབས་ཀྱི་རིན་ཐང་དང་། སྒྱུ་རྩལ་གྱི་རིན་ཐང་གི་ཕྱོགས་ནས་ཉམ་ཉེས་ཤུགས་ཆེན་པོ་འགྲོ་བཞིན་འདུག  འདི་ནི་བོད་ཀྱི་སྲོལ་རྒྱུན་ལྷ་བྲིས་སྒྱུ་རྩལ་ཉམས་ཆག་ཏུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཞིག་རེད།

        དྲི་བ། ད་ལྟའི་ཆར་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་གི་ངོས་ནས་ལས་ཀ་གཙོ་བོ་གང་དག་གཉེར་བཞིན་ཡོད། 

        ལན། ད་ལྟའི་བར་གཙོ་བོ་མི་གཞན་གྱིས་ཚུར་མངགས་པའི་ཐང་གའི་རིགས་བཟོ་བཞིན་ཡོད། སྤྱིར་རི་མོ་འབྲི་མཁན་གྱི་ཕྱོགས་ནས་ང་ཚོའི་ནང་སྲོལ་རྒྱུན་དང་དེང་རབས་རི་མོ་ཚང་མ་འབྲི་མཁན་ཡོད། མ་འོངས་པར་སྤྱི་ཚོཊ་ནང་རི་མོའི་རིཊ་ག་རེ་འབྲི་དགོས་པ་ཡིན་ནའང་། ང་ཚོས་ངོས་ནས་དེའི་དགོས་མཁོ་སྐོང་ཐུབ་རྒྱུའི་འཆར་གཞི་གཏོང་གི་ཡོད། ཡིན་ནའང་། ད་ལྟའི་ཆར་འབྲི་བཞིན་པ་གཙོ་བོ་ནི་ཐང་ག་ཡིན། དེ་བཞིན། ཕྱི་དྲོ་ཆུ་ཚོད་ ༢ རིང་ང་རང་གིས་ལྷ་བྲིས་པ་རྣམས་ལ་རི་མོའི་ཐིག་རྩའི་སྐོར་བསྐྱར་སྦྱོང་བྱེད་ཀྱིན་ཡོད། ད་ལྟའི་ཆར་ལྷ་བྲིས་ཆེད་ལས་བ་བྱ་རྒྱུའི་ཕུགས་འདུན་ཡོད་མཁན་མི་ ༧ འདུག སྤྱིར་བཏང་སྤྱི་ཚོགས་ནང་ལྷ་བྲིས་བ་ཁ་ཤས་ནི་མི་ཚེ་གཅིག་ལ་ཚེ་ལྷ་རྣམ་གསུམ་དང་སྒྲོལ་དཀར། སྤྱན་རས་གཟིགས་སོགས་ལྷ་རེ་ཟུང་ཙམ་བྲིས་སྡོད་མཁན་ཡོད་པ་རེད། ང་ཚོའི་ལྷ་བྲིས་ཁྱབ་ཁོངས་ཀྱི་ཐོག་ནས་བླ་མ་དང་ཡིད་དམ། སངས་རྒྱས། བྱང་སེམས། དཔའ་བོ། མཁའ་འགྲོ། ཆོས་སྐྱོང་སོགས་ཞི་ཁྲོ་གཉིས་ཀྱི་ལྷའི་རིགས་དང་། ཐང་གའི་ནང་ནས་ནག་ཐང་དང་གསར་ཐང་། དམར་ཐང་སོགས་རིགས་འདྲ་མིན་འབྲི་བཞིན་ཡོད། ལྷ་བྲིས་སློབ་མ་རྣམས་ཀྱིས་འདིར་ལྷ་འབྲི་སྦྱོང་གནང་སྟེ་མཐར་ཕྱིན་པའི་རྗེས། སོ་སོ་རང་ངོས་ནས་ལྷ་ཆ་ཚང་ལ་ལག་པ་འཆང་ཐུབ་པ་ཞིག་ཡོང་རྒྱུ་དམིགས་ཡུལ་དུ་བཟུང་ཡོད།  ད་ལྟའི་ཆར་ལས་གཞི་ངོ་བོ་གཙོ་བོ་དེ་འདྲ་ཞིག་གི་ཐོག་ལ་འགྲོ་བསྡད་ཡོད། མ་འོངས་པར་གཏེར་བུམ་དང་བོད་བཟོས་མདུན་ཅོག་སོགས་ཅ་དངོས་འདྲ་མིན་ཐོག་བོད་ལུགས་རི་མོ་འབྲི་བ་སོགས། བོད་པའི་སྲོལ་རྒྱུན་རི་མོའི་ཐོག་ནས་ལས་ཀ་ཅི་ཞིག་ལས་དགོས་ཀྱང་ལག་པ་འཆང་རྒྱུའི་འཆར་གཞི་ཡོད།

        དྲི་བ། བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན་དཔལ་འབྱོར་འཚོལ་སྒྲུབ་གྱི་ཐད་ནས།  བོད་རང་གི་སྲོལ་རྒྱུན་ལག་ཤེས་རིག་གནས་འདི་གལ་ཆེ་ལོས་ག་འདྲ་ཞིག་མཐོང་གི་འདུག་གམ།

        ལན།  སྤྱིར་ང་ཚོ་མི་རིགས་ཤིག་ཡིན་པའི་ངོས་ནས།  མི་རིགས་རང་གི་ལག་ཤེས་རིགས་གཞུང་ཆ་ཚང་ལ་བདག་པོ་བརྒྱབ་སྟེ། སྤྱི་ཚོགས་ནང་གཞོན་སྐྱེས་ཚོར་ལས་ཀ་མེད་པའི་དཀའ་ངལ་སེལ་དགོས་པ་རེད། བལ་ཡུལ་རྒྱལ་ཡོངས་ཀྱི་ཡོང་འབབ་ཀྱི་བརྒྱ་ཆ་ ༦༠ ལག་ཤེས་ཐོག་ནས་ཡོང་གི་ཡོད་པ་རེད། ཁོ་ཚོའི་ལག་ཤེས་གཙོ་བོ་ལྷ་དང་སྐུ་སོགས་བོད་པའི་ལག་ཤེས་རྐྱང་ཆགས་བསྡད་འདུག  དེང་སྐབས་བོད་པའི་སྐུ་བརྙན་གོང་ཁེ་བོ་དང་ལེགས་པོ་ཞིག་དགོས་ཚེ་བལ་ཡུལ་དུ་འགྲོ་དགོས་ཆགས་ཡོད། བོད་མི་རང་ཉིད་ཀྱིས་སོ་སོའི་ལག་ཤེས་ལ་བདག་པོ་རྒྱག་ཐུབ་ཀྱི་ཡོད་པ་མ་རེད། སྤྱིར་བོད་པའི་སྤྱི་ཚོགས་ནང་ལས་ཀ་འདྲ་མིན་སྣ་ཚོགས་ཤིག་ལྷག་བསྡད་ཡོད་པ་རེད། དཔལ་འབྱོར་འཚོལ་སྒྲུབ་བྱེད་པ་ལ་མཐའ་གཅིག་ཏུ་ཕྱི་རྒྱལ་ལ་བསྐྱོད་མ་དགོས་པར།  བོད་པ་རང་ཉིད་ཀྱི་ཐོག་ནས་དཔལ་འབྱོར་འཚོལ་སྒྲུབ་བྱ་རྒྱུའི་ལམ་ཁ་འདྲ་མིན་ཡོད་པ་རེད། ང་ཚོ་བོད་པ་འབུམ་གཅིག་གི་ནང་ལས་མེད་ག་ཚོད་ཅིག་ཡོད་པ་རེད། ཡིན་ནའང་། ང་ཚོའི་སློབ་སྟོན་བྱེད་སྟངས་འགྲིག་གི་མི་འདུག སོ་སོའི་རིག་གཞུང་ལ་མཐོང་ཆེན་བྱེད་ཀྱི་མི་འདུག  ཤེས་ཡོན་པ་དང་མང་ཚོགས་ཀྱི་མགོ་ཁྲིད་ཚོའི་ཐོག་ནས་འགན་བླངས་ཏེ་རང་ཉིད་ཀྱི་རིག་གཞུང་ལ་མཐོང་ཆེན་བྱེད་དགོས་པ་རེད། སྔོན་ཆད་ཀྱི་མཁས་པ་རྣམས་ཀྱིས་རིག་པའི་གནས་ལྔ་མཁྱེན་གྱི་ཡོད་སྟབས།  ད་ལྟའི་བར་བོད་རང་གི་རིག་གནས་ཡོངས་རྫོགས་ལ་བདག་པོ་རྒྱག་ཐུབ་ཡོད་པ་རེད། དེང་སང་གི་མཁས་དབང་དུ་འབོད་མཁན་རྣམས་ཀྱིས་ལྷ་བྲིས་དང་འཇིམ་བརྐོས་སོགས་སྲོལ་རྒྱུན་བཟོ་རིག་ལ་བདག་པོ་རྒྱག་གི་མི་འདུག  མ་འོངས་པར་ལྷ་བྲིས་དང་ལག་ཤེས་སྒྱུ་རྩལ་སྐོར་ལ་ཉམས་ཞིབ་བྱེད་དགོས་པ་དེ་གལ་ཆེན་པོ་རེད། 

        དྲི་བ། མཐོ་སློབ་ཏུ་བསྐྱོད་མ་ཐུབ་པར་ལྷག་བསྡད་པའི་བོད་པའི་གཞོན་སྐྱེས་མང་པོ་ཞིག་ལས་མེད་དུ་ལྷག་བསྡད་ཡོད་པ་རེད། མ་འོངས་པར་ལས་གྲྭ་འདི་རྒྱ་བསྐྱེད་ཀྱིས་ལས་མེད་གཞོན་སྐྱེས་ཚོར་བོད་པའི་སྲོལ་རྒྱུན་ལྷ་བྲིས་ལག་རྩལ་སྤྲོད་རྒྱུའི་དགོངས་འཆར་ཡོད་དམ། 

        ལན། མ་འོངས་པར་རྒྱ་ཆེ་རུ་བཏང་སྟེ་ལྷ་བྲིས་རི་མོ་སྦྱོང་སའི་བསྟི་གནས་ཤིག་བསྐྲུན་ཐུབ་རྒྱུའི་འཆར་སྣང་ཡོད་ལ། རི་མོ་ལ་དུང་ཞེན་ཡོད་མཁན་བོད་རིཊ་གཞོན་སྐྱེས་རྣམས་ཚུར་བསྡུ་རུབ་གནང་ཐུབ་ན་བསམ་ཡོད། ཡིན་ནའང་། ལྷ་བྲིས་གསར་པ་མང་པོ་ཞིག་བསྡུ་ལེན་བྱེད་པ་ལ། ཐོག་མར་དེ་དག་གི་ཟས་སོང་སོགས་ཀྱི་ཐད་འགྲོ་གྲོན་མང་པོ་ཞིག་རང་བཞིན་གྱིས་ཆགས་ཡོང་གི་ཡོད་པ་དང་། དེ་བཞིན། ཚད་ལྡན་གྱི་ལྷ་བྲིས་སློབ་དེབ་ཅིག་ཀྱང་དགོས་ཀྱི་ཡོད་པ་རེད། ད་ལྟའི་བར་ཐིག་རྩ་འདེབས་སྟངས་སོགས་ཀྱི་དེབ་རེ་ཟུང་ཡོད་ནའང་། ཡོངས་ཁྱབ་ཀྱི་ཐོག་ནས་བོད་ཀྱི་ལྷ་བྲིས་ཀྱི་སློབ་དེབ་ཚད་ལྡན་ཞིག་བྱུང་ཡོད་པ་མ་རེད། དེར་བརྟེན། ལྷ་བྲིས་སྒྱུ་རྩལ་གྱི་དེབ་རྣམས་ཕྱོགས་བསྡོམས་ཀྱིས་ཆེད་ལས་ལྷ་བྲིས་ཀྱི་དེབ་ཅིག་བཟོ་ཐུབ་རྒྱུར་འཆར་གཞི་གཏོང་གི་ཡོད། སློབ་དེབ་དེ་འདྲ་ཞིག་གི་ཐོག་ནས་ཁོང་ཚོར་ལྷ་བྲིས་ཁྲིད་དེ། ལོ་གསུམ་ནང་མཐར་ཕྱིན་རྗེས་ལྷ་བྲིས་ཐོན་པའི་ལག་འཁྱེར་ཅིག་སྤྲོད་ཐུབ་རྒྱུའི་ཐད་བསམ་བློ་གཏོང་གི་ཡོད། ཡིན་ནའང་། ཤུགས་ཆེན་པོ་ཁྱབ་བསྒྲགས་བྱ་རྒྱུའི་འདུན་པ་མེད། རྒྱུ་མཚན་གཙོ་བོ་ད་ལྟའི་ཆར་མཐུན་རྐྱེན་གྱིས་འདང་གི་མི་འདུག  སྤྱིར་བཏང་བོད་པའི་སྤྱི་ཚོགས་ནང་ལག་ཤེས་ལ་མཐོང་ཡོད་པ་མ་རེད། ལག་ཤེས་ནི་ཅི་ཡང་མི་འབྱོན་མཁན་ཚོས་ལས་ཀ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། 

        དྲི་བ། བོད་པའི་སྲོལ་རྒྱུན་ལྷ་བྲིས་སྒྱུ་རྩལ་འདི་ཉམས་ཆག་ལ་འགྲོ་རྒྱུ་ཉེན་ཁ་གང་དག་མཐོང་གི་འདུག

        ལན། སྤྱིར་བཏང་སྤྱི་ཚོགས་ནང་ལྷ་བྲིས་མང་པོ་འདུག ཡིན་ནའང་མངོན་རྟོགས་དང་མཐུན་པའི་ཐོག་ནས་ལྷ་བྲིས་ཆེད་ལས་པ་ཧ་ཅང་ཉུང་ཉུང་རེད། ལྷ་ཡག་པོ་ཞིག་བྲིས་པ་ཙམ་མ་ཡིན་པར་གཙོ་བོ་མངོན་རྟོགས་དང་མཐུན་དགོས་པ་རེད། དེའི་ཐོག་ནས་སོ་སོར་རྣམ་དཔྱོད་དང་ལག་རྩལ་ག་རེ་ཡོད་ན་དེ་ཕུན་སུམ་ཚོགས་པའི་རྒྱུ་རེད། རི་མོ་ཞིག་འབྲི་ཤེས་པ་དང་ཚོན་རྩི་ཙམ་གཏོང་ཤེས་པ་མ་གཏོགས། ལྷའི་མངོན་རྟོགས་ལ་གཟིགས་རྒྱུའི་གོམས་གཤིས་མ་འཇགས་པ་ཡིན་ན་འགྲིག་གི་མི་འདུག བོད་སྤྱི་བ་ལ་ཕན་པའི་ཐོག་ནས་ལྷ་ཡིན་ནའང་མངོན་རྟོགས་དང་མཐུན་པའི་ལྷ་ཁུངས་ལྡན་ཞིག་བྲིས་པ་ཡིན་ན། ཕ་རོལ་བོ་ལྷ་བླུ་མཁན་ལའང་ཕན་གི་རེད།  དྷ་རམ་ས་ལར་གྲངས་ཀ་བརྒྱབ་ན་ཧ་ལམ་ལྷ་བྲིས་ཐང་ག་བཙོང་སའི་ཚོང་ཁང་ ༤༠ ཙམ་འདུག དེ་དག་ཕལ་ཆེ་བའི་ནང་དུ་བོད་པའི་ལྷ་བྲིས་ཐང་ག་ངོ་མ་ཞིག་ཡོད་པ་མ་རེད། བལ་ཡུལ་གྱི་ཐང་ག་རྐྱང་པ་རེད། གང་ཐུབ་ཅི་ཐུབ་ཀྱིས་ལས་ཀ་མགྱོགས་པོ་ཚར་ཐུབ་དང་། དངུལ་གང་མགྱོགས་རག་ཐུབ་ལ་བསམ་བློ་ཁོ་ན་བཏང་བའི་ཐོག་ནས།  མགྱོགས་ལས་ཤུགས་ཆེ་དྲགས་ཏེ་ཐང་གའི་བཟོ་འདྲ་བོ་ཞིག་ཐོན་སོང་ན་འགྲིག་གི་ཡོད་པ་རེད། དེའི་ཤུགས་རྐྱེན་ལ་བརྟེན་ནས་བོད་པའི་ལྷ་བྲིས་སྒྱུ་རྩལ་གྱི་རྒྱུན་ངོ་མ་དེ་ཉར་མ་ཐུབ་པར་ཉམས་ཆག་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་འདུག 

        དྲི་བ། ད་ལྟའི་ཁྲོམ་ར་རང་བཞིན་གྱི་སྤྱི་ཚོགས་ཁྲོད་ཀྱི་ལྷ་བྲིས་ཐོན་རྫས་རྫུན་མ་འདི་དག་ལ། བོད་པའི་སྲོལ་རྒྱུན་ལྷ་བྲིས་པ་དག་གིས་གདོང་ལེན་ཅི་ལྟར་བྱ་དགོས་ཀྱི་འདུག་གམ།

        ལན། ཚོགས་པ་འདི་འཛུགས་དགོས་དོན་ཡང་། ད་ལྟའི་སྤྱི་ཚོགས་ནང་ལྷ་བྲིས་ཁུངས་ལྡན་མེད་པའི་གནས་སྟངས་དེར་གདོང་ལེན་བྱ་རྒྱུ་དང་། ལྷ་བྲིས་སྦྱོང་མཁན་གང་མང་ཞིག་ཚུར་བསྡུས་ཏེ་བོད་པའི་ལྷ་བྲིས་སྒྱུ་རྩལ་ཆེད་ལས་པ་སྐྱེད་སྲིང་ཡོང་ཐབས་ལ་དམིགས་པ་ཞིག་ཡིན། ལོ་གསུམ་རེའི་ནང་ལྷ་བྲིས་ཆེད་ལས་པ་ ༧ སྐྱེད་སྲིང་བྱེད་ཐུབ་པ་ཡིན་ན། ང་རང་མི་སྒེར་གཅིག་གི་ངོས་ནས་ཧ་ལས་པ་རེད་བསམ་བཞིན་ཡོད། དེར་བརྟེན། ང་ཚོས་བོད་པའི་ལྷ་བྲིས་སྲོལ་རྒྱུན་གྱི་ཆེད་ལས་པའི་ངོ་བའི་ཐོག་ནས་ཚོགས་པ་འདི་བཙུགས་ཏེ། མ་འོངས་པར་ལག་འཁྱེར་ཞིག་བཟོ་རྒྱུའི་འཆར་གཞི་གཏོང་གི་ཡོད།  དེའང་ང་ཚོ་རང་ངོས་ནས་ངོས་འཛིན་བྱ་རྒྱུ་ཙམ་མ་ཡིན་པར། ལྷ་བྲིས་དང་ལོ་རྒྱུས། ཆོས་ལུགས་སོགས་ཤེས་མཁན་སློབ་སྟོན་པ་ལྔ་དྲུག་ཅིག་བཙལ་རྗེས། ལོ་གསུམ་གྱི་རྗེས་སུ་སློབ་སྟོན་ཚོགས་ཆུང་དེའི་ངོས་ནས་ལྷ་བྲིས་པ་རྣམས་ལ་ལྷའི་མངོན་རྟོགས་ངོས་འཛིན་དང་། ཐིག་རྩ་འདེབས་སྟངས་སོགས་ལྷ་བྲིས་བཟོ་རྩལ་ཐད་རྒྱུགས་བླངས་པའི་ཐོག་ནས།  སྲོལ་རྒྱུན་ལྷ་བྲིས་ཀྱི་མངོན་རྟོགས་དང་མཐུན་གྱི་ཡོད་མེད་བརྟག་དཔྱད་བྱས་ཏེ།  བོད་པའི་སྲོལ་རྒྱུན་ཆེད་ལས་ལྷ་བྲིས་པར་ངོས་འཛིན་གནང་ཐུབ་མཁན་རྣམས་ལ་ལག་ཁྱེར་སྤྲོད་རྒྱུའི་ལམ་ལུགས་ཤིག་སྤེལ་ཐུབ་རྒྱུར་རེ་བ་རྒྱག་གི་ཡོད། 

        དྲི་བ། བོད་མི་ཞིག་ལ་མཚོན་ན་ཐང་ག་ནི་སོ་སོའི་ཁྱིམ་ཚང་གི་ལྷ་རྟེན་དུ་བླུ་བཞིན་ཡོད་པ་རེད། མ་འོངས་པར་ཐང་ག་བླུ་སྐབས་ངེས་པར་དུ་ཡིད་གཟབ་བྱེད་དགོས་པའི་ཕྱོགས་ག་རེ་འདུག

        ལན། གཙོ་བོ་ཐང་ག་དང་སྐུ་གང་ཞིག་བླུས་ན་རེད། ཚོང་པའི་ཁ་བདེ་བོ་བཤད་པར་ཉན་དེ་ཉོ་རྐྱང་བྱེད་རྒྱུ་ཡོད་པ་མ་རེད། སྤྱིར་སྲང་ན་བཙོང་བཞིན་པའི་གྲས་སུའང་ཐང་ག་རེ་ཟུང་འགྲིག་བསྡད་མཁན་ཡོད་པ་རེད། སོ་སོའི་མི་ཤེས་ན་ངེས་པར་དུ་ལྷ་ཤེས་མཁན་ཞིག་ལ་སྐད་ཆ་དྲིས་ཏེ།  སོ་སོའི་བླུ་བཞིན་པའི་ལྷ་དེའི་མངོན་རྟོགས་ཚང་ཡོད་མེད་དང་། མཚོན་མདོག་དང་ཕྱག་ཚན་འགྲིག་ཡོད་མེད་བརྟག་བཅུག་སྟེ། ལྷ་ཚད་དང་ལྡན་པ་ཞིག་བླུས་པ་ཡིན་ན་སོ་སོའི་དངུལ་འཕྲོ་བརླག་ལ་ཕྱིན་ཡོད་པ་མ་རེད། མི་རབས་ནས་མི་རབས་ལ་ཉར་ཚགས་བྱས་པ་ཡིན་ནའང་རིན་ཐང་ཡོད་པ་རེད། དེ་བཞིན། སོ་སོའི་ཚོགས་བསགས་སའི་རྒྱུ་ཞིག་ཏུའང་འགྱུར་འགྲོ་གི་རེད། དེ་མིན་པར་གང་འདོད་ཅིག་ཉོས་པ་ཡིན་ན། རི་མོ་སྤྱིར་བཏང་བ་ཞིག་ཉོས་པ་དང་ཁྱད་ཡོད་པ་མ་རེད། ལྷ་བྲིས་པ་ཚད་ལྡན་མིན་ན་ལྷའི་བྱིན་རླབས་མི་འཇུག་པ་གཞུང་ལུགས་ནང་བཤད་ཡོད་པ་རེད། ཡང་ཁ་ཤས་ཤིག་གིས་སྐུའི་ཆེ་ཆུང་ལ་ཁོ་ནར་ལྟ་བཞིན་འདུག སྐུའི་ཆེ་ཆུང་ལ་མ་བལྟས་པར་སྤུས་དག་པོ་ཞིག་བླུ་དགོས་པ་རེད།  དེར་བརྟེན་ཤེས་མཁན་ཞིག་ལ་སྐད་ཆ་འདྲི་རྒྱུ་དེ་གལ་ཆེན་པོ་རེད།

 

གསར་འགོད་པ། ཚེ་རིང་རྒྱལ།

༼བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༧༠ ལས་བདམས་བཀོད་བྱས།༽

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

༢༠༢༥/༡༠/༡༨
Zhang Youxia (front), newly-elected Vice Chairman of the Central Military Commission of the People's Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People's Congress (NPC) at the Great Hall of the People in Beijing. photo credit: Reuter
Mobile App

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

༢༠༢༥/༡༠/༡༨
མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་བརྟན་གསུམ་འདེགས་འབུལ་ཞུས། ༢༠༢༥།༡༠།༡༨ དུས་བབ་ཀྱི་པར།
Mobile App

མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།

༢༠༢༥/༡༠/༡༨
Richard Gere receiving the Human Rights First Visionary Award. Photo: ICT
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།

༢༠༢༥/༡༠/༡༧
Mobile App

སེར་བྱེས་མཁས་སྙན་གྲྭ་ཚང་གིས་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་གཙི་ཞུས།

༢༠༢༥/༡༠/༡༧
Mobile App

བོད་ནང་ཤོག་སྦག་གི་སྒྱུ་རྩལ་འགྲེམས་སྟོན་བྱེད་མཁན་ལ་ཉེས་ཆད་བཅད།

༢༠༢༥/༡༠/༡༦

མཆན། 4

  1. མིག says:
    ལོ་ 13 སྔོན།

    སྐད་ཤུགས་གང་མཚམས་ཆེན་པོ་འདུག་ག

    Reply
  2. སྨར་ཀླུང་དཔའ་ལ། says:
    ལོ་ 13 སྔོན།

    ལྷ་བྲིས་པ་རྒན་བསྐལ་བཟང་དམ་ཆོས་ལགས་ལ། ཐོག་མར་གུས་པས་བཀྲ་ཤིས་བདེ་ལེགས་ཀྱི་འཚམ་འདྲི་དང་། བྱ་བ་ལམ་འགྲོ་ཡོང་པའི་བཀྲ་ཤིས་སྨོན་འདུན་ཞུ་གི་ཡོད། ཁས་བཤད་པ་དང་དངོས་ཀྱི་ལག་ལེན་གཉིས་དེང་གི་དུས་སུ། མཐུན་ཐུབ་པ་དེ་ཤིན་ཏུ་དཀའ་བ་མ་ཚད། དྲིན་ལེན་ལོག་པར་འཇལ་ཏེ། སྦྱིན་བདམ་དྲིན་ཆེན་ཇི་འདྲ་ཞིག་ཡོད་ན་ཡང་མགོ་གཡོག་མགོ་བསྐོར་དང་། སྒོར་མོ་རྐྱང་པའི་བསམ་བློ་མ་གཏོག་ལྷག་པའི་བསམ་པ་དང་རིགས་ཞེན་ཀྱི་ལ་རྒྱ་ཞེས་པ་ནི་ཕལ་ཆེར་དོན་སྟོང་དུ་ཆག་པའི་སྐབས་འདིར། ལྷ་བྲིས་པ་ཁོང་ནི་དེ་ལས་ལྡོག་དེ་ངོ་མཚར་བ་ཞིག་ལ། གཡོ་དང་སྤྲེལ་ལད་མེད་ལ། སྐུ་འདྲ་ཡོངས་རྫོགས་ལ་དག་འདོན་ཞིབ་བྲིས་ཆེ་བ། སློབ་ཕྲུག་དང་སྦྱིན་བདག་ཡོངས་ཀྱི་མ་འོང་པའི་མདུན་ལམ་ཁོ་ན་ལས་རང་ཁེ་ཕན་གཅིག་པོའི་དོན་དུ་ལས་ཀ་གཏན་ནས་མ་ཡིན་པར། མི་གཞི་བཟང་པོ་ལྷད་མེད་པའི་བཀོད་འདོམས་སློབ་མ་རྣམས་ཀྱི་རྒྱུད་ལེགས་པར་དུལ་བ་བཅས་ཀྱིས་ཕྱག་ལས་ཡོད་ཚད་ལ་ཁྱད་ཆོས་ཐུན་མིན་ཞིག་གུས་པས་མཐོང་སོང་། ང་ནི་ཁོ་རང་དང་ཕ་ཡུལ་གཅིག་པ་མིན་ལ། སྤུན་ཉེ་མཐུན་གྲོགས་དེ་བས་མིན། ཁོ་རང་ལ་གུས་པའི་ངོས་ནས་ལས་ཀ་མང་པོ་སྤྲོད་མྱོང་ཡོད་ལ། ཁོ་རང་ལ་རྒྱུས་མངའ་ཡོད་པའི་ཐོག་ནས་དངོས་ཡོད་ཀྱི་གནས་ཚུལ་ནི་གྲོགས་པོ་ཡོངས་ཀྱི་མཁྱེན་དགོས་པ་ནི་ཤིན་ཏུ་གལ་ཆེ། དེར་བརྟེན་མདོར་ན་ལྷ་བྲིས་པ་ཁོ་རང་ནི། མི་གཞི་ལ་གཡོ་མེད་ཅིང་ལྷག་བསམ་དང་ཤེས་འཇོན་གཉིས་ལྡན། སྒོར་མོ་གཅིག་པུའི་སྒྱུ་གཏན་ནས་མེད་པའི་རྒན་བཟང་པོ་ཞིག་དང་། བོད་རང་གི་ལྷ་བྲིས་སྒྱུ་རྩལ་ལ་རྒྱུས་མངའ་དང་དག་འདོན་ཕུན་སུམ་ཚོགས་པའི་སློབ་དཔོན་རྙེད་དུ་མེད་པ་ཞིག་དུ་མཐོང་གི་ཡོད།

    མི་ཆེ་ཆུང་རིགས་མཐོ་དམན་སྒོར་ཡོད་མེད་ཀྱི་ཁྱད་འབྱེད་པའི་ཀྱི་རྗེས་སུ་མི་སྙེགས་པའི་རྒན་འདི་ནི།
    ང་ཚོ་བཙན་བྱོལ་བའི་སྤྱི་ཚོགས་ཆུང་ཆུང་འདི་ནང་ན་ཐོག་མ་དེ་ཡིན་པ་ཚིག་ཐག་ཆོད་པས་བཤད་པའི་རྒྱུས་མངའ་དང་སྤོབས་པ་ཡོད། རི་མོ་བྲི་སྦྱང་ལ་སྤྲོ་བ་དང་མངོན་འདོད་ཡོད་ན་རྒན་ཁོ་རང་ནི་ནོར་མེད་ཀྱི་རྒན་ལགས་དམ་པ་ཞིག་དང་། ཐང་ཀ་དང་ལྡེབ་བྲིས་ཀྱི་ཕྱག་ལས་བྱེད་འདོད་ཡོད་ན་རྒན་འདི་ཉིད་ལ་འབྲེལ་པ་བྱོས་དང་རི་མོ་དང་སྤུས་ཀའི་ཐད་ནས་དུས་ནམ་ཡང་མི་བསླུ་བའི་ཕྱག་ལས་ཐུན་མིན་ཞིག་བྱེད་པ་མ་ཚད། ལྷག་བསམ་གཡོ་མེད་པ་ཞིག་འདུག་པས་ཀུན་གྱིས་འབྲེལ་པ་གནང་ན་རང་གཞན་གཉིས་ཀ་ཕན་ཐོབ་ཡོད་ངེས་ཅན་རེད།

    མཐའ་དོན་རྒན་ལགས་ཀྱི་མཛད་འཆར་དེ་དག་ཇི་བཞིན་འགྲུབ་པའི་སྨོན་འདུན་དང་ལྷག་པའི་བསམ་པ་གཡོ་མེད་པ་དེ་ཉིད་ཀྱི་བདེན་པའི་སྟོབས་ཀྱིས་ཇི་ལྟར་ཐུགས་བཞད་ཡོད་ཚད་གེགས་མེད་ལྷུན་འགྲུབ་ཏུ་ཡོང་པའི་བཀྲ་ཤིས་སྨོན་འདུན་ཡང་ནས་ཡང་དུ་ཞུ་གི་ཡོད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    དེ་ལྟར་བོད་དུ་བྱིའུ་སྒང་ལུགས་དང་། སྨན་བྲིས། མཁྱེན་བྲིས། ཀརྨ་སྒར་བྲིས་བཅས་ལྷ་བྲིས་རྒྱུད་པ་བཞི་བྱུང་ཡོད་པ་རེད། ཟེར།

    Reply
  4. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    རྟེན་འབྲེལ་ཞུ། བྱ་བ་ལམ་ལྷོང་ཡོང་བར་ཤོག དྲི་བ་དྲིས་ལན་ལ་ལྗིད་ཁོག་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese