ཟླ་འདིའི་ཕྱི་ཚེས་ ༣༡ ནས་འཆར་ཟླའི་ཚེས་ ༢ བར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༥ བཞུགས་སྒར་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་འཚོགས་རྒྱུ་རེད།
ཉིན་འདི་འགར་བཞུགས་སྒར་ཁུལ་དུ་ཟླ་འདིའི་མཇུག་ཙམ་ལ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་འཚོགས་རྒྱུ་ཡིན་པ་དང་། ཚོགས་ཐོག་ཏུ་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་བསྐོ་བཞག་དང་། འབྲེལ་མོལ་བསྐྱར་མཐུད་སྐོར་ལ་བཀའ་བསྡུར་གནང་རྒྱུ་ཡིན་པའི་ལབ་གླེང་ཞིག་ཡོང་གི་ཡོད་ཅིང་། ལབ་གླེང་དེ་དང་འགྲོག་ནས་ད་རེབ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་རྣམ་གཉིས་སྐུ་ཚབ་ཏུ་བསྐོ་བཞག་དང་། གཅིག་བྱས་ན་དེ་སྔའི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་རིན་པོ་ཆེ་མཆོག་ཀྱང་བསྐྱར་དུ་བསྐོ་སྲིད་སྐོར་སོགས་གླེང་སློང་བྱེད་ཀྱིན་འདུག
གོང་གསལ་གནས་ཚུལ་འདིའི་ཐད་དེ་རིང་ཕྱི་ཚེས་ ༢༥ ཉིན་གསར་འགོད་པ་ཆེད་དུ་བོད་མིའི་སྒྲིག་འཛུགས་བཀའ་ཤག་ཏུ་བཅར་སྐབས་བཀའ་ཤག་ལྷན་རྒྱས་ཚོགས་འདུ་འཚོགས་འདུག དེའི་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་འཚོལ་དུ་ཕྱིན་སྐབས། ཕྱི་འབྲེལ་དྲུང་ཆེ་ཨ་ཏི་ཤ་ལགས་དེ་སྔོན་ནས་ནད་དགོངས་ཞུས་ཚར་འདུག་ལ། ཕྱི་བསྒྲགས་དྲུང་ཆེ་བཀྲ་ཤིས་ལགས་ཀྱིས་ཟླ་ ༢ རིང་གུང་གསེང་བླངས་འདུག གཞན། དྲུང་འཕར་བཀྲ་ཤིས་ཕུན་ཚོགས་ལགས་ཀྱང་ཟླ་ ༡ རིང་གུང་གསེང་ལ་ཕྱིན་འདུག
ཉིན་རྒྱབ་ཆུ་ཚོད་ ༤ པའི་ཐོག་སླར་ཡང་བཀའ་ཤག་ཏུ་བསྐྱོད་དེ། བཀའ་དྲུང་ཀརྨ་དགེ་ལེགས་མཆོག་ལ་འབྲེལ་བ་གནང་སྐབས། གནས་ཚུལ་དེའི་རིགས་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་མི་སྣར་སྐད་ཆ་འདྲི་རྒྱུ་དང་། གལ་སྲིད་བཤད་མ་ཐུབ་པ་ཡིན་ན་ཕྱི་དྲིལ་ལས་ཁུངས་ལ་སྐད་ཆ་འདྲི་དགོས་སྐོར་གསུངས་སོང་།
ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་ཚང་མ་གུང་གསེང་ལ་ཕེབས་ཚར་ཡིན་སྟབས། གསར་འགོད་པས་ཁ་པར་བརྒྱུད་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ཞིག་ལ་སྐད་ཆ་དྲིས་པར། ཁོང་གིས། “ བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༥ པ་ཟླ་འདིའི་ཕྱི་ཚེས་ ༣༡ ནས་ཟླ་རྗེས་མའི་ཚེས་ ༢ བར་བཀའ་ཤག་ཚོགས་ཁང་དུ་ཚོགས་རྒྱུ་ཡིན་པ་དངོས་ཡོད་རེད། ཡིན་ནའང་ཚོགས་འདུའི་གྲོས་གཞིའི་སྐོར་ནམ་རྒྱུན་གསར་འགོད་པ་ཚོར་སྔོན་ལ་བཤད་ཀྱི་ཡོད་པ་མ་རེད། ཕལ་ཆེར་འདི་ལོའི་ཕྱི་ཟླ་ ༦ པའི་ནང་བོད་རྒྱ་འབྲེལ་མོལ་སྐོར་ལ་བཀའ་ཤག་གིས་གསལ་བསྒྲགས་གནང་བའི་ནང་དོན་དང་གཅིག་པ་རེད། ཚོགས་ཞུགས་པ་ཚང་མ་འཛོམས་མིན་ད་རུང་བཤད་ཐུབ་ཀྱི་མི་འདུག ” ཅེས་བརྗོད་བྱུང་།
འདི་ལོའི་ཕྱི་ཟླ་ ༨ པའི་ཚེས་ ༨ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྐབས་བཅུ་བཞི་པའི་བཀའ་ཤག་གི་ལོ་གཅིག་གི་ལས་དོན་གསལ་བསྒྲགས་ནང་། ཕྱི་ཟླ་ ༡༢ པའི་ནང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཡང་བསྐྱར་སྐོང་ཚོགས་བྱས་ཏེ་འབྱུང་འགྱུར་རྒྱ་ནག་གི་གནས་སྟངས་སྤྱི་དང་། མགོ་ཁྲིད་འཕོ་འགྱུར་ལ་གཞིགས་ནས་དོན་ཕན་ལྡན་པའི་ཞི་མོལ་ཡོང་ཐབས་བཅས་ཀྱི་སྐོར་བསམ་ཞིབ་གོ་བསྡུར་ཞུ་རྒྱུ་ཡིན། ཞེས་བཀོད་འདུག
བོད་རྒྱ་ཞི་མོལ་ཚོགས་ཆུང་ཚོགས་པར་ཐུགས་རྗེ་ཆེ་ཡིན་ན་ཡང་ཁ་ཡོད་ལག་ཡོད་ཀྱིས་གྲུབ་འབྲས་ཤིག་ཐོན་ཐུབ་པ་ལ་རེ་བ་ཡོད་ཐན་སྔོན་མ་བཞིན་ཚོགས་པ་ལ་དགོས་བ་ཆེན་པོ་མཐོང་སོང་
བོད་རྒྱ་ཞི་མོལ་ཚོགས་ཆུང་གི་རེ་བ་དེ་ལ་རྟེན་འབྲེལ་ཞུ། འོན་ཀྱང་རྒྱ་མི་རིགས་ནི་རང་གཤིས་གྱོང་ཞིང་གཡོ་སྒྱུ་ལྡན་པས་མི་རིགས་ཤིག་ཡིན་པས། འགོ་ཁྲིད་ཀྱི་འཕོ་འགྱུར་ལ་མ་བལྟས་བར་བོད་དོན་ཐད་ཀྱི་མཁྲེགས་འཛིན་ཀྱི་སྲིད་ཇུས་དེ་རང་སོར་ལྷག་ཡོད་པས་རེ་བ་གསར་བ་དང་དོན་ཕན་ལྡན་པའི་ཐག་གཅོད་གང་ཡང་ཡོང་རེ་མེད་པས། རྣམ་འགྱུར་རྫུན་མ་ཞིག་གིས་བཙན་བྱོལ་བོད་མིའི་སྒྲུག་གཙོ་དང་གཞོན་ནུའི་བར་ལ་འགལ་ཟླའི་གཟན་ཞིག་འཕེན་པར་རེམ་ཡོད་པས། ཚང་མས་བློ་རིག་སྒྲིམ།་་་་་་་་
དེང་གི་དྲ་མཆན་པ་དག་གི་གཤིས་ཀ་ཟེར་ན་འདྲ། ཡོན་ཏན་ཟེར་ན་འདྲ། གཅིག་རང་ཡོད་པ་དེ་ནི་མིང་བྱང་རྗུན་མ་རེའི་འོག་ནས་སྨ་བརྗོད་རང་དབང་དང་། ལྟ་གྲུབ་ལ་ཁ་གཡར་ནས་རྩོམ་ཡིག་གང་ཡོད་དུ་མཆན་འབྲི་བ་དང་སྐྱོན་འཛུགས་བཟོ་བཞིན་པ་འདི་རེད། མང་གཙོའི་ལུང་པ་ཞིག་ལ་མཚོན་ན་སྤྱིར་བཏང་མཆན་འབྲི་མི་ཆོག་པ་དང་བསམ་ཚུལ་བཤད་མི་ཆོག་ཟེར་མཁན་མེད་པ་རེད། ཡིན་ཡང་རང་ཉིད་ཀྱིས་གང་བྲིས་པ་དེ་རང་ཉིད་ཀྱིས་འགན་འཁུར་ཐུབ་པའི་སྤོབས་པ་དང་བཅས་ཏེ་འབྲི་དགོས་པ་ལས། དེ་མིན་མི་མངོན་པའི་གནས་ཤིག་ནས་འདྲ་ཆག་ཆག་དང་ཁ་རྫིག་རྫིག་་བཤད་ན་དོན་གྱིས་དབེན་པའི་ཉོག་བཤད་ཁོ་ན་ལས་མེད་པས་ཡིད་ཆེས་དང་ཆ་འཇོག་མཁན་ཡང་མེད་པ་རེད། །
ད་རེབ་ནག་འཐོམ་སེ་མིན་པར། ཅུང་དོན་ཕན་ལྡན་པ་ཞིག་ཡོང་བའི་རེ་བ་ཡོད། ཚོགས་འདུ་འདིའི་སྔོན་ལ་ཕྱི་ཚེས་ ༢༨ ཉིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག གངས་སྐྱིད་དུ་རྒྱ་ནག་གི་མགོ་ཁྲིད་གསར་བ་འཕོ་འགྱུར་དང་། རྒྱ་ནག་མི་མང་དང་བོད་སོགས་ཀྱི་གནད་དོན་(Leadership Transition in China and Its Implications to the Chinese People, Tibetan and Others)ཞེས་པའི་མཁས་པའི་བགྲོ་གླེང་ཞིག་འཚོགས་རྒྱུ་རེད།
བགྲོ་གླེང་དེས་འབྲེལ་མོལ་བསྐྱར་མཐུད་དང་སྐུ་ཚབ་བསྐོ་བཞག་སོགས་ལ་ཕན་ཐོགས་ཆེན་པོ་འབྱུང་མིན་མི་ཤེས་ཏེ། ད་རེབ་ཚོགས་འདུའི་གྲོས་གཞི་དང་། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམ་པ་ཚོས་མ་འོངས་པར་དགོངས་པ་བཞེས་ཕྱོགས་ཐོག་ཕན་ཐོགས་ཕྲན་བུ་ཏན་ཏན་ཡོང་གི་རེད་སྙམ།
སྤྱི་བཏང་འགྲོ་བ་མི་ཡོངས་ལ་ཡོད་དགོས་པ་ནི་རང་དབང་དང་འདྲ་མཉམ་ཐོབ་ཐང་།གཏམ་བརྗོད་དང་ལྟ་གྲུབ་ཡིད་ཆེས་ཀྱི་རང་དབང་ལ་ལོངས་སྤྱོད་ཆོག་པའི་དབང་ཆ་སོགས་རེད།
་ཡིན་ན་ཡང་མི་རིགས་དང་དབུལ་ཕྱུག་་་དབང་ཡོད་དབང་མེད།་ལུང་ཚན་དང་ཆོས་ལུགས་་་་ཆོལ་ཁ་དང་ཕོ་མོ་སོགས་དེ་དག་བར་དགའ་མིན་དང་ཕྱོགས་ལྷུང་སྡང་སེམས་བཅངས་ནས་གཏམ་འཆལ་སྤེལ་གང་ཐུབ་བྱེད་པ་ནི་འགྲོ་བ་མིའི་རང་དབང་དང་ཐོབ་ཐང་དང་ཡོངས་སུ་
དགལ་བ་ཡིན་པས་དྲ་གཉུལ་རྣམས་ཀྱི་ངེས་པར་དུ་མཁྱེན་པ་དགོས་རྒྱུ་གལ་ཆེ་མཐོང།།
ཧ་ཧ་ཧ་་་ཁྱོད་ཚོས་སྐུ་ཚབ་འདི་ཡིན་འདི་མིན་ཟེར་ནས་ཁ་སྟོང་ནང་གི་ཚིགས་སྟོང་ཙམ་ལས་དོན་ངོ་མར་དབང་ཆ་རྡུལ་ཕྲན་ཙམ་ཡང་ཡོད་པ་མ་རེད། སྐུ་ཚབ་གང་འདྲ་ཐག་གཅོད་མིན་བཀའ་ཤག་དང་སྲིད་སྐྱོང་གི་དབང་ཚད་རེད་་་་་དེ་ལས་ཁ་ཁར་འདུག་ཤིག །
གྲོགས་པོ་དྲུག་ཙམ་གྱིས་མཆན་བཀོད་འདུག་དེའི་ནང་ནས་ཚེ་རིང་ལགས་ཀྱིས་དངོས་གནས་ཕན་རེ་ཡོད་པའི་སྐད་ཆ་ལ་གོ་སོང་གཞན་མ་རྣམས་ཀྱིས་ཚིགས་རྙོག་དང་དཀྲོག་གཏམ་གྱི་བསམ་པ་མ་གཏོགས་མཐོང་མ་སོང་ ད་ལྟར་ང་ཚའི་སྐད་ཆ་འདི་རིགས་ཅུང་ཉུང་ན་བཟང་བསམ་ས་སླེབས་འདུག་སྙམ་ ད་རང་ངོ་ཚོའི་བོད་རྒྱ་འབྲེལ་མོ་ལ་རེ་བ་ཡོད་མ་རེད་ཟེར་གཞག་ཡ་ཡོད་མ་རེད་དྲན་ ཡང་ན་རེ་བ་ཡོད་པའི་ལས་ཀ་ག་རེ་ཡོད་རེད་ རང་ལ་བཞག་ཡ་མེད་ཅིང་མི་རྐྱང་རྐྱང་ལ་སྐྱོན་འདོོགས་བྱས་ན་ཕན་ལས་གནོད་ཆེ་ས་རེད་འདོད་ དགོངས་པ་མ་འཚམ་རང་གི་ལྷག་བསམ་གྱི་ཚིགས་ཡིན།
བོད་གཞུང་གི་མགྲིན་ཚབ་པ་ཚང་མ་དུས་གཅིག་ལ་གུང་གསེང་ལ་ཕྱིན་པ་དེ་ཐན་ལྟས་རེད། འགན་མ་འཁུར་བ་རེད། བཀའ་བློན་གྱིས་བཟོ་ལྟ་བཟོ་དགོས་པ་རེད། བོད་ནང་ཛ་དྲག་གི་སྐབས་འདིར་དྲིལ་བསྒྲགས་ལས་ཁུངས་ཀྱི་དྲུང་ཆེ་གསུམ་ཆ་གུང་གསེང་ལ་ཕྱིན་ཏེ་སྐྱིད་པོ་བཏང་ནས་སྡོད་པ་དེ་ཧ་ལས་བའི་ཐབས་སྐྱོ་བོ་རེད།གསར་འགོད་པ་ཚོས་འདི་ལ་བརྩད་གཅོད་བྱ་དགོས་པ་རེད། སྒྱུ་མ་ཕུ་འདེད་བྱ་དགོས་པ་རེད། མ་གཞི་གསར་འགོད་པས་ད་རེས་ཀྱི་གསར་འགྱུར་འདི་ཧ་ཅང་སྙིང་རྗེ་མོ་ཞིག་བྲིས་འདུག་མོད། བོད་གཞུང་གི་ལས་བྱེད་དེ་ཚོའི་བྱེད་སྟངས་དང་རྣམ་འགྱུར་ལ་ལྟ་བསྡད་དགོས་པ་རེད།
རྒྱ་ནག་གཞུང་གིས་སྲིད་སྐྱོང་བློ་བཟང་སེང་གེའི་སྣེ་འཁྲིད་པའི་བཀའ་ཤག་རྩ་མེད་དང་ནུས་མེད་གཏོང་ཐབས་ཀྱིས་སྲིད་བྱུས་ལག་ལེན་སྟར་བཞིན་པ་དང་།དེའི་ཆེད་དུ་སྡ་རམ་ས་ལ་དངུལ་སྒོར་མང་པོ་གཏོང་བཞིན་ཡོད་པ་དེ་མངོན་གསལ་དུ་འགྲོ་བཞིན་པ་དང་རྒྱ་གཞུང་གི་དམིགས་ཡུལ་ལྟར་བཀའ་ཤག་མེད་པ་བཟོ་ཐབས་ལ་འབད་བརྩོན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་ཧ་ཅང་གསལ་པོ་རེད་འདུག་་་་་ད་དུང་བོད་པ་ཚང་གི་ལས་དབང་ངན་པ་དེ་རྫོགས་རན་མེད་པ་འདྲ་སྐྱོ་བ་ལ།།།
བོད་རྒྱ་གཉིས་བར་ཞི་མོལ་ཞེས་པ་ཡོང་གཞི་མེད་པ་ཞིག་རེད། ལས་དོན་དེ་ནི་དུས་ཚོད་འཕྲོ་བརླག་དང་། འགྲོ་གྲོན་འཕྲོ་བརླག་སོགས་རང་རེད། སྲིད་སྐྱོང་གིས་རང་གི་མིག་སྔར་དངོས་སུ་བྱུང་བའི་གོ་སྐབས་དམ་འཛིན་མི་བྱེད་པར། ཡོང་གཞི་མེད་པའི་རེ་སྟོང་སྐམ་པོ་ཞིག་ཅིའི་ཕྱིར་མཁྲེགས་འཛིན་བྱེད་ཀྱིན་ཡོད་དམ། མི་རབས་གསར་བ་ལ་གསར་བཏོད་ཅི་ཡང་མེད་པ་དེ་ཧ་ཅང་ཡ་མཚན་སྐྱེ་གཞི་ཞིག་རེད།
ངས་བོད་རྒྱ་ཞི་མོལ་སྐུ་ཚབ་ཀྱི་འོས་མི་འགའ་ཚིག་འདོན་རྒྱུ་ཡིན།
བུ་ཆུང་ཚེ་རིང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན།
དྭགས་པོ་བསོད་ནམས་ནོར་བུ། ཨོ་སི་ཊི་ལེ་ཡའི་སྐུ་ཚབ།
ཨ་གྱ་རིན་པོ་ཆེ། ཨ་རིའི་ཨེན་ཌི་ཡ་ནར་སློབ་དཔོན།
ཟླ་བ་ཚེ་རིང་། ཐེ་ཝན་སྐུ་ཚབ་དོན་གཅོད།
རྔ་པ་ཚེ་རྒྱམ། སྐུ་སྒེར་དྲུང་ཆེ།
ཐུབ་བསྟན་བསམ་གྲུབ། དབྱིན་ཡུལ་སྐུ་ཚབ་དོན་གཅོད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུང་ཚེ་རིང་ལྟ་བུ་སྐུ་ཚབ་ལ་བསྐོ་རྒྱུ་ཡིན་ན། རྡ་རམ་ས་ལར་ཁེངས་བསྡད་ཡོད་པ་རེད། མ་གཞི་ནས་ཁོང་ལ་ཡིད་ཆེས་གང་ཡང་མེད།
ཞོར་དུ། ཕྱི་རྒྱལ་པ་ཨ་ཏི་ཤ་དང་བདེ་སྐྱིད་ཆོས་དབྱིངས་གཉིས་འཆམ་གྱི་མི་འདུག་ཅེས་གངས་ཅན་སྐྱིད་གཤོངས་སུ་ཤུབ་ཤུབ་སྨྲ་བ་དེ་དངོས་གནས་ཡིན་ས་རེད། དྲུང་ཆེ་དྲུང་འཕར་དེ་ཚོའི་རྣམ་འགྱུར་སྟོན་སྟངས་ལ་ཅིག་ལྟོས་དང། ད་དགོངས་པ་ཞུ་ས་ཞིག་གང་ན་ཡོད། གནམ་རྒན་མ། རྒྱལ་བ་རིན་པོ་ཆེ་མཁྱེན།
ད་ཁུངས་འཁྱོལ་གྱི་མེད་པའི་རྟགས་མཚན་མང་བ་ལ།། ཨེ། བཀའ་ཤག་གསར་པ་འདིས་བཟང་སྤྱོད་ལྡན་པའི་ངང་དགོངས་པ་ཞུས་བཞག་ན་ཡག་ས་རེད་གོ།།
བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཚོགས་པར་གནས་ཚུལ་གསར་པ་གང་ཡང་ཡོང་གི་མ་རེད། རབ་བྱུང་ན་སྐུ་ཚབ་གསར་པ་འགའ་བསྐོ་སྲིད་པ་རེད། དེ་བས་ཀྱང་གསར་འགྱུར་ཚ་ཤོས་དེ། བཀའ་བློན་ལྷན་ཁང་གཅིག་གི་དྲུང་ཆེ་ཆུང་ཚང་མ་རང་རང་སར་ཕེབས་ཚར་བ་དེ་རེད།