མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་བོད་མིའི་ལུག་རྫི་བཟང་པོ་ཞིག་ཡིན།

བོད་ཀྱི་དུས་བབ།
༢༠༡༢/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

མེ་ལྕེའི་ཀློང་གི་སྟག་གཟིག་སྲམ་ལྤགས་དང་མི་ལྤགས།

ནུས་ཤུགས་ཆེ་བའི་བཀའ་སློབ་ཚིག་གཅིག

ཀླུ་སྨྱོན་ཧེ་རུ་ཀ

བོད་མི་རིགས་འདི་ནི་ཆོས་ལུགས་དང་གཏམ་རྒྱུད་གང་གི་ངོས་ནས་བལྟས་ཀྱང་འཁོར་བ་མུན་ནག་གི་རྩྭ་ཐང་ཆེན་པོ་འདིའི་སྟེང་དུ་རྨོངས་ཤིང་འཁྱམས་པའི་གཡང་དཀར་ལུག་གི་ཁྱུ་ཞིག་ཡིན་ལ། སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་༧གོང་ས་མཆོག་ནི་ཉིན་མཚན་ཀུན་ཏུ་ལུག་ཁྱུ་འདིར་སྤྱན་གྱི་ཆ་ཤས་རེ་རེ་ནས་གཟིགས་པའི་རྫི་བོ་བཟང་པོ་ཞིག་ཡིན་ཞིང་། རྫི་བོ་འདིས་ཇི་སྲིད་ལུག་ཁྱུ་འདི་སྐྱོན་མེད་བདེ་སྐྱིད་ངང་ཡིད་དུ་འོང་བའི་ལུག་རྭ་དྲོན་མོ་དེར་མ་བཅུག་དེ་སྲིད་དུ་རང་ཉིད་ཀྱིས་ལུག་ཁྱུ་འདི་ཁྱི་སྤྱང་སོགས་གཟན་གཅན་གདུག་པ་ཅན་གྱི་ལོངས་སྤྱོད་བྱར་བཞག་ནས་རང་ཉིད་གཅིག་བུ་བཟའ་བཏུང་ཉི་ཚེ་བའི་ཆེད་དུ་ནང་ལ་མི་ལོག་པའི་དམ་བཅའ་རླབས་པོ་ཆེ་ཞིག་བཞག་ཟིན་ཡོད་པས། སེམས་སྐྱེད་ཁྱད་པར་ཅན་གྱི་རྫི་བོ་འདི་དང་ལས་སྐལ་དམན་པའི་ལུག་ཁྱུ་འདི་གཉིས་བར་གྱི་འབྲེལ་བ་ཟབ་མོ་འདི་གཞི་ལ་བཞག་སྟེ། ཁོ་བོས་རང་ཉིད་ལ་གཞན་གྱིས་ཁ་རྡུང་གཏོང་བ་དང་འགྲམ་ལྕག་གཞུ་བ། སྲོག་ལ་རྒོལ་བ་སོགས་ཀྱི་བྱ་སྤྱོད་ལ་ཅི་མི་སྙམ་པར་འཆི་མ་སྔ་བའི་བོད་མི་རེ་རེ་བཞིན་འཆི་བདག་གི་མཆེ་བ་ལྟ་བུའི་མེ་ལྕེ་དམར་པོའི་ཀློང་དུ་མི་མཆོངས་པའི་དགོས་པ་ཁྱད་པར་ཅན་དུ་མ་ཞིག་ལ་དམིགས་ནས། གཤམ་གསལ་རྩོམ་ཐུང་འདི་འབྲི་བའི་ངལ་བ་བསྟེན་པར་བྱའོ།།

འདས་པོ་ཐུབ་བསྟན་དངོས་གྲུབ་ནས་བརྩིས་ན་ཁ་སང་གི་བར་དུ་བོད་མི་བརྒྱ་དང་གཅིག་གིས་རང་ལུས་མེར་བསྲེགས་བཏང་ཡོད་ཅིང་། མེར་བསྲེགས་ས་གནས་ནི་ལྡི་ལི་དང་ལྷ་ས། རྔ་པ་དང་བླ་བྲང་། རེབ་གོང་དང་མགོ་ལོག ནག་ཆུ་དང་ཡུལ་ཤུལ་སོགས་ཡིན་ལ། མི་སྣ་མང་ཆེ་བ་ཨ་མདོ་དང་དེ་འཕྲོས་ཉུང་ཤོས་ཤིག་ཁམས་དང་ས་ཁུལ་གཞན་དག་ནས་ཡིན། ཁོ་ཚོའི་དམིགས་ཡུལ་ནི་བོད་ལ་རང་བཙན་དང་རང་སྲིད་རང་སྐྱོང་། ཆོས་ལུགས་དང་རིག་གཞུང་སྲུང་སྐྱོབ། ༧གོང་ས་ཏྰ་ལའི་བླ་མ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་སོགས་ཡིན། ཐོབ་ཐང་ངམ་ལས་རིགས་ནི་མི་སྣ་མང་ཤོས་བླ་སྤྲུལ་གྲྭ་བཙུན་དང་དེ་འཕྲོས་ཞིང་འབྲོག་མང་ཚོགས་དང་སློབ་མ་སོགས་མི་སྐྱ་རེད། མི་འདི་ཚོའི་ཁྲོད་ཀྱི་ལོ་ན་རྒན་ཤོས་དྲུག་ཅུ་ནས་གཞོན་ཤོས་བཅུ་དྲུག་ཙམ་ལ་བསླེབས་ཡོད། དམིགས་བསལ་མེར་བསྲེགས་ས་གནས་ནི་ལྡི་ལི་དང་ཇོ་ཁང་མདུན་ཐང་། རྔ་པ་རྫོང་ཐོག་དང་དགོན་པའི་ཐང་ཆེན། འབྲོག་པའི་རྩྭ་ཐང་དང་གཞུང་ལམ་གྱི་འཁྲིས་སོགས་ཡིན།

ཐོག་མར་ཐུབ་བསྟན་དངོས་གྲུབ་ཀྱིས་ལྡི་ལི་ནས་རང་ལུས་མེ་བསྲེགས་བྱས་དུས་༧གོང་ས་མཆོག་གིས་རང་ལུས་མེར་བསྲེགས་འདི་ཡང་འཚེ་བའི་བྱ་སྤྱོད་ཅིག་རེད་ཅེས་ཡོངས་གྲགས་སུ་གསུངས་ཡོད་ཅིང་། དེ་ནས་བཟུང་ལོ་ངོ་དུ་མའི་རིང་བྱ་སྤྱོད་འདི་རིགས་སྤེལ་མཁན་གཅིག་ཀྱང་མ་བྱུང་ཡང་། འཐབ་རྩོད་ཀྱི་ལམ་ཁ་གཞན་དང་གཞན་ནས་བོད་དོན་གྱི་ལས་འགུལ་སྤེལ་མཚམས་ཉི་མ་གཅིག་ལ་ཡང་བཞག་མྱོང་མེད། དེ་ནི་གཅིག་བྱས་ན་མི་མང་པོས་ལོ་རབས་དྲུག་ཅུ་བའི་སྐབས་ཀྱི་ཝི་ཐི་ནམ་གྱི་མེར་བསྲེགས་ལས་འགུལ་དང་མི་འདྲ་བར་བོད་པའི་མེར་བསྲེགས་ལས་འགུལ་དེས་ཀྱང་རྒྱ་གཞུང་དང་རྒྱལ་སྤྱིས་བོད་ལ་འཛིན་པའི་རྣམ་འགྱུར་ཐད་འགྱུར་ལྡོག་སྤུ་ཙམ་ཡང་མ་བྱུང་བར་ཡིད་ཆད་སྐྱེས་པ་ཡང་ཡིན་སྲིད།

ཐུབ་བསྟན་དངོས་གྲུབ་ཀྱི་རྗེས་སུ་བོད་ཕྱི་ནང་གང་དུ་ཡང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་མ་སྤེལ་བར་རྒྱུན་རིང་ཕྱིན་པ་བདེན་ན་ཡང་། ཕྱོགས་གཞན་ཞིག་ནས་༧གོང་ས་ཏྰ་ལའི་བཀའ་གསུང་ཚིག་གཅིག་གིས་དྲག་ཏུ་སྦར་བའི་མེ་ལྕེ་ཞིག་བོད་ཁམས་ཡོངས་སུ་མཆེད་པ་དང་། དེས་བོད་མིའི་རྡོག་རྩ་གཅིག་སྒྲིལ་ལ་མི་ལོ་ལྔ་བཅུའི་རིང་མ་ཐོན་པའི་རྦ་རླབས་གསར་པ་ཞིག་འཕྱུར་དུ་བཅུག དེ་ནི་བོད་མི་ཚོས་སྲམ་སྲེག་ལས་འགུལ་ཟེར་བ་དེ་རེད་ལ། དེའི་ནུས་པ་ཡིས་གདུག་རྩུབ་ཀྱི་གཉིད་དུ་ཡུར་བའི་རྒྱ་གཞུང་དང་དེའི་དབང་འཛིན་པ་ཚོ་ཁྱི་རྒན་ལ་མགོ་ལྕག་གཞུས་པ་བཞིན་འཇིགས་སྣང་ཚབས་ཆེན་སྐྱེས་སུ་བཅུག་ཅིང་། ཁོ་ཚོས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ལམ་སེང་རྩ་ཆེའི་སྲོག་ཆགས་སྲུང་སྐྱོབ་ཀྱི་ཁ་གཡང་དེ་གཏིང་བརྗེད་དུ་གྱུར་པ་བཞིན། སྲམ་ལྤགས་གྱོན། སྟག་ལྤགས་ཉོས། གཟིག་ལྤགས་ཚོངས། ཞེས་ཁྱི་སྨྱོན་བཞིན་ཟུག་སྐད་ཚོད་མེད་ཅིག་རྒྱག་དགོས་བྱུང་བ་རེད་ལ། ཟུག་སྐད་དེར་ཉན་འཇོག་བྱེད་མཁན་མེད་པ་ཤེས་རྗེས་ད་དུང་སྲམ་ལྤགས་མི་གྱོན་ན་གླ་ཕོགས་གཅོག་གི་ཡིན། སྟག་ལྤགས་མི་ཉོ་ན་གོ་གནས་འཕབ་ཀི་ཡིན། གཟིག་ལྤགས་མི་འཚོང་ན་ཐེམ་ཐོ་འཕྲོག་གི་ཡིན་ཞེས་སོགས་སྡུག་སྐད་རབ་དང་རིམ་པ་ཞིག་བརྒྱབ་པ་རེད། ཡིན་ཡང་། དམར་པོའི་སྲིད་གཞུང་ཡིད་སྐྱོ་དགོས་པ་ཞིག་ལ་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་ཡན་ཆད་ཀྱིས་༧གོང་ས་མཆོག་གི་བཀའ་སློབ་ཚིག་གཅིག་གིས་རང་རང་གི་རྒྱབ་ནས་བཤུས་པའི་སྲམ་སྟག་གཟིག་གསུམ་གྱི་པགས་པ་ཡོད་ཚད་ཕྱོགས་གཅིག་ཏུ་སྤུངས་ནས་དྲག་ཏུ་འབར་བའི་མེ་ལྕེའི་ཀློང་དུ་བསྟིམས་པ་རེད། གཞི་རྩའི་ཆ་ནས་བཤད་ན་སྟག་གཟིག་སྲམ་གསུམ་གྱི་པགས་པ་ནི་མི་ལོ་སྟོང་གི་ཡར་སྔོན་ནས་བོད་མི་རིགས་འདིའི་ཆ་ལུགས་དང་ཆས་གོས་སུ་གྱུར་ནས་དུས་རབས་ཉེར་གཅིག་པ་བར་དུ་ཡོང་བ་ཞིག་ཡིན་མོད། བླ་མའི་ཅི་གསུངས་ཆོས་དང་མཛུབ་མོས་གར་བསྟན་ཤར་དུ་ལྟ་བའི་བོད་མི་རིགས་འདི་ལ་མཚོན་ན། ལོ་རྒྱུས་ལྡན་ཞིང་མིག་ལ་རྫིག་པ། རིན་ཐང་ཆེ་ཞིང་གཟི་འོད་འཁྱུག་པའི་སྟག་གཟིག་སྲམ་གྱི་པགས་རིགས་ཁྲི་འབུམ་དེ་དག་ལས་༧གོང་ས་མཆོག་གི་བཀའ་སློབ་ཚིག་གཅིག་གི་རིན་ཐང་དེ་གཞལ་དུ་མེད་ཅིང་བསྒྲུབ་ཏུ་འོས་པ་ཞིག་ཡིན་པའི་ངེས་ཤེས་བླ་ལྷག་ཏུ་རྙེད་པ་རེད་ལ། བཀའ་སློབ་དེ་ལག་ལེན་དུ་བསྟར་བའི་ཕྱི་ནང་གསང་གསུམ་གྱི་འགོག་རྐྱེན་ཇི་རྙེད་ཅིག་ཡོད་ཀྱང་ཚང་མ་རྡོག་པས་བརྫིས་ཏེ། མཐའ་མར་བོད་ཁམས་ཡོངས་སུ་སྟག་གཟིག་སྲམ་ལྤགས་མེར་སྲེག་གི་གསར་བརྗེའི་མེ་ལྕེ་དྲག་པོ་ཞིག་འབར་བ་རེད།

དེའི་རྗེས་བོད་མིའི་མེར་བསྲེགས་ལས་འགུལ་འདི་ཐོག་དང་པོར་ལྡི་ལིར་བྱུང་བའི་སྐབས་དང་། དེ་རྗེས་རྔ་པ་ནས་བྱུང་བའི་སྐབས་སུ་བོད་མི་ཚོར་སེམས་ཚོར་དྲག་པོ་བྱུང་སྟེ་དྲན་མེད་དུ་བརྒྱལ་པ་དང་རང་ལུས་ལ་གྲི་བཙུགས་པ་སོགས་བྱུང་ཡོད་ལ། བོད་རིགས་འདུས་སྡོད་ཀྱི་ས་གནས་ཚང་མར་སྨོན་ལམ་མཆོད་འབུལ་ཁྲོམ་སྐོར་སོགས་བྱེད་སྒོ་སྣ་ཚོགས་ཤིག་ཚ་ཚ་འུར་འུར་དུ་སྤེལ་ཡོད་པ་དང་། འཛམ་གླིང་མི་དམངས་ཀྱིས་ཀྱང་དོ་སྣང་ཆེན་པོ་ཞིག་བྱུང་ཡོད་ཀྱང་། མེར་བསྲེགས་ལས་འགུལ་འདི་བཅུ་དང་ཉི་ཤུ་དང་དེ་ནས་བདུན་ཅུ་བརྒྱད་ཅུར་བསླེབས་དུས། བོད་མི་ཚོས་ཀྱང་ཁ་སང་གཅིག་བསྲེགས་འདུག་ལ་དེ་རིང་ཡང་གཉིས་བསྲེགས་འདུག་ཟེར་བ་ཙམ་ལ། དེ་ལ་རང་གི་རིགས་གཅིག་སྤུན་ཟླ་ཞིག་གི་རྩ་ཆེ་བའི་ཚེ་སྲོག་མེ་དམར་པོའི་ནང་དུ་བསྟིམས་སོང་བའི་ཚོར་བ་ཏོག་ཙམ་ཡང་མེད་པ་དང་། ཐ་ན་དེའི་སྐོར་གླེང་ན་སུན་སྣང་གི་རྣམ་འགྱུར་སྟོན་མཁན་ཡང་ཇེ་མང་རེད་ལ། འཛམ་གླིང་མི་དམངས་ཀྱིས་ཀྱང་དེ་ནི་བོད་པ་ཚོའི་འཐབ་རྩོད་བྱེད་སྟངས་རྒྱུན་ལྡན་པ་ཞིག་ཏུ་རྩི་བཞིན་མི་འདུག་གམ།

དེང་གི་མེ་བསྲེགས་ལས་འགུལ་ལ་མཚོན་ན་འདིའི་རྒྱབ་ལྗོངས་ཀྱི་བཙན་གནོན་དང་དཀའ་སྡུག་གཉིས་ལ་འཛམ་གླིང་གི་རྒྱལ་ཁབ་དང་མི་དམངས་ཀྱིས་བསམ་ཤེས་ཐུབ་པ་ཞིག་ཡིན་མོད། དམར་པོའི་སྲིད་གཞུང་གི་དཔལ་འབྱོར་དང་དམག་དོན་སྟོབས་ཤུགས་ལ་འཇིགས་ཏེ་ཆེ་བ་ཨ་རི་ནས་ཆུང་བ་བལ་བོའི་བར་གྱི་རྒྱལ་ཁབ་སུ་གཅིག་གིས་ཀྱང་བོད་མི་ཚོར་གནད་དུ་སྨིན་པའི་རོགས་རམ་ཞིག་བྱེད་ཐུབ་ཀྱི་མེད་པ་རེད། ཡིན་ཡང་ཉིན་རེ་ནས་ཉིན་རེ་བཞིན་བོད་མི་ཚོས་རང་ལུས་མེར་བསྲེགས་ཀྱི་གྲ་སྒྲིག་བྱེད་བཞིན་ཡོད་ལ། བདུན་ཕྲག་རེ་ཟུང་སྔོན་ནས་བཟུང་དམར་པོའི་སྲིད་གཞུང་ཨ་ཆད་ཨུ་ཐུག་ཏུ་གྱུར་ནས་མེར་བསྲེགས་མཁན་དེ་ཁྲིམས་འགལ་བར་བརྩིས་པའི་མི་ཚད། མེར་བསྲེགས་ལས་འགུལ་ལ་ལྟ་མཁན་དང་དེ་ལ་ཉན་མཁན། ཐ་ན་མེར་བསྲེགས་པའི་ནང་མིར་སེམས་གསོ་བྱེད་མཁན་དང་མེར་བསྲེགས་པའི་ཆེད་དུ་སྨོན་ལམ་རྒྱག་མཁན་ཡན་ཆད་ཁྲིམས་འགལ་ཡིན་པའི་ཁྲིམས་གཞི་གསར་པ་སྔ་ན་མེད་པ་ཞིག་གསར་བཟོ་མི་བྱེད་ཀ་མེད་དུ་གྱུར་པ་དང་། ས་གནས་མི་དམངས་ཁྲིམས་ཁང་དག་གིས་ཀྱང་མེར་བསྲེགས་ལས་འགུལ་དང་འབྲེལ་བ་ཡོད་པ་ཚང་མར་དྲག་རྡུང་བྱེད་དགོས་པ་དང་། མེར་བསྲེགས་ལས་འགུལ་བ་དང་དེའི་རྒྱབ་སྐྱོར་བ་ཚོ་དམར་གཞུང་ལ་རྩིས་སྤྲོད་བྱས་ན་བྱ་དགའ་འདི་འདྲ་དང་དེ་འདྲ་ཡོད་ཅེས་མངོན་སུམ་འཛེམ་མེད་དུ་ཁྱབ་བསྒྲགས་བྱས་དང་བྱེད་བཞིན་འདུག

མེར་བསྲེགས་ལས་འགུལ་འདིའི་སྐོར་ལ་༧གོང་ས་མཆོག་གི་ངོས་ནས་བཀའ་སློབ་མང་ཆེ་བ་ཕྱི་རྒྱལ་གསར་འགོད་པས་དྲི་བ་ཞུས་པའི་སྐབས་ཁོ་ན་ཡིན་པ་དང་། དེ་ཡང་དེར་འཛིན་པའི་ཁོང་སྐུ་སྒེར་གྱི་ལྟ་བ་ཞིག་ཕལ་ཆེར་ཞལ་གསལ་ནས་གསུངས་མེད་ལ། མེར་བསྲེགས་ལས་འགུལ་དེ་འབྱུང་རྐྱེན་ཚང་མ་རྒྱ་ནག་གཞུང་ལ་ཡོད་པའི་སྐོར་གསུང་བཞིན་འདུག་ཅིང་། དེ་མཚམས་འཇོག་དང་མི་འཇོག་གི་འགན་ཁུར་ཚང་མ་ཡང་རྒྱ་ནག་གཞུང་ལ་ཡོད་ཅེས་ཡང་དང་བསྐྱར་དུ་གསུང་གིན་འདུག དེ་བཞིན་ཁོང་གི་བཀའ་སློབ་ལས་གནད་དོན་གཉིས་སྟོན་པ་སྟེ། གལ་སྲིད་ཁོང་གིས་མེར་བསྲེགས་ལས་འགུལ་འདི་སྡུག་པོ་རེད་ཅེས་གསུངས་ན་མེར་བསྲེགས་པའི་ནང་མི་ཚོ་བློ་ཕམ་འབྱུང་རྒྱུ་དང་། དེ་ཡག་པོ་རེད་གསུངས་ན་དམར་པོའི་གཞུང་གིས་ཁོང་མེར་བསྲེགས་རྒྱུད་སྐུལ་མཁན་དུ་ངོས་འཛིན་བྱེད་རྒྱུ་ཡིན་པ་དེ་གཉིས་རེད། བོད་མི་བརྒྱ་ཕྲག་བརྒལ་བས་རང་ལུས་མེར་བསྲེགས་བྱེད་ཐེངས་རེ་རེར་དམར་པོའི་གཞུང་གིས་དེའི་རྒྱབ་ལོགས་ན་༧གོང་ས་མཆོག་ཡོད་ལུགས་བསྙོན་འཛུགས་བར་མེད་དུ་བྱས་ཡོད་ལ། དེ་ནི་མེར་བསྲེགས་ལས་འགུལ་གཅིག་པོ་མ་ཡིན་པར་ཨོ་ལིམ་ལུས་རྩེད་བར་ཆད་དང་ཐིག་བརྒྱད་བོད་ནང་དོན་རྐྱེན་སོགས་བོད་དོན་ལས་འགུལ་ག་རེ་ཡིན་ན་ཡང་དེའི་རྒྱབ་ལོགས་སུ་༧གོང་ས་མཆོག་ཡོད་ལུགས་ཀྱི་སྡུག་སྐད་ཟམ་མི་ཆད་པར་བརྒྱབ་དང་རྒྱག་བཞིན་པ་རེད། གལ་སྲིད་༧གོང་ས་མཆོག་གིས་མེར་བསྲེགས་མཚམས་འཇོག་བྱེད་རོགས་ཞེས་མི་གསུང་བའི་གནད་འགག་འདི་ཐུག་ས་གཙོ་བོ་སྟེ། ༧གོང་ས་མཆོག་གིས་གལ་སྲིད་དེ་ལྟར་གསུངས་ནས་བོད་མི་མེར་བསྲེགས་མཚམས་བཞག་པ་ཡིན་ན། དམར་པོའི་གཞུང་གིས་ཚ་ཚ་འུར་འུར་ངང་འཛམ་གླིང་ལ་ཁ་གཏད་ནས། ཏྰ་ལའི་བླ་མའི་སྐད་ཆ་ཚིག་གཅིག་གིས་མེར་བསྲེགས་ལས་འགུལ་མཚམས་བཞག་སོང་བས་གནས་སྟངས་འདིས་ཁོ་ནི་མེར་བསྲེགས་ལས་འགུལ་རྒྱུད་སྐུལ་བྱེད་མཁན་ཡིན་པ་དེ་ར་འཕྲོད་ཐུབ་ཅེས་ཟེར་རྒྱུ་རེད་དགོངས་པ་ཡིན་ན། བོད་མིའི་ཚེ་སྲོག་མེར་བསྲེགས་ཀྱི་ལས་འགུལ་རྔམས་པོ་ཆེ་འདི་མཚམས་འཇོག་ཐུབ་པ་ཡིན་ན། དམར་པོའི་གཞུང་གིས་༧གོང་ས་མཆོག་ལ་མཚན་སྨོད་ཞུ་རྒྱུ་དེ་ཚབས་ག་ཚོད་ཆེ་རུ་སོང་ཡང་དྲང་བདེན་དང་ཞི་བདེར་དགའ་བའི་འཛམ་གླིང་མི་དམངས་སུས་ཀྱང་༧གོང་ས་མཆོག་ལ་འཛིན་པའི་ཡིད་ཆེས་ཆེ་རུ་མ་གཏོགས་ཆུང་དུ་འགྲོ་མི་སྲིད་ལ། དེ་ལ་བརྟེན་ནས་རྒྱ་དམར་སྲིད་གཞུང་ཡང་ངོ་ཚ་ཁ་སྐྱེངས་སྔོན་ཆད་མ་བྱུང་བ་ཞིག་འབྱུང་རྒྱུ་ཡིན་པ་ཡང་སྔོན་དཔག་བྱེད་ཐུབ་པ་ཞིག་ཡིན་པ་སྟེ། གདུག་རྩུབ་ཅན་གྱི་སྲིད་གཞུང་འདིས་མི་རྒྱུ་མཚོན་གསུམ་གྱི་འགྲོ་སོང་ཕངས་མེད་དུ་བཏང་ནས་ཚབས་ཆེ་རུ་སོང་བའི་བོད་མིའི་མེར་བསྲེགས་ལས་འགུལ་དེ་༧གོང་ས་མཆོག་གི་ཞལ་གསུང་དྲོན་མོ་གཅིག་གིས་མཚམས་འཇོག་བྱས་པས་སོ།།

མི་རིང་བའི་སྔོན་བཀའ་ཁྲི་དང་ཀརྨ་པ་གཉིས་ཀྱིས་མེར་བསྲེགས་ལས་འགུལ་འདི་མཚམས་འཇོག་དགོས་པའི་བཀའ་སློབ་གནང་ལུགས་ཐོས་བྱུང་ལ། ཨ་མདོ་རེབ་ཀོང་གི་བླ་ཆེན་མི་ཆེན་སྐོར་ཞིག་གིས་ཀྱང་ཡི་གེའི་ལམ་ནས་མང་ཚོགས་ལ་མེར་བསྲེགས་ལས་འགུལ་འདི་མཚམས་འཇོག་དགོས་པའི་བསླབ་བྱ་ཞིག་བྱས་འདུག ཡིན་ན་ཡང་ད་དུང་བོད་ནང་མུ་མཐུད་དེ་མེར་བསྲེགས་ལས་འགུལ་འདི་རྒྱུན་སྐྱོང་བཞིན་ཡོད་ཅིང་། མེར་བསྲེགས་ལས་འགུལ་སྤེལ་མཁན་མང་ཤོས་ནི་ཆབ་སྲིད་ཐད་མིག་རྒྱང་རིང་པོ་མེད་པའི་ཞིང་འབྲོག་མང་ཚོགས་དང་གྲྭ་བཙུན་དག་རེད། མི་འདི་དག་གིས་གནས་སྐབས་ཀྱི་ཚོར་བའི་ངར་ཤུགས་ཀྱི་དབང་གིས་རང་ལུས་མེར་བསྲེགས་གཏོང་གི་ཡོད་ཅིང་། འགྲན་ཟླ་བྲལ་བའི་སྙིང་སྟོབས་དེ་དག་གལ་སྲིད་གསོན་པོའི་ལམ་ནས་བོད་ཀྱི་སྣོད་བཅུད་སྲུང་སྐྱོབ་ཀྱི་ཆེད་དུ་བཏང་བ་ཡིན་ན། མེར་བསྲེགས་ལས་འགུལ་ལས་ལྷག་པའི་ནུས་པ་ལྡབས་འགྱུར་གྱིས་ཐོན་རྒྱུ་ཡིན་མོད། ཡིད་ཧ་ཅང་ཕངས་པ་ཞིག་ལ་ཁོང་རྣམ་པའི་རྩ་ཆེ་བའི་ཚེ་སྲོག་རེ་རེ་བཞིན་སྙིང་རྗེ་མེད་པའི་མེ་ལྕེ་དམར་པོས་ཁྱུར་མིད་དུ་བཏང་ནས་ནམ་ཡང་ཕྱིར་ལོག་ཡོད་པ་མ་རེད། ཀྱེ་མ་ཀྱེ་ཧུད། ངའི་རིགས་གཅིག་སྤུན་ཟླ་ཚོ།

བོད་མི་རང་བཙན་པ་ཚོར་མཚོན་ན་རང་རེའི་ཕ་དང་མེས་པོ་བསད་པའི་བཤན་ལག་སྟེང་གི་ཁྲག་དམར་ད་དུང་སྐམ་མེད་པའི་རྒྱ་ནག་དམར་པོའི་སྲིད་གཞུང་ནི་ས་སྟེང་གི་དགྲ་བོ་ཉག་གཅིག་དེ་ཡིན་པས། དགྲ་བོའི་ངོས་ནས་ཚུར་ང་ཚོར་སྙིང་རྗེ་དང་གུ་ཡངས་སྤྲོད་པའི་རེ་བ་བརྒྱབ་པ་དེ་ནི་ལུ་གུས་སྤྱང་ཀིའི་འོ་མར་རེ་བ་བརྒྱབ་པ་དང་གཅིག་མཚུངས་ཡིན་པ་མ་ཟད། དེ་ནི་དགྲ་བོའི་མདུན་ནས་ཉོས་པའི་ངོ་ཚ་ཆེན་པོ་ཞིག་ཀྱང་ཡིན་པ་རེད། དེ་བས་ཁོ་ཚོས་ནམ་ཡང་དགྲ་བོའི་ཕྱོགས་ནས་ཚུར་བསམ་ཤེས་དང་བྱམས་སྐྱོང་ཞིག་ཐོབ་རྒྱུ་མེད་པ་དེ་ལོ་ངོ་ལྔ་བཅུའི་སྔོན་ནས་ཤེས་རྟོགས་བྱུང་ཡོད་པ་རེད། རྒྱུ་མཚན་འདིའི་དབང་གིས་བོད་ཀྱི་མེར་བསྲེགས་ལས་འགུལ་འདི་མཚམས་འཇོག་དང་མི་འཇོག་དེ་རྒྱ་ནག་གཞུང་གིས་ཚུར་ཐག་གཅོད་བྱེད་རྒྱུ་ཞིག་མ་ཡིན་པར། བོད་མི་རང་ཉིད་ཀྱིས་རང་གི་འཐབ་རྩོད་ཀྱི་ཁ་ཕྱོགས་གང་ཞིག་ཏུ་བསྒྱུར་མིན་ལ་རག་ཡོད་པ་ཞིག་རེད། གནད་དོན་འདིའི་སྟེང་ནས་བལྟས་པ་ཡིན་ན། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་མཚམས་བཞག་ཡོད་མིན་ལ་མ་ལྟོས་པར། ཁོང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་བོད་དོན་འཐབ་རྩོད་འདིའི་ཕྱོགས་སུ་ནམ་ཡང་འདོར་དུ་མེད་པའི་འོས་འགན་ཞིག་ཡོད་པ་དང་། འཛམ་གླིང་གི་བྱམས་བརྩེའི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་ས་སྟེང་འདིའི་མིའི་རིགས་ཀྱི་ཚོགས་སྡེ་གང་ཡང་རུང་བ་ཞིག་གིས་རང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་རིག་ཡུལ་གསུམ་སྲུང་སྐྱོབ་ཆེད་འཐབ་རྩོད་ཀྱི་ལས་འགུལ་ཡ་ང་ཞིང་སྐྱི་བ་གཡའ་བ་གང་ཡང་རུང་བ་ཞིག་སྤེལ་སྐབས་དེའི་གནོད་ཚབས་དང་ཕན་འབྲས་ལ་གཟིགས་པའི་ལམ་སྟོན་གནང་རྒྱུ་དེ་ནི་ཁོང་གི་ཐུགས་འགན་ཡང་ལོས་ཡིན། གཉིས་པ་དེ་ལ་བོད་མི་མེར་བསྲེགས་པ་རེ་རེའི་འཆི་ཁའི་འབོད་སྒྲའི་ཀློང་ན་རྒྱལ་བ་རིན་པོ་རེ་བོད་ལ་གདན་འདྲེན་ཞུ་དགོས་པའི་ཚིག་འདི་ཐེངས་གཅིག་ཀྱང་མ་ཆད་པར་ཡོད་པ་འདི་ནི་ཁོང་གིས་སྙན་གྱིས་གསན་ཅིང་ཐུགས་སུ་བསྣམས་ཡོད་པར་ཐེ་ཚོམ་ཕྲ་མོ་ཙམ་ཡང་མེད་པས། མི་གསོན་པོའི་ལུས་སྟེང་གི་ཤ་དང་རྒྱུས་པ་མེ་དམར་པོས་འཚིག་བཞིན་པའི་སྐབས་ཀྱི་འབོད་སྒྲ་འདི་ཚོའི་ཀློང་ན་བཞུགས་པའི་བྱམས་བརྩེའི་མངའ་བདག་ཁོང་གིས། ངའི་བརྩེ་བའི་མགོ་ནག་བོད་པ་ཚོ། ང་རང་བོད་ལ་བསླེབས་པའི་ཆེད་དུ་དམིགས་ནས་ཁྱེད་ཚོས་རང་ལུས་མེར་བསྲེགས་མ་གཏོང་རོགས། མེར་བསྲེགས་མ་ཡིན་པའི་འཐབ་རྩོད་ཀྱི་ལམ་ཁ་གཞན་ཞིག་འཚོལ་རོགས་ཞེས་བཀའ་སློབ་ལམ་སྟོན་ཚར་གཅིག་གནང་བ་ཡིན་ན། ཆོལ་ཁ་གསུམ་གྱི་ས་ཆེན་པོ་དེའི་སྟེང་དུ་ཁོང་གི་བཀའ་སློབ་ལ་མི་བརྩི་མཁན་གྱི་བོད་རིགས་རྣམ་དཔྱོད་དང་ལྡན་པ་སུ་གཅིག་ཀྱང་མེད་པས། ཉི་མ་དེ་ནས་བཟུང་སྟེ་ཆེས་འཇིགས་སུ་རུང་བའི་མེར་བསྲེགས་ལས་འགུལ་འདི་མཚམས་ཆད་པར་གྱུར་ཏེ། བོད་མི་ཚོས་བོད་དོན་འཐབ་རྩོད་ཀྱི་ལམ་ཁ་གཞན་ཞིག་ངེས་པར་དུ་འདེམ་སྲིད་ཅིང་། དེ་ནི་བོད་མིའི་རྩ་ཆེའི་ཚེ་སྲོག་མེ་ནང་དུ་འདེབ་དགོས་པ་ཞིག་མ་ཡིན་པར་གསོན་པོར་གནས་བཞིན་དུ་རང་གི་ཐོབ་ཐང་རྩོད་པའི་ལས་འགུལ་ཞིག་ཡིན། དེ་མ་གཏོགས་དགྲ་དམར་པོའི་གཞུང་གི་ངོས་ནས་བོད་མི་སྤྱི་དང་ཁྱད་པར་དུ་བོད་དོན་ཐད་རང་གི་ཚེ་སྲོག་འབུལ་ཐུབ་མཁན་གྱི་བོད་མི་བརྒྱ་སྟོང་ཁྲི་འབུམ་ག་ཚོད་ཅིག་ཤི་ན་ཡང་དེ་ནི་ཁོ་ཚོའི་ཕྱོགས་ཀྱི་འགྲོ་སོང་མདེའུ་རྐང་གཅིག་ཀྱང་གཏོང་མ་དགོས་པའི་རྒྱལ་ཁའི་འབྲས་བཟང་གཡུར་དུ་ཟ་བ་ཞིག་ཡིན་པས། ང་ཚོར་དེ་ཕྱོགས་ནས་ཚེ་སྲོག་གི་འགྲོ་སོང་མ་གཏོགས་སྐྱག་པ་སྐམ་པོ་ཞིག་ཀྱང་ཚུར་ནི་འཐོབ་རྒྱུ་ཡོད་པ་མ་རེད། བོད་མི་རེ་རེས་རང་གི་རྩ་ཆེ་བའི་ཚེ་སྲོག་དང་ལུས་པོ་གཉིས་མེ་དམར་པོའི་ཀློང་དུ་འབུལ་ཐེངས་རེ་རེར། པེ་ཅིན་ཀྲུང་ནན་ཧེ་རུ་དམར་པོའི་གཞུང་གི་དཔོན་རིགས་ཚོས་གསོལ་སྟོན་རྒྱ་ཆེན་པོ་རེ་བཤམས་ནས་དེ་རིང་ཡང་བོད་མི་ཁ་བྲལ་བ་ཞིག་ང་ཚོས་ལག་འགུལ་མ་དགོས་པར་རང་ཤི་བརྒྱབ་འདུག་ཟེར་བཞིན་དགའ་སྤྲོའི་ཐལ་སྒྲའི་ཀློང་ན་ཆང་དང་ཐ་མག་གིས་བཟི་བསྡད་ཡོད་ཀྱི་རེད། བོད་དོན་ལ་འབྲས་བུ་མེད་པ་འདི་ནི་ཕྱོགས་གཅིག་ནས་དགྲ་ཁ་གཏད་དེ་སྟོབས་ཆེ་དྲགས་པས་རེད་ལ། ཕྱོགས་གཅིག་ནས་ང་ཚོའི་ཆབ་སྲིད་ཀྱི་དབུ་ཁྲིད་ཚོས་བོད་མི་དམངས་ལ་འཐབ་རྩོད་ཀྱི་ལམ་ཁ་ཁྱད་དུ་འཕགས་པ་ཞིག་སྟོན་མ་ཐུབ་པས་ཀྱང་རེད། ལམ་དབུ་མ་དང་རང་བཙན་གཙང་མ་གཉིས་ནི་ཆབ་སྲིད་ཀྱི་ལྟ་བ་མི་འདྲ་བ་གཉིས་རེད་མ་གཏོགས་ཆབ་སྲིད་ཀྱི་འཐབ་རྩོད་བྱེད་སྟངས་ཤིག་མིན་ན་ཡང་། ང་ཚོའི་ཆབ་སྲིད་ཀྱི་དབུ་ཁྲིད་ཚོས་ཀྱང་ཆབ་སྲིད་ཀྱི་ལྟ་བ་གསལ་བསྒྲགས་བྱས་རྗེས་དེ་ལག་ལེན་དུ་འགེལ་ཕྱོགས་ཁ་གསལ་མ་བརྗོད་པར་མི་ལོ་ལྔ་བཅུ་བསྐྱལ་ཚར་བ་རེད་ལ། བོད་མི་ཕལ་མོ་ཆེ་ཞིག་གིས་ཆབ་སྲིད་ཀྱི་ལྟ་བ་དང་སྤྱོད་པ་གཉིས་མཉམ་དུ་བསྲེས་ནས་ཉི་མ་སྐྱེལ་ཐབས་བྱེད་བཞིན་པ་འདི་ནི་ངོ་མ་མི་རིགས་འདིའི་སྐྱོ་གར་ཆེན་པོ་ཞིག་རེད།

གོང་གསལ་རྩོམ་ཐུང་འདིས་མེ་བསྲེགས་ལས་འགུལ་འདི་མཚམས་མི་འཇོག་པའི་རྒྱུ་རྐྱེན་༧གོང་ས་མཆོག་ལ་འགེལ་གིན་མེད་པར་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཚིག་གཅིག་ནི་བོད་མིའི་ལུས་སྟེང་དུ་འབར་བའི་མེ་ལྕེ་འདི་དག་གཞིལ་ཐུབ་པའི་བདུད་རྩིའི་ཆར་རྒྱུན་བསིལ་མ་དེ་ཡིན་པ་ངོ་སྤྲོད་བྱས་པ་ཡིན་ནོ།། བོད་མི་ནི་ལུག་ཁྱུ་དང་༧གོང་ས་མཆོག་ནི་ལུག་རྫི། ཁོང་གི་བྱམས་བརྩེའི་བཀའ་སློབ་ནི་ལུག་རྫིའི་ཀི་སྒྲ་ཡིན།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༨ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 7

  1. ཕུན་ཚོགས ། says:
    ལོ་ 13 སྔོན།

    གྲོགས་པོའི་སྙན་ངག་གིས་ང་རང་ཐེངས་མང་བཟི་རུ་བཅུག་མྱོང་ཡང། རྩོམ་ཡིག་འདིའི་ཆབ་སྲིད་བློ་མིག་གིས་འདོད་བློ་ཁེངས་ཐབས་མ་བྱུང་།

    Reply
  2. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    བརྗོད་བྱེད་ཀྱིས་ཚིག་སྦྱོར་ལ་ཁྱད་ཆོས་དམིགས་བསལ་འདུག་ལ་གོ་བདེ་འབྲེལ་ཆགས་རུང་བརྗོད་དོན་འདི་ནི་ཅུང་ཡིད་མི་འཚམས་པ་ཞིག་བྱུང།

    Reply
  3. རྟེན་འབྱུང་། says:
    ལོ་ 13 སྔོན།

    ཀླུ་སྨྱོན་གྱི་རྩོམ་འདི་མཐོང་བས་སེམས་གཏིང་ནས་སྐྱུག་མེར་འདྲ་ཞིག་ལངས་བྱུང་། རྩོམ་གྱི་ཚིག་སྦྱོར་མ་འགྲིག་པ་མ་རེད་དོན་གྱི་བརྗོད་བྱ་ནོར་བ་རེད།
    དང་པོ། དཔའ་བོ་ཐུབ་བསྟན་དངོས་གྲུབ་མཆོག་གི་མིང་འབོད་སྐབས་ཐུབ་བསྟན་དངོས་གྲུབ་ཞེས་པ་ལས་དཔའ་བོ་ཞེས་ཆེ་བསྟོད་བྱེད་མ་འདོད་པར་ལྟོས་ན་ཁོའི་སེམས་ལ་ལྷད་ཞུགས་ཡོད་པ་ཤེས་ཐུབ་ཀི།
    གཉིས་པ། བོད་དོན་དང་རང་དབང་ཆེད་རང་ལུས་མེར་བསྲེགས་བཏང་བ་འདི་འཚེ་བའི་ལས་རེད་ཟེར་མཁན་ཆོས་ལ་དུག་ཏུ་ལྟ་མཁན་རྒྱ་དམར་ཁོ་ན་མ་གཏོགས་སུ་གང་གིས་བཤད་མཁན་མེད་ལ་ཆོས་ཀྱི་གནས་བབ་དང་སྲིད་ཀྱི་གནས་བབས་གང་གི་ཆ་ནས་ཀྱང་འཚེ་བའི་ལས་ཡིན་པའི་རྒྱུ་མཚན་སྤུ་རྩེ་ཙམ་ཡང་བཤད་རྒྱུ་མེད། དེར་བརྟེན་གོང་ས་མཆོག་གིས་འཚེ་བའི་ལས་རེད་ཅེས་གསུང་ཡོད་ཟེར་བ་རྫུན་ཆེན་པོ་ཞིག་བཤད་པ་ཡིན་པས་གལ་སྲིད་དེ་འདྲ་ཡོད་ན་༧གོང་ས་མཆོག་གི་བཀའ་གསུངས་ཆ་ཚང་བཀོད་དགོས་པ་ལས་ཡར་བཅད་མར་བཅད་ནས་ཕྱོགས་ལྷུང་ཅན་གྱི་རྒྱ་མི་གསར་འགོད་པ་ལྟར་བཀོད་ན་མི་འགྲིག། གལ་སྲིད་བཀོད་ཡ་མེད་ན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ལ་གཞི་མེད་བསྐུར་འདེབས་ཆེན་པོ་བྱས་པས་ཁྲིམས་སར་འགྲོ་དགོས་ན་ཐང་།
    གསུམ་པ། ང་ཚོ་བོད་མིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱེད་བཞིན་པ་འདི་ཆོས་ཀྱི་གནད་དོན་ཞིག་མིན་པར་ཆབ་སྲིད་ཀྱི་གནད་དོན་ཞེ་དྲགས་ཤུགས་ཆེན་པོ་ཞིག་ཡིན་པར་བརྟེན་རྒྱ་གཞུང་གིས་དེ་ལས་གཡོལ་ཆེད་འཚེ་བ་རེད་ཟེར་བ་དང་ཕྱི་ལོག་ནས་བརྒྱུད་སྐུལ་བྱས་རེད་ཟེར་ནས་གཡོ་ཐབས་སྣ་ཚོགས་བཀོད་པ་དང་གཅིག་མཚུངས་ལྟ་བུར་བཤད་འདུག་པ་ལས་དེ་ཆབ་སྲིད་ཀྱི་གནད་དོན་ཞིག་ཡིན་པ་ཚིག་གཅིག་ཀྱང་བཤད་མི་འདུག།
    བཞི་བ། བོད་མིས་སྟག་པགས་གཟིག་པགས་གོན་པ་ནི་ཆབ་སྲིད་གནད་དོན་གང་ཡང་མིན་དེ་ནི་སྔར་གྱི་གོམས་སྲོལ་ངན་པ་ཞིག་ཡིན་པས་དེ་དང་དེ་འདྲ་བ་དེ་ཚོ་སུས་ཀྱང་བཀག་ཐུབ་ན་འགོག་དགོས་པ་ཞིག་ཡིན།
    ལྔ་བ། ༧གོང་ས་མཆོག་ལ་གསར་འགོད་པས་མེར་བསྲེགས་སྐོར་ལ་དྲི་བ་ཞུས་སྐབས་༧གོང་ས་མཆོག་གིས་དེ་ནི་ཆབ་སྲིད་གནད་དོན་ཞེ་དྲགས་རེད་གསུངས་ཡོད་པ་ཡར་བཅད་མར་བཅད་ནས་གསུང་གི་དོན་དག་གནད་འགག་དེ་ཚོ་གང་ཐུབ་ཐུབ་རྒྱ་མི་གསར་འགོད་པ་ལྟར་ལེན་ཡོད་པས་དོགས་པའི་གནས་མ་བྱས་རང་བྱས་ཆགས།
    ད་དུང་བཤད་རྒྱུ་མང་མོད་རེ་ཞིག་བཞག མདོར་བསྡུས་ན་སྔ་ནས་ད་བར་དུ་ཁྱོད་དང་ཁྱོད་འདྲ་བས་ཚིག་ཙམ་འབྲི་ཤེས་མཁན་ཚོས་ཨ་ཁུ་ཚོད་ལ་ཚོད་མེད་པར་རྩོམ་ཡིག་བརྗོད་བྱ་དོན་ལོག་པ། མདུན་གཅིག་པོ་ལས་ཕུགས་རྒྱངས་རིང་པོ་ལྟ་མ་ཐུབ་པ་བཤད་བཤད་ནས་རང་ཡུལ་གཞན་ལག་ཏུ་ཤོར་སོང་བ་ཤེས་ན་བཟང་། རྒྱ་མིའི་བཙོན་ཁང་ནས་བོད་མི་སྟོང་ཕྲག་མང་པོ་དམར་གསོད་བཏང་དང་གཏོང་བཞིན་པ་རྩོམ་ཡིག་ནང་འབྲི་ཆོག་པ་ལ་བྲིས་མི་འདུག་ཡ། དེ་ལས་སྔོན་མ་ནང་བཞིན་གཟན་ཤན་ཐབས་གྱོན་ནས་བརྩེ་དུང་སྐོར་གྱི་རྩོམ་ཡིག་བྲིས་དང་ཁྱེད་ལ་དེ་ཁོ་ན་རན་པོ་ཞེ་དྲགས་འདུག

    Reply
  4. ཐོས་བསམ། says:
    ལོ་ 13 སྔོན།

    རྩོམ་ཡིག་ཡག་པོ་བྲིས་འདུག ང་ཧ་ཅང་མོས་མཐུན་ཡོད། སྐད་ཆ་བཤད་སྟངས་འོག་གི་དྲ་ཐག་འདི་གཉིས་ནང་དོན་དང་གཅིག་པ་རེད།
    https://tibettimes.net/wordpress/news.php?id=5170&&cp=4

    http://www.rangzen.net/2011/12/06/protest-must-be-led-by-the-tibetan-government-in-exile/

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ བོད་ནང་མེར་བསྲེགས་མཚམས་འཇོག་དགོས་ཀྱི་འདུག་གསུངས་པ་དང་། ལྷག་པར་དུ་༧གོང་ས་མཆོག་གིས་བོད་ནང་གི་མེར་བསྲེགས་མཚམས་འཇོག་དགོས་པའི་བཀའ་གནང་དགོས་ཚུལ་གསུངས་པ་དེ་ཤིན་ཏུ་མ་རུང་བ་རེད། ་་་ཟེར།

    Reply
  6. ལུང་རྟོགས། says:
    ལོ་ 13 སྔོན།

    ངས་བལྟས་ན་ཀླུ་སྨྱོན་འདི་སྙན་ངག་འབྲི་རྒྱུར་མཁས་ཙམ་ཡོད་པ་ལས་བསམ་བློ་གཏོང་སྟངས་སྙིང་སྟོབས་ཡོད་པ་དང་ཕུག་རྒྱང་ཡོད་པ་ཞིག་གཏན་ནས་མ་རེད།

    Reply
  7. རིག་བཟང་། says:
    ལོ་ 13 སྔོན།

    རྩོམ་ཡིག་ཡག་པོ་བྲིས་འདུག དེང་གི་གསར་འགྱུར་བརྒྱུད་ལམ་ཁག་གི་རྩོམ་ཡིག་དམ་དུམ་དེ་དག་དང་མི་འདྲ་བར་ཤེས་ཡོན་པ་བརྣལ་ཞིག་གི་བཟོ་ལྟ་འདུག ཡིན་ནའང་རྩོམ་ཡིག་གི་བསྟན་བྱའི་ཐད་ནས་དེ་ཙམ་འདོད་མོས་བྱུང་མ་སོང་། བོད་ནང་མེར་བསྲེགས་མཚམས་འཇོག་དགོས་ཀྱི་འདུག་གསུངས་པ་དང་། ལྷག་པར་དུ་༧གོང་ས་མཆོག་གིས་བོད་ནང་གི་མེར་བསྲེགས་མཚམས་འཇོག་དགོས་པའི་བཀའ་གནང་དགོས་ཚུལ་གསུངས་པ་དེ་ཤིན་ཏུ་མ་རུང་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese