མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཐུན་ཚོཊ་ཀྱི་དངུལ་རྩིས་འགྲོ་སྟངས་དེ་ཁྲིམས་མཐུན་དང་ཕྱི་གསལ་ནང་གསལ་ཞིག་བཟོས་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོ་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་གསར་འདེབས་བྱས་ཡོད་པ་ལྟར། ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ལགས་སུ་མ་འོངས་པར་མཐུན་ཚོགས་འདུ་ཡར་རྒྱས་གཏོང་ཕྱོགས་ཐད་འཆར་སྣང་ག་རེ་ཡོད་མེད་སྐོར་ནས་བཅར་འདྲི་ཞུས་ཡོད།

དྲི་བ། འདི་ལོ་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོཊ་ཀྱི་རྒྱུན་ལས་གསར་དུ་འདེམས་སྒྲུག་བྱས་ཡོད་པ་རེད། རྒྱུན་ལས་རྣམས་ལས་བགོས་ཇི་ལྟར་བྱས་ཡོད་མེད་དང་། ད་ལྟའི་ཆར་ཚོགས་པའི་དཀའ་ངལ་ཆེ་ཤོས་དེ་ག་རེ་རེད།

ལན། འདི་ལོའི་ཕྱི་ཟླ་དགུ་བའི་ནང་ནོར་གླིང་ཚོགས་ཁང་དུ་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་སྐབས་བཞི་བ་འཚོགས་ནས་ཉིན་གསུམ་རིང་རྩོམ་རིག་སོགས་བརྗོད་གཞི་སྣ་མང་ཐོག་བགྲོ་གླེང་དང་། དེ་བཞིན་མཐུན་ཚོགས་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་གྲོས་བསྡུར། མཐར་རྒྱུན་ལས་གསར་པ་མི་བཅུ་གཅིག་འདེམས་བསྐོ་བྱས་ཡོད། དེ་དག་གི་ལས་བགོས་ནི། སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་ཚོགས་གཙོ་དང་། སྤྲོ་ཚིགས་ཆོས་གྲགས་ཚོགས་གཞོན་དང་ཕྱི་འབྲེལ་དྲུང་ཆེ་གཅིག་ལྕོག གཡུ་སྒང་འོད་ཟེར་འཛིན་སྐྱོང་དྲུང་ཆེ་དང་དངུལ་གཉེར་གཅིག་ལྕོག སྨན་ཤེར་བློ་གྲོས་ཤེས་ཡོན་འགན་འཛིན་དང་རྩིས་པ་གཅིག་ལྕོག མེ་འོད་སྤྱི་ཚོགས་མེ་ལོང་གི་སྤྱི་ཁྱབ་རྩོམ་སྒྲིག་པ། རྡོ་རྗེ་ཚེ་རིང་དྲྭ་རྒྱའི་རྩོམ་སྒྲིག་པ་དང་གསར་འགོད་པ་རྒན་པ། གཟུངས་འདུས་སྐྱིད་སྤྱི་ཚོགས་མེ་ལོང་གི་རྩོམ་སྒྲིག་པ་དང་འགྲེམས་སྤེལ་པ། དྲུག་དཀར་མཚོ་རྩོམ་སྒྲིག་ལས་རོགས་དང་གསར་འགོད་པ། ཨ་རིག་དགེ་མཐོང་ཕྱོགས་བཞུགས་འབྲེལ་མཐུད་པ། རྫ་ཚེ་རིང་བཀྲ་ཤིས་དང་ཁ་སྒང་བསམ་གཏན་རྒྱ་མཚོ་གཉིས་ཕྱོགས་བཞུགས་རྒྱུན་ལས་བཅས་རེད། ད་ལྟའི་སྐབས་ང་ཚོ་མཐུན་ཚོགས་ཀྱི་དཀའ་ངལ་གཙོ་བོ་ནི། མཐུན་ཚོགས་ལ་མ་དངུལ་རྩ་བ་ནས་མེད་པ་དང་། དེ་སྔའི་ལས་བྱེད་པ་རེ་ཟུང་གི་ལས་ཀ་བྱེད་སྟངས་དབང་གིས་སྤྱི་ཚོགས་ཁྲོད་བག་ཆགས་ངན་པ་བཞག་པ་དང།  དགོས་ངེས་ཀྱི་ཆེ་མཐོང་དང་ངོས་འཛིན་ལེཊ་པོ་མེད་པ་དེ་རེད།

དྲི་བ། ད་སྐབས་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ལ་ཚོགས་མི་ག་ཚོད་ཡོད། མཐུན་ཚོགས་འདིའི་ཚོགས་མི་དག་གི་བརྩམས་ཆོས་ཁྲོད་དེང་རབས་བོད་ཀྱི་རྩོམ་རིག་གར་སྟེགས་སྟེང་གདེང་འཇོག་དང་ཚབ་མཚོན་རང་བཞིན་ཅན་གྱི་བརྩམས་ཆོས་གང་དག་ཐོན་ཡོད་མེད་ཀྱི་སྐོར་ནས་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན། ད་ལྟའི་སྐབས་སུ་ང་ཚོར་ཤེས་ཡོན་ཅན་གྱི་རྩོམ་པ་པོ་ཚོགས་མི་བརྒྱ་ཙམ་ཡོད། དེ་དག་ནི་སྐྱ་སེར་གཉིས་ཀ་དང་ཕོ་མོ་དབྱེར་མེད། དེ་བཞིན་བོད་ཆོལ་ཁ་གསུམ་གྱི་ཚོགས་མི་འདུས་ཡོད། འདས་པའི་ལོ་བཅུ་ལྷག་རིང་འདི་ག་མཐུན་ཚོགས་ཀྱི་ཚོགས་མི་རྩོམ་པ་པོ་ཚོས་བོད་ཕྱི་ནང་གི་རྩོམ་རིག་དུས་དེབ་དང་། ཆེད་དེབ། ཚགས་པར། དྲྭ་རྒྱ་སོགས་སུ་སྒྱུ་རྩལ་རྩོམ་རིག་གི་བརྩམས་ཆོས་གང་མང་གསར་རྩོམ་དང་འགྲེམས་སྤེལ་བྱས་ཡོད་པ་རེད་ལ། དེ་དག་གིས་བོད་ཀྱི་དེང་རབས་རྩོམ་རིག་གི་ལོ་རྒྱུས་ཁྲོད་གོ་བབ་ངེས་ཅན་ཞིག་འཛིན་ཐུབ་ཡོད་པ་རེད་བསམ་གྱི་འདུག ལྷག་པར་དུ་བཙན་བྱོལ་ལ་ཡོད་པའི་རྩོམ་པ་པོ་ཞིག་གི་ངོས་ནས་བོད་ཀྱི་རྩ་དོན་ཆབ་སྲིད་དང་འབྲེལ་བའི་རྩོམ་རིག་བརྩམས་ཆོས་དང་། སྤྱིར་བཏང་གི་དཔྱད་བརྗོད་རྩོམ་ཡིག་སོགས་གང་མང་བྲིས་ཏེ་དཔར་འགྲེམས་བྱས་ཡོད་པ་ནི། རྩོམ་པ་པོ་ཚོས་རང་མི་རིཊ་ཀྱི་བདེ་སྡུག་ལ་འགན་ཁུར་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

དྲི་བ། མཐུན་ཚོགས་འདི་ནི་བོད་མི་ཤེས་ལྡན་པ་ཙམ་མ་ཡིན་པར་དམིགས་བསལ་རྩོམ་རིག་དང་ཐད་ཀར་འབྲེལ་བ་ཆགས་ཡོད་སྟབས། ཚོགས་མིའི་སྤུས་ཚད་ཐད་སྤྱི་ཚོགས་ནང་ལྟ་སྟངས་སྣ་ཚོགས་ཤིག་ཡོང་གི་ཡོད་པ་རེད། མ་འོངས་པར་རྒྱུན་ལས་གསར་བའི་ངོས་ནས་ཚོགས་མི་འདེམས་སྒྲུག་ཐད་བསྐྱར་ཞིབ་དང་ལེགས་སྒྲིག་ཇི་ལྟར་བྱ་འཆར་ཡོད་དམ།

ལན། ད་ལྟའི་སྐབས་སུ་སྤྱིར་བཏང་བཤད་ན་ང་ཚོའི་ཚོགས་མི་མང་ཆེ་བའི་སྤུས་ཚད་ཡག་ཐག་ཆོད་འདུག་བསམ་གྱི་ཡོད། རྩོམ་པ་པོ་སོ་སོའི་ཁྱད་ཆོས་དང་དགའ་ཁ་འཁྱེར་ཕྱོགས་མ་འདྲ་བའི་ཐོག་ནས་རྩོམ་ལུས་མ་འདྲ་བའི་རྩོམ་ཡིག་སྣ་ཚོགས་འབྲི་སྤེལ་བྱེད་ཀྱི་ཡོད་པ་རེད། ཁག་ཅིག་སྙན་ངག་དང་སྒྲུང་རྩོམ་སོགས་སྒྱུ་རྩལ་རྩོམ་རིག་དང་། ཁག་ཅིག་གིས་དཔྱད་རྩོམ་དང་སྤྱི་ཚོགས་གླེང་བརྗོད་སོགས་སྤྱིར་བཏང་གི་རྩོམ་ཡིག་འབྲི་བཞིན་ཡོད་པ་རེད། ཚོགས་མི་གསར་འཇུག་ཐད་འོས་ཆོས་དོན་ཚན་བདུན་ང་ཚོའི་སྒྲིག་གཞིའི་ནང་ཡོད་པ་གཞིར་བཟུང་། སྐབས་སོ་སོའི་རྒྱུན་ལས་རྣམས་ནས་གོ་བསྡུར་བརྒྱུད་ཐག་གཅོད་བྱེད་ཀྱི་ཡོད་པ་རེད། འོས་ཆོས་ནང་ཚད་ལྡན་གྱི་བརྩམས་ཆོས་གང་འཚམས་ཡོད་དགོས་པ་དང་། དེ་བཞིན་མཐུན་ཚོགས་ཀྱི་ཚོགས་མི་གཉིས་ནས་ངོ་སྤྲོད་འགན་ལེན་བྱེད་དགོས་སྟབས་གང་བྱུང་མང་བྱུང་ཡོང་ཤེས་ཀྱི་མ་རེད། མ་འོངས་པར་བོད་རིགས་ཡིན་པ་གང་ཞིག་ལ་དབྱིན་ཇི་དང་རྒྱ་ཡིག་སོགས་སྐད་ཡིག་གཞན་གྱི་སྒང་ནས་རྩོམ་ཡིག་འབྲི་མཁན་གྱི་རྩོམ་པ་པོ་ཡང་ཚོགས་མིར་ལེན་རྒྱུའི་འཆར་གཞི་དང་གྲོས་ཆོད་ཡོད་པ་རེད། ངས་གོ་སྐབས་འདི་བརྒྱུད་ནས་སྐད་ཡིག་གཞན་གྱི་ཐོག་རྩོམ་འབྲི་མཁན་གྱི་རང་རིགས་རྩོམ་པ་པོ་ཚོ་ང་ཚོའི་མཐུན་ཚོགས་ལ་ཞུགས་པར་འབོད་སྐུལ་དང་དགའ་བསུ་ཞུ་རྒྱུ་ཡིན།

དྲི་བ། པེན་སྤྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་འདི་ནི་རྒྱལ་སྤྱིའི་ངོས་ལེན་ཡོད་པའི་ཚོགས་སྡེ་ཞིག་ཆགས་ཡོད་པ་རེད། ཡིན་ནའང་། དངུལ་རྩིས་འགྲོ་སྟངས་ཀྱིས་མཚོན་པའི་ཚོགས་པར་ཁྲིམས་སྒྲིག་ཚགས་ཚུད་ཅིག་མི་འདུག་སྐད། འདིའི་ཐད་ཡར་རྒྱས་ཚགས་ཚུད་ཇི་ལྟར་གཏོང་འཆར་ཡོད་དམ།

ལན། དྲི་བ་འདི་ང་ཚོར་མཚོན་ན་གལ་གནད་ཆེན་པོར་ཆགས་ཀྱི་འདུག གསལ་བཤད་ཀྱི་གོ་སྐབས་གནང་བར་ཐུགས་རྗེ་ཆེ། ང་ཚོའི་མཐུན་ཚོགས་འདི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡན་ལག་དང་། རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཡོད་པའི་ཚོགས་པ་ཞིག་ཡིན་སྟབས། དངུལ་རྩིས་ཀྱི་འགྲོ་སྟངས་སོགས་ཁྲིམས་མཐུན་དང་གཙང་མ་ཞིག་དགོས་པ་གལ་ཆེ་ཤོས་སུ་མཐོང་། དེ་སྔ་ལས་ཀ་བྱེད་མཁན་འགའ་རེ་གློ་བུར་བརྗེ་སྤོར་དང་། ལས་ཀ་བྱེད་ཕྱོགས་དང་ཉམས་མྱོང་འདེང་མིན་སོགས་ཀྱི་དབང་གིས་མཐུན་ཚོགས་ལ་དངུལ་རྩིས་ཀྱི་འགྲོ་སྟངས་སོགས་ཁྲིམས་སྒྲིག་སྤུས་དག་ཅིག་བྱུང་མི་འདུག ང་ཚོ་སྐབས་བཞི་བའི་རྒྱུན་ལས་གསར་པ་ཚོའི་ངོས་ནས་དངུལ་རྩིས་ཀྱི་འགྲོ་སྟངས་དང་ལས་ཁུངས་ཀྱི་སྒྲིག་གཞི་སོགས་ཁྲིམས་མཐུན་སྤུས་དག་ཅིག་བཟོ་རྒྱུ་དེ་ལས་ཀ་ཨང་དང་པོར་བརྩིས་ཏེ། ཀིརྟིའི་དགེ་རྩ་ཚོགས་པ་སོགས་རྩིས་ཀྱི་འགྲོ་སྟངས་ཁམས་གཙང་ཁྲིམས་མཐུན་ཡོད་མཁན་གྱི་འབྲེལ་ཡོད་ཚོགས་པ་ཁག་ཅིག་ལ་འདྲི་ཞིབ་དང་དཔེ་ལེན་བྱས་ཏེ། ད་ལྟའི་ཆར་མཐུན་ཚོགས་ཀྱི་དངུལ་རྩིས་ཀྱི་འགྲོ་སྟངས་དེ་ཁྲིམས་མཐུན་དང་ཕྱི་གསལ་ནང་གསལ་ཡོང་བའི་སྒྲིག་གཞི་ཞིག་བཟོས་ཏེ་ལག་བསྟར་བྱེད་མུས་ཡིན། དེ་བཞིན་ལས་ཁུངས་ཀྱི་འཛིན་སྐྱོང་སྒྲིག་གཞིའི་ཟིན་བྲིས་ཤིག་ད་ལྟ་བཟོ་བཞིན་པའི་སྒང་ཡིན་ལ། མི་རིང་བར་རྒྱུན་ལས་རྣམས་འཚོགས་ཏེ་གོ་བསྡུར་དང་གཏན་འབེབས་བྱ་རྩིས་ཡོད། དེ་བཞིན་གལ་ཆེ་ཤོས་ཤིག་ནི་ད་ཕྱིན་ཕྱི་རྒྱལ་ཁག་ཏུ་རྒྱལ་སྤྱིའི་རང་བཞིན་ཚོགས་འདུ་དེ་འདྲ་འཚོགས་སྐབས་རྒྱུན་ལས་ཀྱི་འཐུས་ཚབ་ཅིག་མཉམ་ཞུགས་བྱེད་རྒྱུ་ལས་གཞན་ཚོགས་མི་རྣམས་སྔོན་ཆད་ལྟར་རྒྱན་དཀྲུག་དང་དངུལ་དངོས་ཀྱི་ཁེ་ཕན་ཙམ་ལ་བལྟས་ཏེ་ཕྱིར་ཡོང་མི་ཐུབ་པའི་རིགས་གཏོང་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད། གལ་སྲིད་མཐུན་ཚོགས་ཀྱི་ཚོགས་མི་དེ་འདྲ་སྒེར་ངོས་ནས་ཚོཊ་ཞུཊ་གནང་འདོད་ཡོད་ན་དེ་ལ་མཐུན་ཚོགས་ཀྱི་ངོས་ནས་ཚོཊ་མི་ཡིན་པའི་ངོས་སྦྱོར་གནང་དགོས་པ་རེད།

དྲི་བ། བཙན་བྱོལ་སྤྱི་ཚོགས་ཁྲོད་ཏོག་ཙམ་གདེང་འཇོག་ཡོད་པའི་རྩོམ་པ་པོ་རྒན་རབས་པ་དག་མཐུན་ཚོགས་འདིའི་ཚོགས་མིའི་ཁྲོད་འཛུལ་ཞུགས་གནང་མི་འདུག དེ་བཞིན། སྔར་འཛུལ་ཞུགས་བྱེད་མཁན་ཁག་ཅིག་ཕྱིར་ཐོན་འདུག དེའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་པར་དགོངས་ཀྱི་ཡོད་དམ། མ་འོངས་པར་རྩོམ་པ་པོ་རྒན་རབས་རྣམས་འཛུལ་ཞུགས་ཡོང་ཐབས་གནང་རྩིས་ཡོད་དམ།

ལན། མ་གཞི་ཚོགས་པ་གང་ཞིག་ཡིན་ནའང། དེའི་ནང་དུ་འཛུལ་ཞུགས་བྱེད་དང་མི་བྱེད། དེ་བཞིན་ཚོགས་ཁོངས་ནས་ཕྱིར་ཐོན་དང་མི་ཐོན་ཟེར་བ་དེ་མི་སོ་སོ་སྒེར་གྱི་ཐོབ་ཐང་རེད། ད་ལྟའི་སྐབས་སུ་ང་ཚོའི་མཐུན་ཚོགས་འདི་ལ་མཚོན་ན་ཚོགས་མི་རྙིང་པ་དང་དེ་བཞིན་གསར་དུ་ཞུགས་རྒྱུར་སྙན་ཞུ་འབུལ་མཁན་མང་པོ་འདུག ང་ཚོ་སྐབས་བཞི་པའི་རྒྱུན་ལས་ནས་འདས་པའི་ཟླ་གསུམ་ཙམ་རིང་ལས་ཀ་བྱས་རིང་ཚོགས་མི་གསར་ཞུགས་དང་། དེ་བཞིན་དེ་སྔ་ཚོགས་ཁོངས་ནས་རང་བཞིན་གྱིས་ཕྱིར་ཐོན་པའི་ཚོགས་མི་རྙིང་པ་ཚུར་ཞུགས་མཁན་དེ་འདྲ་ཡང་འདུག ཕྱིར་ཐོན་མཁན་ཟེར་བ་ནི་མཐུན་ཚོགས་ཀྱི་སྒྲིག་གཞི་ལྟར་ཚོགས་དངུལ་དུས་ཐོག་ལ་མ་ཕུལ་སྟབས་རང་བཞིན་གྱིས་ཚོགས་ཁོངས་ནས་ཐོན་པར་བརྩིས་པ་དང་། བསམ་བཞིན་དུ་མངོན་གསལ་དོད་པོར་ཕྱིར་འཐེན་བྱས་པ། རྒྱུན་ལས་ཀྱི་ངོས་ནས་ཚོགས་ཁོངས་ནས་རྩ་དགོངས་བཏང་པ་དེ་འདྲ་གང་ཡང་ཡོད་པ་རེད། བསམ་བཞིན་དུ་ཕྱིར་ཐོན་མཁན་དག་ནི་གཅིག་བྱས་ན་སྐབས་ཐོག་སོ་སོའི་རྒྱུན་ལས་ཚོའི་ལས་ཀ་བྱེད་སྟངས་དང་འབྲེལ་བ་གནང་ཕྱོགས་ཀྱི་ཐོག་ནས་ཕྱིར་འཐེན་བྱས་པ་དེ་འདྲ་ཡིན་སྲིད། དེ་སྔའི་རྒྱུན་ལས་ཚོས་ཕྱག་ལས་གནང་ཕྱོགས་ཐད་ལྟ་ཚུལ་ཡོད་ནའང་། མཐུན་ཚོགས་འདི་ཉིད་བོད་ཀྱི་རྩ་དོན་འཐབ་རྩོད་ཁྲོད་ཤེས་ཡོན་ཅན་གྱི་ཚོགས་སྡེ་གལ་ཆེན་ཞིག་ཆགས་ཡོད་སྟབས། དེ་སྔ་བསམ་ཚུལ་མཐུན་མིན་དང་འདོད་པ་ཁེངས་མིན་ལ་མ་ལྟོས་པར་བསྐྱར་དུ་ཚོགས་ཁོངས་སུ་འཛུལ་ཞུགས་གནང་སྟེ་ནུས་ཤུགས་མཉམ་འདོན་དང་། ཚོགས་པ་འདི་ཉིད་ཚགས་ཚུད་ཅིག་ཡོང་བར་དགོངས་ཚུལ་འདོན་རྒྱུའི་རེ་བ་བྱེད་བཞིན་ཡོད། དེ་བཞིན་ང་ཚོ་རྒྱུན་ལས་རྣམས་ཀྱིས་གཙོ་བོ་འགན་བླངས་ཏེ་མིང་མཐོང་ཡོད་པའི་རྩོམ་པ་པོ་རྒན་རབས་རྣམས་འདི་ག་མཐུན་ཚོགས་ནང་འཛུལ་ཞུགས་ཡོང་རྒྱུར་འབོད་སྐུལ་ཞུ་རྩིས་ཡོད། དེ་འདྲ་བྱུང་ན་གཅིག་ནས་རྩོམ་རིག་གི་ལས་དོན་ཐོག་གཅིག་གྱུར་གྱིས་ནུས་ཤུགས་འདོན་ཐུབ་པ་དང། གཉིས་ནས་འདི་ག་མཐུན་ཚོགས་ཀྱི་སྤུས་ཚད་ལའང་ཕན་ཐོགས་ས་རེད་བསམ་གྱི་འདུག

དྲི་བ། བཙན་བྱོལ་སྤྱི་ཚོགས་ནང་ཚད་འཛིན་རུང་བའི་རྩོམ་རིག་དུས་དེབ་དང་། རྩོམ་ཡིག་གི་རྒྱུ་སྤུས་ལ་ཁག་ལེན་གནང་མཁན་གྱི་རྩོམ་སྒྲིག་ཁང་སོགས་མེད་སྟབས། གསར་སྐྱེས་རྩོམ་པ་པོའི་འཚར་ལོངས་ཀྱི་ཁ་ཕྱོགས་ལ་བར་ཆད་སྣ་ཚོགས་འཕྲད་ཀྱིན་ཡོད་པ་རེད། སྤྱི་ཚོགས་རང་བཞིན་གྱི་དཀའ་ངལ་འདི་རིགས་ལ་མཐུན་ཚོགས་ཀྱི་ངོས་ནས་གདོང་ལེན་ཅི་ལྟར་གནང་རྩིས་ཡོད་དམ།

ལན། སྤྱིར་མི་རིགས་ཤིག་གི་རྩོམ་རིག་འཕེལ་རྒྱས་ལ་རྩོམ་རིག་བརྩམས་ཆོས་ཀྱི་སྤུས་ཚད་དང་གྲངས་ཀ་གཉིས་ཆ་གལ་ཆེན་པོ་རེད། བཙན་བྱོལ་ཁྲོད་སློབ་གྲྭ་ཁག་དང་འབྲེལ་ཡོད་ཚོགས་པ་ཁག་ནས་ནང་ཁུལ་འགྲེམས་སྤེལ་ལ་དམིགས་པའི་ཚགས་དེབ་ཁག་གི་སྟེང་བཀོད་པའི་སྦྱོང་བརྡར་རྩོམ་ཡིག་རྣམས་ཕུད། རྩོམ་རིག་གི་དུས་དེབ་དང་དྲྭ་རྒྱའི་ཐོག་མི་འབོར་ལ་དཔག་པའི་རྩོམ་ཡིག་གི་གྲངས་ཀ་མང་པོ་རེད་ལ། དེ་དག་ཁྲོད་བསམ་བློ་དང་སྒྱུ་རྩལ་ཕུན་སུམ་ཚོགས་པའི་བརྩམས་ཆོས་སྤུས་ཚད་ལྡན་པ་དེ་འདྲ་ཡང་གང་མང་འདུག་བསམ་གྱི་ཡོད། མི་སྒེར་སོ་སོའི་ཆེད་སྒྲིག་བྱས་པའི་རྩོམ་དེབ་ཁག་ལ་ནི་སྤུས་ཚད་ཡོད་མེད་ཅི་རིགས་ཡོང་གི་ཡོད་ནའང་། མང་གཙོའི་ལུང་པའི་ནང་སྨྲ་བརྗོད་དང་དཔར་སྐྲུན་རང་དབང་ཡོད་སྟབས་སུས་ཀྱང་འདོན་མི་ཆོག་ཅེས་བཀག་འགོག་བྱེད་ཐུབ་ཀྱི་མ་རེད། འོན་ཀྱང་ཀློག་པ་པོ་དང་འབྲེལ་ཡོད་དཔྱད་བརྗོད་པའི་ངོས་ནས་དཔྱད་བརྗོད་དང་གདེང་འཇོག་བྱས་ཏེ་དགེ་འདོན་སྐྱོན་སེལ་བྱེད་རྒྱུ་གལ་ཆེན་རེད། གསར་སྐྱེས་རྩོམ་པ་པོ་ཚོ་བསྐྱེད་བསྲིངས་ཡག་པོ་ཞིག་བྱེད་རྒྱུའི་འགན་དེ་འབྲེལ་ཡོད་རྩོམ་རིག་དགེ་རྒན་ཁག་དང་། ཚགས་དེབ་སོགས་ཀྱི་རྩོམ་སྒྲིག་པ་སོགས་ལ་ཡོད་པ་རེད་བསམ་གྱི་འདུག འདི་ག་མཐུན་ཚོགས་ངོས་ནས་བཙན་བྱོལ་བོད་མིའི་མཐོ་སློབ་དང་སློབ་གྲྭ་ཁག་ཏུ་པེན་འཛིན་གྲྭའི་ངོ་བོའི་ཐོག་ནས་རྩོམ་རིག་ཟབ་སྦྱོང་སྤྲོད་པ་དང་། དེ་བཞིན་སྤྱི་ཚོགས་མེ་ལོང་ཐོག་གསར་རྩོམ་བྱེད་མཁན་གྱི་སློབ་མ་ཚོར་དམིགས་ནས་ལེ་ཚན་ཞིག་ཀྱང་གོ་སྒྲིག་བྱས་ཏེ་རྩོམ་ཡོན་འབུལ་རྒྱུ་བྱས་ནས་གསར་སྐྱེས་རྩོམ་པ་པོ་ཚོར་ལམ་སྟོན་དང་སྦྱོང་བརྡར་སྤྲོད་ཀྱི་ཡོད། དེས་གསར་རྩོམ་གྱི་ཁ་ཕྱོགས་དང་རྩོམ་ཡིག་གི་སྤུས་ཚད་ཡག་པོ་ཡོང་བར་གང་འཚམ་ཕན་ཐོགས་ཡོང་བའི་རེ་བ་བྱེད་ཀྱི་ཡོད།

དྲི་བ། བོད་ནང་རྒྱའི་བཙོན་འོག་ཚུད་མཁན་དང་། དེ་བཞིན། འགྲོ་འདུག་རང་དབང་མེད་པར་བཀག་སྡོམ་མནར་གཅོད་མྱོང་བཞིན་པའི་རྩོམ་པ་པོ་མང་དག་ཅིག་ཡོད་པ་ལྟར། རྒྱལ་སྤྱིའི་པེན་མཐུན་ཚོགས་ལ་སྙན་ཞུ་ཕུལ་ཏེ་ཁོང་ཚོའི་བདེ་སྡུག་ཐད་གཟིགས་རྟོག་ཡོང་ཐབས་གང་དག་གནང་ཡོད་པ་དང་། མ་འོངས་པར་ཇི་ལྟར་གནང་རྩིས་ཡོད།

ལན། བོད་ནང་གི་ཛ་དྲག་གནད་དོན་སྐོར་དང་། རྒྱ་དམར་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དང་བྱེད་ཐབས་ལ་ངོ་རྒོལ་རྩོམ་ཡིག་བྲིས་ཏེ་བཙོན་ཏུ་ཚུད་པའི་རང་རིགས་རྩོམ་པ་པོ་མང་པོ་ཞིག་ཁྲིམས་འོག་ཏུ་མནར་གཅོད་མྱོང་བཞིན་ཡོད་པ་རེད། དེ་ཚོའི་ནང་ཁག་གཅིག་ནི་ལོ་མང་རིང་ཁྲིམས་ཐག་བཅད་ཡོད་པ། དཔེར་ན། མཆོད་མེ་དྲ་བ་གསར་འཛུགས་བྱེད་མཁན་དཀོན་མཆོག་ཚེ་འཕེལ་ལ་ལོ་བཅོ་ལྔ་དང་། ནག་ཆུ་ནས་ཡིན་པའི་ལྷ་མོ་སྐྱབས་ལ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བར་བསྙད་དེ་ལོ་བཅོ་ལྔ། ལྷིང་འཇགས་མེད་པའི་ཧི་མ་ལ་ཡ་ཞེས་པའི་རྩོམ་ཡིག་འབྲི་གནང་མཁན་སྒྲོལ་མ་སྐྱབས་ལ་ལོ་བཅུའི་ཁྲིམས་ཐག་བཅད་ཡོད་པ་རེད། དེ་བཞིན་ཁག་གཅིག་བཙོན་གྲོལ་ཐོབ་ཀྱང་བཙོན་ཁང་ནང་མནར་གཅོད་དབང་གིས་དབང་པོ་སྐྱོན་ཅན་དང་དྲན་ཤེས་རྒྱུན་ལྡན་མ་ཡིན་པ་བཟོས་ཡོད་པ་རེད། དཔེར་ན་ངའི་ཕ་ཡུལ་དང་ཞི་བའི་བཅིང་འགྲོལ་ཞེས་པའི་རྩོམ་ཡིག་འབྲི་མཁན་བྱ་མདོ་རིན་ཆེན་བཟང་པོ་ལྟ་བུར་མཚོན་ན། དང་ཐོག་བཙོན་འཇུག་བྱེད་སྐབས་ཐང་ཐང་ཡིན་ནའང་། བཙོན་ནས་ཕྱིར་བཏོན་དུས་དབང་པོ་སྐྱོན་ཅན་དང་དྲན་ཤེས་རྒྱུན་ལྡན་མ་ཡིན་པ་བཟོས་ཡོད་འདུག དེ་བཞིན་བཙོན་ཁང་ནས་ཕྱིར་བཏོན་ཡོད་ཀྱང་། བསམ་བློ་དང་འགྲོ་འདུག་སྤྱོད་གསུམ་གང་ཅིར་རྒྱ་དམར་གྱི་དམ་དྲག་འོག་ཡོད་པའི་རྩོམ་པ་པོ་ཧ་ཅང་མང་པོ་རེད། དཔེར་ན་ཚེ་རིང་འོད་ཟེར། ཞོགས་དུང་ངམ་བཀྲ་རྒྱལ། སྒོ་ཤེས་རབ་རྒྱ་མཚོ། རང་བྱུང་། འཇམ་དབྱངས་སྐྱིད་སོགས་མང་པོ་ཡོད་པ་རེད། རྩོམ་བྲིས་སོགས་ལ་བརྟེན་ནས་རྩོམ་པ་པོ་ལས་གནས་ནས་ཕུད་པ་དེ་འདྲའང་མང་པོ་རེད། བཙོན་འོག་ཏུ་མནར་གཅོད་མྱངས་དང་མྱོང་བཞིན་པའི་རང་རིགས་རྩོམ་པ་པོ་དེ་ཚོའི་སྐོར་ལ་རྩད་གཅོད་ཡག་པོ་དང། དེ་ཚོའི་ཆེད་དུ་ལས་འགུལ་ཁ་ཚ་དགོས་གཏུགས་སྤེལ་རྒྱུ་ནི་ང་ཚོ་ཕྱི་ལོགས་སུ་ཡོད་པའི་གཞུང་སྒེར་ཚོགས་གསུམ་དང། ལྷག་པར་དུ་ང་ཚོའི་མཐུན་ཚོགས་ལ་མཚོན་ན། ཐད་ཀར་འབྲེལ་བ་ཡོད་པའི་ལས་འགན་ཞིག་ཆགས་བསྡད་ཡོད་པ་རེད། འདི་ག་མཐུན་ཚོགས་ངོས་ནས་རྒྱལ་སྤྱིའི་པེན་ལ་བོད་ནང་གི་བཙོན་འོག་གི་རྩོམ་པ་པོ་རྣམས་ཀྱི་སྐོར་གནས་ཚུལ་གང་ཐུབ་བཏང་ཡོད་པ་དང། རྒྱལ་སྤྱིའི་པེན་གྱི་བཙོན་འོག་ཏུ་ཚུད་པའི་རྩོམ་པ་པོའི་སྡེ་ཚན་གྱི་མིང་གཞུང་ནང་བོད་ཀྱི་རྩོམ་པ་པོ་ཚོའི་མིང་ཐོ་ཚུད་ཡོད་པ་དང། ཚོགས་འདུ་སྔ་ཕྱིའི་ཐོག་དེ་ཚོའི་སྐོར་གླེང་སློང་དང་གྲོས་ཆོད་འཇོག་ཐུབ་པ་བྱུང་ཡོད། དེ་བཞིན་པེན་གྱི་ཡན་ལག་ཚོགས་པ་ཁག་ནས་འཛམ་གླིང་གི་རྒྱལ་ཁབ་མ་འདྲ་བའི་ནང་ལོ་རེ་བཞིན་བཙོན་འོག་རྩོམ་པ་པོའི་རྗེས་དྲན་ཉིན་མོར་ང་ཚོ་བོད་ཀྱི་བཙོན་འོག་རྩོམ་པ་པོ་ཚོའི་སྐོར་ཀྱང་གླེང་སློང་དང་རྗེས་དྲན་བྱེད་ཀྱི་ཡོད་པ་རེད། ཉེ་ཆར་འདི་ག་མཐུན་ཚོགས་ངོས་ནས་ཀྱང་ཕྱི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་རྡ་རམ་ས་ལར་བཙོན་འོག་ཏུ་ཡོད་པའི་རྒྱལ་སྤྱིའི་རྩོམ་པ་པོའི་ཉིན་མོ་དང་འབྲེལ་ནས་རང་རིགས་རྩོམ་པ་པོ་ཚོའི་ཆེད་དུས་དྲན་སྲུང་བརྩིའི་བགྲོ་གླེང་འཚོགས་ཡོད་ལ། དེའི་གནས་ཚུལ་རྒྱལ་སྤྱིའི་པེན་ལ་བཏང་ཡོད། ང་ཚོའི་མཐུན་ཚོགས་ཀྱི་ངོས་ནས་བཙོན་འོག་ཏུ་ཡོད་པའི་རྩོམ་པ་པོ་རྣམས་ཀྱི་གནས་ཚུལ་བརྩད་གཅོད་བྱས་ཏེ་ཁུངས་ལྡན་གྱི་སྙན་ཐོ་ཞིག་འདོན་རྒྱུ་དང། དེ་བཞིན་རྩོམ་པ་པོ་བཙོན་དུ་བཅུག་པ་བྱུང་ཚེ་དུས་ཐོག་ལ་གནས་ཚུལ་འཚོལ་བསྡུ་བྱས་ཏེ་འབྲེལ་ཡོད་གཞུང་སྒེར་དང་གསར་ལམ་ཁག་ཏུ་ཁྱབ་བསྒྲགས་ཡོང་ཐབས་དང། རྒྱལ་སྤྱིའི་པེན་སོགས་འབྲེལ་ཡོད་ཚོགས་སྡེར་གནས་ཚུལ་སྙན་ཞུ་འབུལ་རྒྱུ། ཁོ་ཚོ་བཙོན་འཇུག་གི་རྒྱུ་རྐྱེན་ཆགས་པའི་བརྩམས་ཆོས་དཔར་འགྲེམས་སོགས་ཡོང་ཐབས་ལ་འབད་རྩིས་ཡོད།

དྲི་བ། སྤྱིར་བཙན་བྱོལ་སྤྱི་ཚོགས་ནང་རྩོམ་རིག་གི་གནས་བབ་སྐྱོ་བོ་རེད། མ་འོངས་པར་སྤྱི་ཚོགས་ཁྲོད་རྩོམ་རིག་ལ་གདེང་འཇོག་ཡོང་ཐབས་དང་། རྩོམ་རིག་གིས་སྤྱི་ཚོགས་ཁྲོད་ནུས་པ་འཐོན་ཐུབ་ཐབས་ལ་འབད་བརྩོན་ཇི་ལྟར་གནང་རྩིས་ཡོད།

ལན། མི་འབོར་དང་ཆ་རྐྱེན་ལ་ལྟོས་ནས་བཤད་ན་བཙན་བྱོལ་ནང་རྩོམ་རིག་གི་གནས་བབ་ཧ་ཅང་སྐྱོ་བོ་རེད་བསམ་གྱི་མེད། འདི་ག་མཐུན་ཚོགས་ཀྱི་ངོས་ནས་ཟླ་རེ་བཞིན་འདོན་སྤེལ་བྱེད་བཞིན་པའི་སྤྱི་ཚོགས་མེ་ལོང་ཐོག་རྩོམ་རིག་གི་ལེ་ཚན་བཞག་ཡོད་ལ། དེ་བཞིན་རྩོམ་རིག་སྐོར་གྱི་ཟབ་སྦྱོང་དང་བགྲོ་གླེང་སོགས་གོ་སྒྲིག་བྱེད་བཞིན་ཡོད། བོད་ཕྱི་ནང་གཉིས་ནས་བལྟ་ཀློག་ཐུབ་པའི་ང་ཚོའི་མཐུན་ཚོགས་ཀྱི་དྲྭ་རྒྱའི་ཐོག་རྩོམ་ལུས་སྣ་ཚོགས་ཀྱི་རྩོམ་རིག་བརྩམས་ཆོས་འགོད་སྤེལ་བྱེད་ཀྱི་ཡོད། གཞན་ཡང་ང་ཚོའི་ངོས་ནས་རྩོམ་རིག་འགྲན་བསྡུར་ཞིག་སྤེལ་ཐབས་ལ་འབད་བརྩོན་བྱ་རྩིས་ཡོད།

དྲི་བ། ད་ལྟའི་ཆར་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནི་དར་རྒུད་དང་གླེང་སློང་འདྲ་མིན་འོག་ཚུད་པའི་ཚོགས་སྡེ་ཞིག་ཏུ་གྱུར་ཡོད་པ་རེད། མ་འོངས་པར་ཚོགས་སྡེ་འདི་མིང་དོན་མཚུངས་ཤིང་གསོན་ཤུགས་ལྡན་པ་ཞིག་ཡོང་རྒྱུར་རེ་བ་དང་བློ་སྤོབས་ཡོད་དམ།

ལན། སྤྱིར་བཏང་ཚོགས་པ་གང་དང་གང་ཡིན་རུང་སྐྱོན་དང་གླེང་རྙོག་མེད་ས་དཀོན་པོ་རེད། ཡིན་ནའང་། གནད་འགག་ཆེ་ཤོས་ནི་ནོར་འཁྲུལ་ངོས་ཟིན་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ་ཕྱིན་ཆད་ཤུགས་སྣོན་རྒྱག་རྒྱུ་དེ་རེད། ང་རང་སྒེར་ངོས་ནས་མཚོན་ན། མཐུན་ཚོགས་འདི་མིང་མཐོང་དང་སྤུས་ཚད་ལྡན་པའི་ཤེས་ཡོན་ཅན་གྱི་ཚོགས་སྡེ་ནུས་ལྡན་བཟོ་ཐུབ་ན། འཆི་གསོན་གྱི་འགག་རྩར་ཐུག་པའི་རང་མི་རིགས་ཀྱི་བདེན་པའི་འཐབ་རྩོད་ཁྲོད་ནུས་པ་ཆེན་པོ་འདོན་ཐུབ་པའི་ཚོགས་སྡེ་གལ་ཆེན་ཞིག་ཆགས་རྒྱུའི་རེ་བ་བྱེད་བཞིན་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ང་དང་ངའི་ལས་རོགས་ཚང་མས་ལྷག་བསམ་རྣམ་དག་གིས་ཤུགས་སྣོན་རྒྱག་བཞིན་ཡོད་ལ། ཀུན་སློང་རྣམ་དག་ཅིག་ཁྱེར་ནས་ལས་ཀ་ཡག་པོ་ཞིག་བྱས་ན་འབྲས་བུ་ཡག་པོ་ཞིག་འབྱུང་ཐུབ་པའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད། ཐུགས་རྗེ་ཆེ།

གསར་འགོད་པ། ཚེ་རིང་རྒྱལ།

༼བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༧༤ ལས་འདིར་བདམས་བཀོད་བྱས།༽

འབྲེལ་ཡོད་གསར་འགྱུར།

New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

སྐར་མ ༤༥ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢

མཆན། 2

  1. མི་ཆུང་། says:
    ལོ་ 14 སྔོན།

    དྲི་བར་ལན་འདེབས་ཡག་པོ་བྱས་འདུག ཚོགས་པ་འདི་ནི་མཐུན་མོང་གི་ཡིན་པས། འགྲོ་འདུག་སྤྱོད་གསུམ་གང་ལ་ཡང་ཚད་ལྡན་ཡིན་དགོས། ད་དུང་ཨ་ཚེ་འབར་གྱི་མཆན་དེར་ཡང་རྒྱབ་སྐྱོར་ཆ་ཚང་ཡོད།

    Reply
  2. ཨ་ཚེ་འབར། says:
    ལོ་ 14 སྔོན།

    དུས་བབ་གསར་འགོད་པ་ཚེ་རིང་རྒྱལ་གྱིས་ང་ཚོའི་ཚོགས་པའི་གནས་སྟངས་སྐོར་ལ་འཛེམས་དོགས་མེད་པའི་སྒོ་ནས་གལ་གནད་ཆེ་བའི་དྲི་བ་ཁག་ཅིག་བཏོན་པ་དང་། ཚོགས་གཞོན་གྱི་ངོས་ནས་བསམ་འཆར་དྲང་ཐད་དང་ཕྱི་གསལ་ནང་གསལ་བྱས་ཏེ་ལན་བསྐྱོན་པར་ཧ་ཅང་དགའ་ཡོད།
    ཚོགས་པ་འདི་ནི་ཁྲིམས་མཐུན་དེབ་སྐྱེལ་སོགས་ཡོད་པའི་ཚོགས་སྡེ་ཞིག་དང་། རྩོམ་རིག་བརྩམས་ཆོས་ཀྱི་ངོས་ནས་ངོ་གནོངས་མི་དགོས་པའི་ཚོད་དུ་བསླེབས་འདུག་སྙམ། འོན་ཀྱང་སྐབས་བབ་རྒྱུན་ལས་རེ་ཟུང་གིས་མ་རུང་བའི་བྱ་སྤྱོད་ངན་པ་དང་། ལྷག་པར་རྩིས་ཁྲ་གཙང་མ་མེད་པ་དང་། ཕྱི་ཕྱོགས་ཀྱི་ཚོགས་འདུ་དག་ལ་གོ་སྐབས་ཤིག་ཡོད་པ་བརྒྱུད་ཕྱིར་མ་ཡོང་བ། ད་དུང་སྒོར་མོའི་ཕྱོགས་ནས་དུས་ལྟར་རྩིས་གཙང་བཟོ་མ་བྱས་པས་སྤྱི་ཚོགས་ནང་དུ་མྱི་བཙོང་གི་འདུག་ཅེས་སྐད་ཆ་འདྲ་མིན་ཞིག་གླེང་བ་རེད། ང་ཚོ་རྒྱུན་ལས་གསར་བ་ཚོ་ལ་མཚོན་ན་ལག་འགུལ་བྱེད་ཀྱི་དངུལ་སྒོར་སོགས་ཀྱིས་དབེན་འདུག་མོད། ང་ཚོས་དེ་གལ་ཆེ་བར་མ་བརྩིས་པར་ཁྲིམས་དང་མཐུན་པའི་རྩིས་ཁྲ་ཞིག་དང་། དེ་བཞིན་ཕྱི་ཕྱོགས་སུ་འཚོགས་འདུ་ལ་འགྲོ་རྒྱུའི་ལུགས་སྲོལ་རྙོག་དྲ་ཅན་དེ་གཏན་འགོགས་བྱས་ན་ཚོགས་པ་ལ་ཆེ་མཐོང་ཞིག་ཡོང་རྒྱུའི་རེ་བ་བརྒྱབས་པ་རེད། དེ་བཞིན་སྤྱི་ཚོགས་ལ་བག་ཆགས་ཤིག་འཇོག་ཐུབ་ན་ད་བཟོད་དཔའ་འབྱོར་སོགས་ལ་འབད་པ་བྱས་ཚེ་འགྲིག་རྒྱུ་རེད་བསམ་པའི་ཀུན་སློང་དེ་ནང་བཞིན་གཏན་བཞུགས་རྒྱུན་ལས་ཚོས་ངོས་ནས་འབད་པ་གནང་བཞིན་པ་རེད། མ་འོངས་པར་ང་ཚོ་ལ་ནོར་འཕྱུག་ཡོང་སྲིད་པས་བོད་རིགས་སྤུན་ཟླ་ཚོས་མངོན་ལྐོག་མེད་པའི་སྒོ་ནས་རྒྱུན་ལས་སུ་ཞིག་ལ་བསམ་འཆར་བཏོན་ན་རྗེས་སུ་དེའི་ཐད་དུ་ཚོགས་འདུ་དང་རྒྱུན་ལས་ལྷན་འཛོམས་སྐབས་དན་དན་གྲོས་བསྡུར་བྱ་ངེས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese