ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༨།༠༠ པ་ཙམ་ལ་རྒྱ་ནག་ཉེན་རྟོག་པ་དཀར་མཛེས་བོད་རིཊ་རང་སྐྱོང་ཁུལ་རྫ་ཆུ་ཁ་སེར་ཤུལ་རྫོང་རྫ་སྨད་དབོན་པོ་དགོན་པར་ཡོང་སྟེ། དགོན་པའི་རྨང་གཞིའི་རིག་གནས་སློབ་གྲྭའི་སློབ་ཕྲུག་གྲྭ་བསོད་མགོན་དང་བསོད་ཆོས། དགེ་འདུན། མཁས་གྲུབ། ནོར་བུ། དབྱིག་ཉེན་བཅས་གྲྭ་པ་ ༦ འཛིན་བཟུང་བཙན་ཁྲིད་བྱས་ཏེ། ད་ཆར་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག་ལ། ས་གནས་མི་མང་གིས་གྲྭ་པ་དེ་དག་འཛིན་བཟུང་བྱས་དོན་ནི། འདི་ལོ་ཕྱི་ཟླ་ ༡༠ པའི་ནང་དབོན་པོ་དགོན་གྲོང་གཉིས་ཀྱིས་རྒྱ་གཞུང་ངོ་རྒོལ་ལས་འགུལ་སྤེལ་བའི་གནས་ཚུལ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག
རྒྱ་གར་ལྷོ་ཕྱོགས་སེར་བྱེས་བྱ་བྲལ་ཁང་ཚན་གྱི་གྲྭ་བྱམས་པ་ཡོན་ཏན་གྱིས་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༥ ནས་ ༢༢ བར་རྫ་ཆུ་ཁ་དབོན་པོ་ས་གནས་ཀྱི་སྐྱ་སེར་ ༢༥ འཛིན་བྱས་པའི་ཁྲོད་ཀྱི་མང་ཆེ་ཉེས་ཆད་དང་གཅར་རྡུང་བཏང་རྗེས་ཀློད་གྲོལ་བཏང་ཡོད་ཀྱང་། སྐབས་དེར་འཛིན་བཟུང་བྱས་པའི་གྲྭ་ཆོས་དར་དང་ཚུལ་ཁྲིམས་བསྟན་འཛིན་བཅས་གྲྭ་བ་ལྔ་ད་ཆར་ཡང་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག་ལ། ད་ཆར་ཁམས་རྫ་ཆུའི་དབོན་པོ་ས་གནས་སུ་རྒྱ་གཞུང་གིས་དམག་མི་འགྲེམས་འཇོག་གིས་དམ་དྲག་དང་། ས་གནས་ཀྱི་ཁ་པར་དང་སྐར་འཕྲིན་ (wechat) བཅས་བརྒྱུད་ལམ་ཁག་ལ་སྟངས་འཛིན་ནན་མོ་བྱེད་ཀྱི་ཡོད་འདུག