༢༠༡༢ ལོར་གསར་འགོད་པ་བཙོན་འཇུག་གི་གྲངས་འབོར་ཆེས་མང་ཤོས་ཀྱི་རྒྱལ་ཁབ་ཨང་གསུམ་པ་དེ་རྒྱ་ནག་རེད།
དེ་རིང་ཕྱི་ཚེས་ ༡༡ ཉིན་རྒྱལ་སྤྱིའི་གསར་འགོད་སྲུང་སྐྱོབ་མཐུན་ཚོགས་(CPJ)ཀྱིས་ལོ་འཁོར་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་གཞུང་ནི་འཛམ་གླིང་སྒང་གསར་འགོད་པ་བཙོན་འཇུག་གི་གྲངས་འབོར་ཆེས་མང་ཤོས་ཀྱི་རྒྱལ་ཁབ་ཨང་གསུམ་པ་ཆགས་ཡོད་ལ། འདི་ལོ་གསར་འགོད་པ་ ༣༢ འཇུ་བཟུང་བཙོན་འཇུག་བྱས་ཡོད་འདུག
དེ་བཞིན། རྒྱལ་སྤྱིའི་གསར་འགོད་སྲུང་སྐྱོབ་མཐུན་ཚོགས་ཀྱིས། བོད་དང་ཤིན་ཅང་གཙོས་བརྟན་བརླིང་མིན་པའི་ས་ཁུལ་ཁག་ནང་། གནས་ཚུལ་མཁོ་སྒྲུབ་གནང་མཁན་གསར་འགོད་པ་རྣམས་ནི་རྒྱ་གཞུང་གི་བཙོན་འཇུག་འོག་ཚུད་མཁན་གཙོ་གྲས་ཆགས་ཡོད་ལ། རྒྱ་གཞུང་གིས་འདི་ལོ་བཙོན་འཇུག་བྱས་ཡོད་པའི་གསར་འགོད་པའི་གྲངས་འབོར་ཁྲོད་སུམ་ཆ་གཉིས་ནི་བོད་དང་ཡུ་གུར་མི་རིགས་ཡིན་པ་མ་ཟད། བཙོན་འཇུག་གི་གྲངས་འབོར་མུ་མཐུད་འཕར་བཞིན་ཡོད་སྐོར་བརྗོད་འདུག
རྒྱལ་སྤྱིའི་གསར་འགོད་སྲུང་སྐྱོབ་མཐུན་ཚོགས་ཀྱི་ལོ་འཁོར་སྙན་ཐོ་དེའི་ནང་། ༢༠༡༢ ལོར་འཛམ་གླིང་སྒང་གསར་འགོད་པ་ ༢༣༢ བཙོན་འཇུག་བྱས་ཡོད་པ་དང་། འདས་པའི་ལོ་རྒྱུས་ཁྲོད་གྲངས་འབོར་ཆེས་མང་ཤོས་ཀྱི་ལོ་དེ་ཆགས་ཡོད་པ་རེད། གསར་འགོད་པ་བཙོན་འཇུག་གི་གྲངས་འབོར་ཆེས་མང་པོའི་རྒྱལ་ཁབ་ནི་ཌོར་ཀེ་(Turkey)ཡིན་པ་དང་གསར་འགོད་པ་ ༤༩ བཙོན་འཇུག་བྱས་ཡོད། ཨང་གཉིས་པ་ནི་ཨེ་རན་(Iran)ཆགས་ཡོད་ལ། གསར་འགོད་པ་ ༤༥ བཙོན་འཇུག་བྱས་ཡོད། ཨང་གསུམ་པ་རྒྱ་ནག་ཡིན་པ་དང་གསར་འགོད་པ་ ༣༢ བཙོན་འཇུག་བྱས་ཡོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།