མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ཚབ་བསྐོ་བཞག་དང་འབྲེལ་མོལ་བསྐྱར་གསོ་སྒུག་བསྡད་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༡༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཤར་ཕྱོགས་ཁུག་རྟ།

ད་ཉིས་སྟོང་བཅུ་གཉིས་ལོའི་ཕྱི་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་ལ་སླེབས་སོང། ཕྱི་ཟླ་བཅུ་གཉིས་པ་འདི་གྲོས་མོལ་གྱི་ལམ་ནས་མིའི་རིགས་ཀྱི་དཀའ་ངལ་སེལ་བའི་ལྟ་གྲུབ་ལ་ཡིད་ཆེས་ཡོད་མཁན་ཚང་མས་རེ་སྒུག་བྱས་པའི་ཟླ་བ་ཞིག་ཡིན། ཟླ་བ་བཅུ་གཉིས་པ་ནི་རྒྱ་ནག་གི་མགོ་ཁྲིད་འཕོ་འགྱུར་ཕྱིན་པ་མ་ཟད་ཞིས་ཅིན་ཕིན་གྱིས་མཛད་འཕྲིན་སྐྱོང་བཞིན་པའི་སྒང་ཡིན། བོད་མི་ཚོའི་རྣ་བ་དང་སེམས་ངོགས་ན་ད་ལྟ་ད་དུང་ཡལ་མེད་པའི་སྐད་ཆ་ཚ་ལམ་མེ་བ་ཞིག་ཡོད་པ་ནི། ཕྱི་ཟླ་བཅུ་གཉིས་པ་འདིའི་ནང་འབྲེལ་མོལ་བསྐྱར་གསོ་བྱ་རྒྱུ་མ་ཟད། སྐུ་ཚབ་ཀྱང་བསྐོ་བཞག་བྱེད་ཀྱི་ཡིན་ཅེས་པའི་ང་ཚོའི་སྲིད་སྐྱོང་མཆོག་གི་གསུང་འདི་རེད།

ད་བར་རང་སྲེག་ཐད་རྒྱལ་སྤྱིས་ནུས་ལྡན་གྱི་རྒྱབ་སྐྱོར་མ་བྱས་ཀྱང། རང་སྲེག་གིས་རྒྱ་ནག་གཞུང་ལ་བློ་འཚབ་ཆེན་པོ་ཞིག་སྤྲོད་བཞིན་པའི་སྐབས་འདིར། ཞིས་ཅིན་ཕིན་གྱི་ཁྱིམ་བརྒྱུད་དང་རྒྱལ་སྤྱིའི་སྣང་བརྙན་ལ་མི་གསོད་ལག་དམར་ཧུའུ་ཅིན་ཐའོ་ལས་གདེང་འཇོག་འོས་འཚམས་བྱེད་བཞིན་པའི་སྐབས་འདིར། སྐུ་ཞབས་ཞིས་ནས་ཀྱང་རུལ་སུངས་རྩད་གཅོད་དང་སྔོན་འགོག་གི་ལས་དོན་ཞིག་རྒྱ་ཁྱབ་ལག་བསྟར་བྱེད་པའི་སྐབས་འདིར། ཐ་ན་ཞིས་ཀྱི་ཨ་ཕས་དེ་སྔ་༸པཎ་ཆེན་རིན་པོ་ཆེར་སྤྲིངས་པའི་འཕྲིན་ཡིག་ཅིག་ཀྱང་དེང་སྐབས་བསྐྱར་དུ་ཚགས་པར་སྟེང་བཀོད་དེ་པེ་ཅིང་དུ་གླེང་སློང་ཡ་མཚན་ཡོང་བཞིན་པའི་སྐབས་འདིར། རྒྱ་ནག་གི་མགོ་ཁྲིད་ནང་ཁུལ་ལ་མངོན་དང་མི་མངོན་པའི་འགལ་བ་རྣོ་ངར་ཅན་ཡོད་པའི་སྐབས་འདིར། རང་ཉིད་ལ་གདེང་ཚོད་ཆེན་པོ་ཡོད་པའི་བོད་ཀྱི་སྲིད་སྐྱོང་གིས་གོ་སྐབས་འདི་རྣམས་ཇི་ལྟར་བླངས་ཏེ་སྐུ་ཚབ་བསྐོ་བཞག་གིས་འབྲེལ་མོལ་བསྐྱར་གསོ་བྱ་རྒྱུ་ཡིན་མིན་དེ་རེད།

སྐབས་འདིར་ང་ཚོས་ཕྱིར་ལྟོས་ཤིག་བྱས་ན། ༢༠༠༨ ལོའི་ལོ་རྒྱུས་སུ་མ་གྲགས་པའི་ཞི་རྒོལ་ཆེན་མོའི་སྐབས། རྒྱ་གཞུང་གིས་གསུམ་བཅུའི་དུས་དྲན་ནས་བྱུང་བའི་ཞི་རྒོལ་ལ་མིང་འདོགས་སྣ་ཚོགས་ཤིག་བཏགས་པ་མ་ཟད་ཞི་རྒོལ་ངན་སྐུལ་བ་༸གོང་ས་མཆོག་ཡིན་ཚུལ་སྒྲོག་བཞིན་པའི་སྐབས་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་རྭ་ནས་སྲིད་བློན་ཝུན་ཅཱ་པོས་ཁོ་རང་གི་ངོས་ན་བརྡ་ལན་ཞིག་བཙན་བྱོལ་བོད་གཞུང་ལ་བསྐྱལ་རྒྱུ་ཡོད་པ་རྡ་རམ་ས་ལར་འབྱོར་ཡོད་པ་འདྲ་ལ། སྲིད་བློན་རྒྱལ་ཕྱི་ལའོ་སིར་འབྱོར་ནས་ནམ་རྒྱུན་འཆར་ཅན་གྱི་བཀའ་མོལ་ནང་“༸གོང་ས་སྐྱབས་མགོན་ཆེན་པོས་ཤུགས་གནོན་བེད་སྤྱོད་བཏང་ནས་བོད་ནང་ལྷིང་འཇགས་བཟོ་རོགས་”ཞེས་པ་ཞིག་བཅུགས་ནས་ཡོངས་བསྒྲགས་གནང་རྐྱེན། ༸གོང་ས་ཆེན་པོས་ཕྱི་ཟླ་ ༣ ཚེས ༡༩ ཉིན་ཧུའུ་ཅིན་ཐོའི་མིང་ཐོག་ལ་ཐད་ཀར་བཀའ་ཡིག་ཅིག་སྩལ་ཏེ། སྲིད་བློན་ཝུན་ཅཱ་པོའི་རེ་བ་དེ་ལྷག་བསམ་རྣམ་དག་ཡིན་ན། ༸གོང་ས་མཆོག་གི་ནུས་ཤུགས་བོད་དུ་བསླེབ་རྒྱུར་ཆ་རྐྱེན་བསྐྲུན་ན་སྐུ་ཚབ་ཆེད་གཉེར་གནང་དགོས་བྱུང་ནའང་གོ་སྒྲིག་ཡོད་ཅེས་གསུངས་སྟབས། ཕྱི་ཟླ ༤ ཚེས ༢༣ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡༢ ཙམ་ལ་འབྲེལ་མོལ་བྱ་རྒྱུ་ཡིན་པའི་བརྡ་ལན་འབྱོར་སྟབས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་ཛ་དྲག་གི་སྐབས་ཀྱི་ནང་མོལ་དེ་བྱུང་བ་རེད།

བྱུང་རིམ་འདིའི་སྐབས་ཀྱི་གནས་ཚུལ་བཞིན་རྒྱ་གཞུང་གིས་༸གོང་ས་མཆོག་གིས་རང་སྲེག་གཏོང་མཁན་ལ་ཇུས་འགོད་བྱས་ཚུལ་དང། ཡང་ཕྱོགས་གཞན་ཞིག་ནས་འུ་ཐུག་ནས་༸གོང་ས་མཆོག་གིས་རང་སྲེག་གཏོང་མཁན་གཏན་འགོག་གནང་གི་མི་འདུག་ཅེས་སྤྱི་མཚུངས་སྐད་ངན་མང་པོ་ཤོར་ཡོད། ཡིན་ནའང། བྱུང་རབས་ལྟར་སོང་ན། སྲིད་སྐྱོང་མཆོག་གིས་ཕྱི་ཟླ་བཅུ་གཉིས་པ་འདི་དམིགས་བསལ་གསལ་འདོན་བྱེད་དགོས་དོན་ཡང་འབྲེལ་མོལ་བསྐྱར་གསོ་བྱེད་ལ་ཉེ་བའམ། བྱེད་དགོས་པའི་གནས་བབ་ཅིག་ངོས་ལེན་དང་སྦྲགས་མེ་ཡིས་འབར་བཞིན་པའི་བོད་ནང་གི་ཛ་དྲག་གནས་བབ་གང་མགྱོགས་རྒྱ་གཞུང་དཔོན་རིགས་དང་ཐུག་འཕྲད་ཀྱིས་ཐག་གཅོད་བྱེད་དགོས་དགོངས་པ་ཡིན་ནམ་སྙམ།

སྲིད་སྐྱོང་གི་ཐུགས་རེ་འདི་དང་འབྲེལ་ནས་བསྐོ་བཞག་བྱ་རྒྱུའི་སྐུ་ཚབ་སྐོར་ལའང་ང་ཚོས་གླེང་སློང་བྱེད་དགོས་པ་འདྲ་སྟེ། སྐུ་ཚབ་ནི་འབྲེལ་མོལ་གྱི་རྩ་དོན་ཡིན་པ་ཚང་མར་ཉམས་མྱོང་བྱུང་ཡོད་པ་དེ་རེད། དམིགས་བསལ་སྐུ་ཚབ་རྣམ་གཉིས་ཀྱིས་རྩ་དགོངས་ཞུས་ནས་ཉིན་ཤས་མ་འགོར་ཡང། ད་ལྟ་གཞི་ནས་ཤེས་ཚོད་བྱས་ན་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ཡོ་རོབ་དམིགས་བསལ་སྐུ་ཚབ་ཏུ་ལམ་སེང་བསྐོ་བཞག་གིས་ཕྱག་ལས་གནང་བཞིན་པ་ཡིན་ནའང། ཨ་རི་གཞུང་དང་གཞུང་གི་ཆེས་མཐོའི་དཔོན་རིགས་ལ་འབྲེལ་བ་གཏིང་ཟབ་ཡོད་པའི་དམིགས་བསལ་སྐུ་ཚབ་ཟུར་པ་རྒྱ་རི་བློ་གྲོས་རིན་པོ་ཆེ་མཆོག་ལ་ད་བར་ལས་གནས་གང་ཡང་གོ་སྒྲིག་ཞུས་མེད་སྟབས། ཁོང་ཉིད་བསྐྱར་དུ་དམིགས་བསལ་སྐུ་ཚབ་ཀྱི་ཕྱག་ལས་སྟེང་མ་ཕེབས་ཐབས་མེད་ཡིན་ཚུལ་ལ་ཚོད་དཔག་བྱེད་མཁན་མང་པོ་ཡོད། དེ་ནི་ཉེ་ཆར་ཨ་རིའི་གྲོས་ཚོགས་ནང་སྐུ་ཚབ་ཟུར་པ་མཆོག་ལ་ཨ་བོད་བར་གྱི་ཟམ་པ་ལྟ་བུའི་ཕྱག་ལས་གནང་མཁན་དང་། རྒྱ་བོད་འབྲེལ་བའི་སྐོར་གྱི་བྱས་པར་གྲོས་ཆོད་ཅིག་བཞག་ཡོད་པ་དང་འབྲེལ་བ་ལོས་ཡོད་བསམས་མོད། ཕྱོགས་གཞན་ཞིག་ནས་འཐབ་ཕྱོགས་གཅིག་གྱུར་གྱི་རྩོམ་པ་པོ་ཡེ་རྡོར་གྱིས་བྲིས་པའི་བློ་རྒྱ་བར་གྱི་དཀྲོགས་གཏམ་ཀྱང་སྐུ་ཚབ་དང་འབྲེལ་བའི་དཔྱད་གླེང་ནང་ཚུད་ཡོད། ངས་ནི་རིན་པོ་ཆེའི་དགུང་ནའི་བབ་དང་མཛད་བྲེལ། བསྒྲགས་གཏམ་ཁག་གང་ལ་གཞིགས་ཀྱང་ཁོང་ཉིད་བསྐྱར་དུ་སྐུ་ཚབ་གནང་འདོད་མེད་པ་ནི་གསལ་རྟོགས་འདྲ་ཞིག་བྱུང། དེ་བཞིན་སྐུ་ཚབ་སྐལ་རྒྱམ་ཡང་འགན་བློས་བཟོད་བྲལ་ལ་རེ་བ་གསར་པ་ཞིག་ཡོང་ཤེས་མེད་པ་དང། ཡོང་གི་ཡོད་ན། ད་ཐེངས་མི་མང་ལ་གསལ་བཤད་ཡོད་པའི་ལམ་ནས་ཕེབས་དགོས་སྟབས། འདིའང་ངས་བལྟས་ན་ཕལ་ཆེར་ཡོང་རེ་བྲལ།

དེས་ན་ང་ཚོས་གང་ཟག་སུ་ལ་འབྲེལ་མོལ་སྐུ་ཚབ་ཀྱི་འོས་འགན་འབབ་ཀྱི་ཡོད་པ་དང། སུའི་སྟེང་ན་འོས་ཆོས་ཚང་གི་ཡོད་མེད་དེ་གླེང་སློང་ཤུགས་ཆེན་གྱིས་བཀའ་ཤག་གསར་པར་གཞོགས་འདེགས་བྱེད་དགོས་པ་དེ་རེད། གཞོགས་འདེགས་ཐད་ཅི་ཡང་མི་ཤེས་མཁན་ང་ལྟ་བུ་ཞིག་གིས་ཀྱང་མི་མང་གི་གླེང་ཕྱོགས། དངོས་ཡོད་གནས་བབ་གང་ལ་བལྟས་ཀྱང་བཤད་ཐུབ་པ་ཞིག་ནི། སྐུ་ཚབ་རྣམ་པ་གཉིས་སྟག་སེང་ཁ་སྤྲོད་བཞིན་འགྱིང་ཡོད་པ་སྟེ། ༸སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང། སྐུ་ཞབས་ཨ་ཀྱཱ་རིན་པོ་ཆེ་རྣམ་གཉིས་རེད། ངས་འདི་ལྟར་བཤད་ན་ཆོས་ཀྱི་སེམས་ཁམས་ཀྱིས་སྲིད་སྟེགས་སྟེང་ཕན་འབྲས་མི་ཐོན་པར་བཤད་པའི་ཁུངས་མེད་རུ་དཔུང་གི་ཐུགས་ལ་འཕྲོད་པ་ཞིག་མི་ཡོང་ཡང་བྱ་ཐབས་བྲལ། ཁོང་རྣམ་པ་གཉིས་ཀྱིས་རྒྱལ་སྤྱི་དང་རྒྱ་ནག བོད་མི་རིགས་དང་བཅས་པའི་མཚོ་མཐའ་མི་བསྐོར་བའི་གནས་བབ་གང་ཡང་མེད་པ་ཡིན་སྟབས། སྐུ་ཚབ་འདི་འདྲ་ཞིག་རྒྱ་ནག་ལ་ཕེབས་ཏེ་གྲོས་མོལ་གནང་ཐུབ་པ་ཡིན་ན། སྤྱིར་རྒྱ་ནག་ལ་བོད་ཀྱི་དཀའ་ངལ་སེལ་འདོད་མེད་ན་གནས་ཚུལ་གཞན་ཞིག་རེད་མ་གཏོགས། རྒྱ་ནག་གི་མགོ་བསྐོར་འོག་ཚུད་རྒྱུ་མིན་པའི་བློ་བདེ་བོ་དེ་བོད་མི་ཚོས་རྒྱུན་བཅངས་ཞུ་ཆོག་གི་རེད་བསམས།

རང་སྲེག་ས་འབར་གནམ་འབར་དུ་སོང་རྐྱེན་དེང་རང་རེའི་སྨྱུག་འཛིན་པ་དག་ཀྱང་ལྐུགས་པའི་ངང་ཚུལ་འཛིན་མཁན་ཞེ་གཅིག་ཏུ་འགྱུར་བཞིན་པ་འདིས། འབྲེལ་མོལ་དང་སྐུ་ཚབ་སྐོར་གཞར་ཡང་བསམ་ཚུལ་སྤུངས་བརྩེགས་ཤིག་ཡོང་མིན་ཐེ་ཚོམ་ཡིན་ནའང། ༢༠༠༨ ལོའི་ཞི་རྒོལ་སྐབས་ཀྱི་ཛ་དྲག་ནང་མོལ་གནང་དགོས་པའི་ཆབ་སྲིད་དབུ་ཁྲིད་ཀྱི་བློ་སྟོབས་དང། ནང་མོལ་སྐབས་གསལ་བཤད་གནང་བ་ཁག་ཅིག་མཇུག་ཏུ་སྨྲ་ན། སྲིད་སྐྱོང་གི་འབྲེལ་མོལ་བསྐྱར་གསོ་དང་སྐུ་ཚབ་བསྐོ་རྒྱུ་ཇི་ལྟར་ཁས་བླངས་དམ་བཅའ་བཞིན་ཟླ་བ་འདི་ག་རང་ལ་གནང་ཐུབ་པ་ཞིག་དང། དེ་དེ་བཞིན་ལམ་ལྷོང་ཡང་ཡོང་བར་ཤོག

དེ་ཡང། ༢༠༠༨ ལོར། བོད་ས་ཡོངས་སུ་སྔར་མ་གྲགས་པའི་སྡེབས་ལངས་ཞི་རྒོལ་ཆེན་པོས་གནམ་ས་སྒྲིབ་སྐབས། འབྲེལ་མོལ་ཐེངས་དྲུག་པ་མུ་མཐུད་རྒྱུའི་གནས་བབ་མེད་ནའང། དུས་སྐབས་ཛ་དྲག་འདི་འདྲ་ཞིག་གི་སྐབས་སུ་ཁ་གཏད་རྒྱ་གཞུང་གི་དཔོན་རིགས་དང་ཐུག་འཕྲད་ཙམ་ཡང་མ་ཐུབ་པར། ཐག་རིང་ནས་བསྒྲགས་གཏམ་རེ་སྤེལ་ན་འཐུས་རྒྱུ་མིན་པ་བྱུང་རབས་ཀྱིས་གསལ་ཁ་བྱེད་པར་དགོངས་ཏེ། ཐབས་ཤེས་རྩལ་སྤྲུགས་ཀྱིས་རྒྱ་གཞུང་ལ་ཛ་དྲག་ནང་མོལ་མ་གནང་ཐབས་མེད་དང། གནང་བ་དེའང་འབྲེལ་མོལ་སྔར་འཕྲོ་མིན་པར་དང་པོ་ནས་ཆ་རྐྱེན་གྱི་གྲས་སུ་བཀོད་དེ་ཁས་ལེན་དུ་བཅུགས་པ། ནང་མོལ་སྐབས་དྲག་གནོན་མྱུར་དུ་མཚམས་འཇོག་དགོས་པ་དང། ༸གོང་ས་མཆོག་དང་སྒྲིག་འཛུགས་ལ་གཞི་མེད་སྐྱོན་འཛུགས་བྱས་པ་ཁུངས་སྐྱེལ་ག་རེ་ཡོད་མེད་ནག་འདེད་བྱས་པ། ཐ་ན་རྒྱ་གཞུང་ལ་སྐུ་ཚབ་རྣམས་པ་ཚོ་དང་མཉམ་དུ་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་རྡ་རམ་ས་ལའི་ལས་ཁུངས་ཁག་གི་ཡིག་ཆ་ཞིབ་འཇུག་ཆེད་གཏོང་རོགས་གནང་ཞེས་གདོང་དང་གདོང་ཐུག་ནས་ངོ་ཚ་དགོས་པའི་གནས་སྟངས་དམར་རྗེན་དུ་བཟོས་པར། ཡུན་ཙམ་རིང་ནུས་དེ་ག་རང་ཐོན་པ་མ་ཟད། འབྲེལ་མོལ་མུ་མཐུད་པ་དང་བོད་མིའི་མངོན་འདོད་རང་སྐྱོང་༼ བསམ་འཆར ༽ཡང་མདུན་ཅོག་གཅིག་གི་སྟེང་བགྲོ་གླེང་གི་ལམ་ནས་ངོ་སྤྲོད་ཚད་ལྡན་བྱས་པར་དངོས་སུ་ལན་མེད་པའི་ཐོག་སྤྲོད་ཐུབ་པ་བྱུང་ཡོད།

སྐབས་དེར་བཀའ་ཤག་གི་ཛ་དྲག་ནང་མོལ་གནང་དགོས་པའི་དགོངས་གཞིའི་ནང་“རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོ་དང་ཐད་ཀར་འབྲེལ་བ་ཞིག་མ་གནང་ན་ད་ལྟ་ལམ་སེང་འཕྲལ་དུ་ཁེ་དང་གྱོང་གི་ཁྱད་པར་ཞིག་མ་བྱུང་རུང་འབྱུང་འགྱུར་བྱུང་རབས་ཀྱི་ནང། སྐབས་དེ་དུས་འབྲེལ་བ་གནང་ཡོད་ན་དགེ་མཚན་ཡོང་རྒྱུ་ཞིག་ཡིན་པ་ལས་དེ་གནང་མི་འདུག་ཟེར་རྒྱུའི་གནས་ཚུལ་ཞིག་ལྷག་སྲིད། དེ་ཙམ་དུ་མ་ཟད་ང་ཚོའི་ངོས་ནས་གང་གནང་རྒྱུ་ཡོད་པ་དེ་དག་གང་དགའ་ཅི་ལེགས་ཀྱིས་ཆ་ཚང་བ་ཞིག་མ་གནང་ན་གཅིག་བྱས་ན་མ་འདེང་བའམ་ཆད་པའི་སྐྱོན་ཡོང་སྲིད་”ཅེས་རྡོ་རྗེ་གཡར་དམ་བརྟན་པོར་བཅས་ཏེ། ཛ་དྲག་ནང་མོལ་བྱུང་བ་མ་ཟད་འབྲེལ་མོལ་མུ་མཐུད་རྒྱུའི་དུས་ཚེས་རྣམས་ཀྱང་གཏན་འབེབས་བྱུང་སྟེ་རྒྱ་ནག་ཡིབ་ས་མེད་པ་ཞིག་བཟོས་པའི་ང་ཚོའི་སྐབས་མིག་མཐོང་ལག་ཟིན་གྱི་བྱུང་རབས་ཀྱིས་ཐོག་དྲངས་ན། སྲིད་སྐྱོང་ལྷན་རྒྱས་ནས་ཀྱང་སྐུ་ཚབ་བསྐོ་བཞག་དང་འབྲེལ་མོལ་བསྐྱར་གསོ་གནང་མི་ཐུབ་པའི་གནས་བབ་ཅིག་ནམ་ནམ་ཞར་ཞར་དུ་མེད་པ་རིག་པས་མཚུངས་བསྡུར་གྱིས་ར་འཕྲོད་པ་འདི། ཕྱི་ཟླ་བཅུ་གཉིས་པ་འདི་ཁུག་རྟས་གནམ་ཆར་སྒུག་པའི་གཏམ་རྒྱུད་གསར་པ་ཞིག་ཀྱང་ཡིན་ལོས་ཆོག

༢༠༡༢། ༡༢། ༡༤ ། ཉིན་བྲིས།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 62

  1. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    བཛྲ་སུ་མ་ཏི་ལགས།
    ངས་ཀྱང་སྔ་ས་ས་ནས་དོགས་པ་ཡོད། རྒྱུ་མཚན་གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱིས་ཏང་གིས་གདུག་རྩུབ་དང་དྲག་བརྡུང་རང་བཞིན་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་མུས་ལ་ངོ་རྒོལ་རང་བཞིན་ལྡན་པའི་མེར་སྲེག་ལས་འགུལ་དེ་རྒྱ་གཞུང་གིས་ཕྱི་ནས་ཏཱ་ལའི་ཁ་བྲལ་ཤོག་ཁག་གིས་དཀྲོག་གཏམ་དང་ངན་བསྐུལ་ཡིན་རབས་བཤད་པ་རེད་ལ། འདི་ནས་ཡང་རྒྱ་དད་དང་རྒྱ་ཞེན་ཆེ་བའི་མགོ་གཉིས་མ་འགའ་རེས་ཕྱི་ཕྱོགས་ནས་བོད་ནང་དུ་དཀྲོག་གཏམ་ཕྱིན་རབས་བཤད་ཚུལ་འདི་གཉིས་གཞི་གཅིག་གི་སྟེང་དུ་བབས་ཀྱི་འདུག་ན་ད་ཆ་བོད་ནང་དུ་ཞིབ་བཤེར་དང་བརྩད་གཅོད་བྱེད་བཞིན་པར་མིང་ཐོ་འདི་ནས་གཏོང་མི་ཡོང་ངམ་སྙམ་པའི་དོགས་གཞི་དང་སེམས་ངལ་ཆེན་པོ་འདུག།

    Reply
  2. བཛྲ་སུ་མ་ཏི། says:
    ལོ་ 13 སྔོན།

    གསེར་འབྲུག་ལགས། ཁྱོད་ཀྱི་བཤད་པ་དེ་ག་རང་རེད། འདིར་བདེན་དོན་གནས་ལུགས་བཤད་དགོས་པ་ལས་མིང་བྱང་དངོས་མ་དགོས་པ་མ་རེད། དེ་དག་གིས་ཁྱོད་ཀྱི་མིང་བྱང་ཤེས་འདོད་ཡོད་པ་འདྲ། དེང་སང་བོད་ནང་མང་བོ་འཛིན་བཟུང་བྱེད་བཞིན་པ་ཕལ་ཆེར་གྱི་མིང་གཞུང་འདི་ནས་གཏོང་གི་འདུག་ཟེར། ངས་དེ་འདྲ་ཅིག་གོ་སོང་དཀོན་མཆོག་གསུམ།

    Reply
  3. ཆོས་སྐྱིད། says:
    ལོ་ 13 སྔོན།

    མཐོང་ན་འཇིགས་པའི་བདེན་པ་གཅེར་བུ་ལ།།
    རང་མགོ་བསྐོར་བའི་གོས་ཀྱིས་མི་གཡོག་པ།།
    འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ།།
    སྲོག་ལ་བབས་ཀྱང་འབད་པས་སྲུང་བར་བགྱི།།

    ཅེས་ཀྱང་མཁས་པའི་གསུང་ཚིག་དྲངས་དེ་ཕན་དུ་རེའོ།།

    Reply
  4. ཆོས་སྐྱིད། says:
    ལོ་ 13 སྔོན།

    རང་བཙན་ལོ་རྒྱུས་ཁུངས་ཀྱང་ཆགས་ཧྲུལ་ལ།།
    བདེན་རྩོད་དཔུང་གི་ཚོགས་ཀྱང་མེད་དུས་འདིར།།
    དབུ་མའི་ལམ་གྱི་ཐབས་མཆོག་ཟབ་མོ་འདིས།།
    བོད་ལ་རང་དབང་བསྐྲུན་རྒྱུར་ཐེ་ཚོམ་བྲལ།།

    རང་སྲེག་བཏང་དང་གཏོང་བའི་ཐབས་ལམ་བཅས།།
    དབུ་མའི་ལམ་གྱི་དགོངས་དོན་ཡིན་ནོ་ཞེས།།
    གཞིས་ལུས་བོད་མིའི་ཁྲོད་ན་བསྒྲགས་པ་འདིས།།
    གླེན་པ་རྣམས་ཀྱི་སྟོང་བསམ་ཡལ་བར་ཤོག།།

    Reply
  5. ལྷག་བསམ says:
    ལོ་ 13 སྔོན།

    གཉིས་ཕན་དབུ་མའི་ལམ་གྱི་སྨན་མཆོག་འདིར།
    གངས་ཅན་བོད་མི་རྣམས་ཀྱིས་ཟས་ཟས་ཀྱིས།
    དམར་ཆུང་སྙིང་གི་དཀྱིས་ལ་ནད་ཤིག་ཕོག
    བཅོས་ཐབས་མེད་པས་མེ་རུ་བསྲེགས་དགོས་བྱུང་།

    གཉིས་ཕན་དབུ་མའི་ལམ་གྱི་སྨན་མཆོག་འདིས།
    ཏང་གཅེས་རིང་ལུགས་པ་ལ་ལོས་ཕན་ཀྱང་།
    རྒྱལ་གཅེས་རང་བཙན་པ་ཡི་སྙིང་ནད་ལ།
    ཕན་ཐབས་མེད་པས་མེ་རུ་བསྲེགས་དགོས་བྱུང་།

    གཉིས་ཕན་དབུ་མའི་ལམ་གྱི་སྨན་མཆོག་འདིས།
    རྒྱལ་བཙོང་རིང་ལུགས་པ་ལ་ལོས་ཕན་ཀྱང་།
    རང་ས་རང་བདག་འདོད་པའི་མགོ་ནད་ལ།
    ཕན་ཐོགས་མེད་པས་མེ་རུ་བསྲེགས་དགོས་བྱུང་།

    Reply
  6. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ཧ་ཧ། དེ་འདྲའི་དགོད་བྲོ་བ་ལ། མ་ཡིན་ཡིན་མདོག། མ་ཤེས་ཤེས་མདོག།

    ཐབས་མཆོག་དབུ་མ་རྒྱ་བོད་ནད་ངན་གྱི།
    འཕྲལ་ཕུགས་མཆོག་ཏུ་གྱུར་པའི་སྨན་ཡིན་ཡང་།
    ཀྲུང་གོས་སྨན་མཆོག་དུག་ཏུ་ལྟས་གྱུར་ཀྱང་།
    ཅོལ་ཆུང་ཧོལ་རྒྱུགས་མཁན་ཚོས་ཕན་རབས་བཤད།

    ས་ཐོབ་ཡིན་མདོག་མི་ཆོས་མཐོང་ཆུང་བྱེད།
    མ་རྟོགས་སེམས་ནང་ཞེ་སྡང་མེ་ལྟར་འབར།
    ༧གོང་ས་ཆེན་པོའི་མཛད་འཕྲིན་ནམ་མཁའ་ལ།
    ཕྱོགས་ལྷུངས་རང་ལྟས་སྤྲིན་ནག་འགེངས་པར་བྱེད།

    གཞིས་ལུས་རྒྱ་ཆེའི་སྤུན་ཟླ་མ་ལུས་ལ།
    མི་ཆོས་ལས་འདས་མནར་གཅོད་བཏང་རྐྱེན་གྱིས།
    མེར་སྲེག་ལ་སོགས་རྒྱ་རྒོལ་ལས་འགུལ་དེར།
    ཅོལ་ཆུང་རྒྱ་རྐུབ་འཇིབ་མཁན་རྫུན་ལ་བྲེལ།

    དངོས་ཐོག་བདེན་འཚོལ་མི་ཤེས་རྨོངས་དད་མཁན།
    གནས་ལུགས་དམར་རྗེན་བསྟན་ཀྱང་ལོག་ལམ་འཕྱན།
    རྒྱ་ལ་དད་ཞེན་ཆེ་བའི་རྒྱ་ཁྱི་ཚོ།
    མེས་རྒྱལ་ཁྱིམ་ཚང་པང་དུ་ལོག་རྒྱུགས་ཤིག།

    མདོ་དབུས་ཁམས་གསུམ་བོད་རིགས་སྤུན་ཟླ་ཚོས།
    གོང་བུ་གཅིག་གྱུར་རྒྱ་རྒོལ་ལས་འགུལ་དེར།
    དཀྲོག་གཏམ་མཇུག་འབྲས་ཡིན་རབས་རྫུན་རྐྱལ་ནང་།
    ལ་རྒྱ་སྒོར་མོར་བརྗེས་པའི་ངང་ཚུལ་སྐྱོ།

    ཐན་བྱའི་རྗེས་འབྲངས་ཅོལ་ཆུང་ཧོལ་རྒྱུགས་འགས།
    རྒྱ་ལ་ཡིད་བརྟན་བཅོལ་ནས་ནང་དམེ་བཟོ།
    ཁ་ནས་ཚུལ་མཐུན་གཉིས་སྨན་ཟེར་ཞོར་དུ།
    དོན་དུ་དངུལ་ཁུག་རྒྱ་ལ་གཟེད་དེ་མཚར།

    ལྷད་མེད་སེམས་ཀྱིས་དྲང་གཏམ་སྨྲ་བ་ལ།
    ལོག་ལྟ་ཅན་དང་དོལ་ཚོགས་འབྲེལ་ཡོད་རབས།
    གནས་ལུགས་རིག་པའི་རྒྱབ་ལྗོངས་མེད་ན་ཡང་།
    ཅོལ་ཆུང་གཏམ་དེས་རང་མདོག་ཕྱི་རུ་མངོན།

    དབུ་མའི་ལམ་ཆེན་དེ་རུ་འཇུག་པ་ལ།
    རིག་ལམ་ཡང་དག་རྒྱབ་རྟེན་མི་དགོས་ཏེ།
    རྒྱ་བོད་གནས་བབ་ངོ་མ་ཤེས་པ་ལ།
    ཉམས་རྟོགས་མི་དགོས་མཐོང་ཆོས་མྱོང་འགྱུར་ལགས།

    Reply
  7. བདུད་འཇོམས། says:
    ལོ་ 13 སྔོན།

    ཤོ་ལོ་ཀ་ལྔ་པའི་ཚིག་རྐང་མཐའ་མར་ ་་་་པ ་་་་་ཞིག་ཆད་འདུག

    Reply
  8. བདུད་འཇོམས། says:
    ལོ་ 13 སྔོན།

    ཐབས་མཆོག་དབུ་མས་རྒྱ་བོད་མི་དམངས་ཀྱི།།
    འཕྲལ་ཕུགས་མཆོག་ཏུ་གསོ་བའི་མཛད་འཕྲིན་ལ།།
    ཅོལ་ཆུང་ལོག་ལྟ་མཁན་གྱི་བོད་མི་འགས།།
    རྒྱ་ལ་རྒྱ་རོགས་བྱེད་བཞིན་དམོན་ལ་ལྟོས།།

    ལོག་པའི་མིག་གིས་དམ་ཆོས་མཐོང་ཆུང་ལྟ།།
    མ་རྟོགས་སེམས་ཀྱིས་བཟང་སྤྱོད་བཤིག་རུལ་གཏོང།།
    ༸གོང་ས་ཆེན་པོའི་མཛད་པར་ཟུར་ཟ་བའི།།
    སྤྱོད་ངན་ཕྱོགས་ལྷུང་ཅན་ཚོའི་ཀླད་རྒྱ་གཏོར།།

    ད་བར་གཞིས་ལུས་བོད་མིའི་སྤྱི་ཚོགས་ནང།།
    དཀྲོགས་གཏམ་འདྲ་མིན་བཀྲམས་པའི་མཇུག་འབྲས་རྣམས།།
    ལྷག་པར་རང་སྲེག་བྱུང་ནས་དེ་རིང་བར།།
    ཅོལ་ཆུང་དེ་རྣམས་སྐྱག་རྫུན་ལས་ལ་བྲེལ།།

    བདེན་པ་མཐོང་ན་རྫུན་རྐུབ་རུལ་འགྲོ་བའི།།
    གནས་ལུགས་བཤད་ན་གོ་ལོག་ལམ་འཕྱན་པའི།།
    སྲིན་པོ་དེ་རྣམས་བཙན་བྱོལ་ལོ་རྒྱུས་ནང།།
    དམར་ནག་རྒྱ་ཡིས་གསོས་པའི་དྲི་མ་འཐུལ།།

    ཆོལ་ཁའི་ཕྱོགས་ལྷུང་ངན་རུལ་རྩོད་པའི་ཆེད།།
    ཆོལ་གསུམ་ཆིག་སྒྲིལ་རྨང་ལ་ཐོ་བས་རྡུངས།།
    ཁ་ནས་བོད་དོན་བོད་དོན་ཟེར་ཞོར་དུ།།
    ལག་གོ་གུང་གཉིས་ལ་གཟད་འདི་ངན།།

    དེ་ཡི་རྗེས་འབྲངས་བསམ་མེད་ཅོལ་ཆུང་རྣམས།།
    མ་མཐོང་མ་རྟོགས་གཡང་ལ་འཆོང་རྐྱང་འདི།།
    རྩ་དོན་གྲུབ་འབྲས་ཐོན་ཕྱིར་མ་ཡིན་སྟེ།།
    ཆོལ་གསུམ་རང་རང་ས་ལ་གྱེས་རྟགས་རེད།།

    གསང་པའི་ངང་ན་རྒྱ་སྒོར་མཐུག་པོས་གསོ།།
    མངོན་པའི་ཡུལ་ན་དོལ་རྒྱལ་ཚོགས་པར་འབྲེལ།།
    རྟག་ཏུ་གླེན་ཤེད་རྐྱང་གིས་ཁེ་སྒྲུབ་པ།།
    ད་ནི་རྐུབ་ཁོངས་བརྡོལ་བའི་ཚུལ་ལ་བལྟས།།

    དབུ་མའི་ལམ་བཟང་དེ་ཡི་རྗེས་འཇུག་རྣམས།།
    རིག་པ་ཡང་དག་ལམ་གྱིས་རྒྱབ་དྲངས་ཏེ།།
    རྒྱ་བོད་གནས་བབ་མཁྱེན་པའི་རྟོགས་པ་ལ།།
    ཅོལ་ཆུང་བསམ་མེད་ཚོགས་ཀྱིས་ཅི་ལྟར་འགྲན།།

    ཆོལ་གཏོར་ཚོགས་ཁག་དེ་ཡི་ཅོལ་ཆུང་འགས།།
    རྟག་ཏུ་དམ་པར་སྨོད་པའི་ལས་འདི་རྣམས།།
    འཇིག་རྟེན་ཡོངས་གྲགས་རྫུན་རྐུབ་བརྡོལ་བཞིན་པའི།།
    དོན་མེད་མི་ཚེ་ཟད་འདི་སྙིང་རེ་རྗེ།།

    Reply
  9. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ཐབས་ཕྱོགས་དབུ་མའི་ལམ་གྱི་བྱུང་རིམ་ནང་།
    འབྲས་བུ་སྒོར་ཐིག་ཡིན་པའི་རང་སྐྱོང་དེ།
    ཉམས་ཆུང་བོད་མིའི་ཐོབ་སྐལ་མ་ལགས་ན།
    ཤར་ཁུག་རྗེས་འབྲངས་བཅས་པའི་ལྟོ་རྒྱབ་ལགས།

    Reply
  10. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ཡང་ན།
    ཐབས་ཕྱོགས་དབུ་མའི་ལམ་གྱི་བྱུང་རིམ་ནང་།
    འབྲས་བུ་སྒོར་ཐིག་ཡིན་པའི་རང་སྐྱོང་དེ།
    ཉམས་ཆུང་བོད་མིར་ཐོབ་སྐལ་མ་ལགས་ན།
    ཤར་ཁུག་རྗེས་འབྲངས་བཅས་པའི་ལྟོ་རྒྱབ་ལགས།

    Reply
  11. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ཐབས་མཆོག་དབུ་མའི་ལམ་གྱི་བྱུང་རིམ་ནང་།
    གསང་བ་ལྐོག་གྱུར་འབྲས་བུ་རང་སྐྱོང་དེ།
    མ་འདོད་བོད་མིའི་རྣམ་འགྱུར་ཚུལ་མཐུན་རིགས།
    ཁུག་རྟས་དྲག་རྡུང་བྱེད་དེར་ལྟས་ངན་བསྟོད།

    Reply
  12. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ལྗགས་ནག་དེ་ཇགས་ནག་ལ་གྱུར། བདུད་འཇོམས་དེ་ནང་འཇོམས་ལ་གྱུར། ཧ་ཧ་མིང་དོན་གོ་ལྡོག་ཏུ་སོང་བ་གཉིིས་ལ་བཟློ་བ་བྱ་བ་ནི།

    མི་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་ངན་འོག་ཏུ་ཚུད་ཟིན་པའི་ཧོལ་རྒྱུགས་མཁན་ཁྱོད་ཚོས་བོད་གཞིས་ལུས་རྒྱ་ཆེའི་མི་དམངས་དེ་ཚོ་རྣམ་དཔྱོད་ཀྱི་བློ་མིག་མི་ལྡན་པ་དཀྲོག་གཏམ་ལ་ཉན་ཆོག་ཆོག་དང་དཀྲོག་གཏམ་གྱི་བསླུས་ཆོག་ཆོག་ལ་ངོས་འཛིན་བྱས་ནས་ཡིད་ཆེས་དང་བློས་འགེལ་མེད་པར་རྒྱ་རོ་ཞིག་ལ་བློ་གཅིག་སེམས་གཅིག་གིས་ཡིད་ཆེས་བློས་འགེལ་བྱེད་པ་ནི་ཅི་འདྲའི་ཡ་མཚན་མ་རེད་པས། དོན་དངོས་གཞིས་ལུས་རྒྱ་ཆེའི་མི་དམངས་ནི་དཀའ་སྡུག་སྣ་མང་བརྒྱུད་མྱོང་བའི་ཆུ་ལ་བཤན་བྲག་ལ་བརྡབ་བྱས་པའི་རྒས་པོ་ཉམས་མྱོང་ཅན་ཤ་སྟག་རེད་ལ་ཏང་གིས་གདུག་རྩུབ་རང་བཞིན་ཅན་གྱི་འོག་མི་རིགས་ཀྱི་ལྟ་བ་དང་མི་རིགས་ཀྱི་གདུང་ཞེན། མི་རིགས་ཀྱི་ལ་རྒྱ་རང་བཞིན་ལྡན་པའི་གྲུང་རིག་རིག་གི་མི་རིགས་གཅིག་ཡིན། བྱས་ཙང་དོན་གྱི་བདག་པོ་གཞིས་ལུས་རྒྱ་ཆེའི་མི་དམངས་ཟེར་བ་དེ་ཁ་སྟོང་ནང་གི་ཚིག་སྟོང་མ་རེད་པས།
    མ་གཞི་ལམ་དབུ་མ་འདིའི་རེ་བསྙེགས་དང་དམིགས་ཡུལ་ནི་ད་ལྟའི་རྒྱ་བོད་གནས་སྟངས་དངོས་དང་བར་ཁྱད་ཆེན་པོ་ཤོར་འདུག་ལ་བྱ་བ་བཟང་པོར་འབྲས་བུ་བཟང་པོ་ཞིག་འབྱུང་རྒྱུ་ངེས་གཏན་རྩ་བ་ནས་མི་འདུག། བྱས་ཙང་སྲིད་ཇུས་འདི་བོད་དང་བོད་མི་རིགས་ཀྱི་བདག་དབང་དང་ཁ་རྗེ་དབང་ཐང་དང་འབྲེལ་བསྡད་ཡོད་ཙང་བོད་མི་རིགས་ཀྱི་གྲལ་མཐར་སྐྱེས་པ་ཕྱིན་ཆད་གླེང་ཆོག་པ་དེ་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་རེད་ལ་དམངས་གཙོ་དང་སྨྲ་བརྗོད་རང་དབང་གི་ཁྲིམས་ཀྱི་ཁྱབ་ཁོངས་ནང་ཡོད་ཙང་སུས་ཀྱང་འགོག་མི་ཆོག་པའི་གནད་དོན་ཞིག་རེད།

    དེ་ལྟ་བས་ན་ང་གསེར་འབྲུག་སྡེར་ལྔའི་ངོ་གདོང་དྲ་ངོས་སུ་བཤམ་དགོས་ཚུལ་བཤད་པ་ནི་ཀྲུང་གོར་རྩིས་སྤྲོད་བྱེད་རྒྱུའི་རེ་ངན་དང་སེམས་ངན་བཅངས་ཡོད་རྒྱུ་མ་རེད་པཱ། དེ་མིན་ན་ངའི་ངོ་གདོང་དྲ་ངོས་སུ་བཤམ་རྒྱུར་ཆ་རྐྱེན་གལ་ཆེན་གཉིས་ཡོད།
    དང་པོ་དེ་སྔ་ལོ་རྡོར་གདན་དུས་དབང་སྐབས་ངའི་ཕ་མ་རྒན་རྒོན་གཉིས་དང་གཅུང་མོ་བཅས་པ་དུས་དབང་ཞུས་ཕྲལ་ཕྱིར་རང་ཡུལ་ལོག་ཕྲལ་ཅ་དངོས་དང་ཕྱི་སྐྱོད་ལག་འཁྱེར་བཅས་པ་གཞུང་བཞེས་བཏང་བ་མ་ཟད། ཟླ་བ་མང་པོ་བཀག་ཉར་འོག་འདྲི་རྩད་ཚ་ནན་གྱིས་ལུས་སེམས་གཉིས་ཀར་དཀའ་ཁག་ཆེན་པོ་བྱུང་འདུག་ལ། ད་ཆ་རང་ཁྱིམ་དུ་ལོག་ཐུབ་ཙམ་བྱུང་འདུག་ཀྱང་སོ་བལྟ་དང་དམ་དྲག་གི་དངང་སྐྲག་འོག་གནས་མུས་ལ་ཁོང་ཚོར་སླར་ཡང་དཀའ་ཁག་མི་འཕྲད་པའི་ཡིད་ཆེས་བློས་འགེལ་ཆོག་པའི་ཡིན་ཅིག་འགན་ལེན་བྱེད་ཐུབ་པ་དགོས།
    གཉིས་པ་དེ་ངའི་བུ་ཕྲུག་གསུམ་པོ་འབྱུང་འགྱུར་ཕ་ཡུལ་དུ་གཉེན་འཕྲད་དང་ཕ་ཡུལ་གྱི་མཛེས་ལྗོངས་མིག་གི་ལོངས་སྤྱོད་བྱེད་པར་བསྐྱོད་འདོད་མཆིས་ཚེ་དཀའ་ཁག་མི་ཡོང་བའི་འགན་ལེན་ཐུབ་པ་བྱས་ན་ད་གཟོད་ངས་དྲ་ངོས་སུ་ངོ་གདོང་དང་སྡོད་གནས་ཁ་བྱང་བཅས་པ་བཤམ་རྒྱུར་དཀའ་ངལ་ཆེར་མེད་པ་རེད།
    མ་གཞི་བློ་གཅིག་སེམས་གཅིག་གིས་ཏང་དང་རྒྱལ་ཁབ་ལ་བློ་དཀར་གཞུང་དྲང་ཅན་ཁྱོད་ཚོ་དེ་ལྟའི་ཉེན་ཚབས་ཅི་ཡང་མེད་ཀྱང་ངོ་གདོང་བསྟོན་མི་ནུས་པར་མིང་རྫུན་འོག་ཏུ་ཡིབ་སྡོད་བྱེད་དགོས་པའི་རྒྱུ་མཚན་ག་རེ་རེད།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese