མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐར་ལྔའི་དར་དམར་འོག་གི་འོད་སྣང་།

བོད་ཀྱི་དུས་བབ།
༢༠༡༣/༠༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཤར་ཕྱོགས་ཁུག་རྟ།

 

༄༅།། ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་འཚོགས་མ་ཐག་པའི་བོད་རིགས་དགེ་རྒན་གྱི་ཚོགས་ཆེན་ཐེངས་དང་པོའི་ཚོགས་ཆུང་རེ་རེའི་སྙན་ཐོ་སོགས་མིག་སོན་མ་བྱུང་ཡང་། དུས་བབ་གསར་འགོད་པས་གནད་འགག་ལ་དོ་འཁུར་ཆེན་པོས་ཚོགས་ཆེན་དང་པོའི་གནས་ཚུལ་སྐོར་གསར་འགྱུར་འཐུས་ཚང་གསུམ་བཟོས་པ་དེར་ལྟ་སྐབས། བཙན་བྱོལ་བོད་མིའི་ཤེས་རིག་གི་གཞུང་ལམ་ཉིད་ནི་གཏན་འབེབས་གྲུབ་པའི་ཤེས་ཡོན་སྲིད་བྱུས་གསར་པར་ཕལ་ཆེར་སྤྱི་མོས་ཡོད་པ་འདྲ་བའི་ཚོར་སྣང་བྱུང་། ལྷག་དོན་ཚོགས་ཆུང་རེ་རེའི་ཚོགས་གཙོ་རྣམས་ཀྱི་ལན་འདེབས་ལ་བལྟས་ན་ཤེས་རིག་གི་སྲོག་འཛིན་དགེ་རྒན་རྣམས་པ་དེ་བས་ཀྱང་སྲིད་བྱུས་དེར་མོས་མཐུན་ཡོད་པ་དངོས་ར་གསལ་འཕྲོད་བྱུང་།

 

ཁོ་བོར་མཚོན་ན་སྔ་མོ་ནས་ཤེས་ཡོན་སྲིད་བྱུས་ལ་རྒྱུས་མངའ་བྱས་པའི་དུས་རིམ་ནང་། ཤེས་ཡོན་སྲིད་བྱུས་ལག་བསྟར་དང་འབྲེལ་བའི་གནས་ཚུལ་ཆེ་ཕྲ་མང་པོར་ཉན་ཞིབ་བྱེད་སྐལ་བྱུང་བ་ནི་བཙན་བྱོལ་བོད་མིའི་བོད་ཀྱི་ཤེས་རིག་མདུན་ལམ་དང་། ཉམས་ང་བའི་སྐད་ཡིག་གི་གནས་བབ་ཅུང་ཙམ་གོམ་པ་མདུན་བསྐྱོད་བྱས་ན་བསམས་པ་དེ་ཡིན་པས། རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་སྐབས་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་དང་། བོད་ཁྱིམ་དབུ་འཛིན་ཚེ་དབང་ཡིེ་ཤེས་གཉིས་ལ་ཤེས་ཡོན་སྲིད་བྱུས་ལག་བསྟར་ཐད་འཕྲད་པའི་དཀའ་ངལ་མཐའ་དག་སྦ་གསང་མེད་པར་གསུངས་དགོས་པའི་དྲི་བ་བཏོན་པ་ཡིན། དྲི་བ་དེ་ཚོགས་ཆུང་གི་ཚོགས་གཙོས་ངོས་ལེན་དང་ཚོགས་མི་རྣམས་ཀྱི་སྤྱི་མོས་འོག་བརྙན་འཕྲིན་ལའང་ཕབས་ཐུབ་པ་བྱུང་། ༼ བརྙན་འཕྲིན་མི་མང་ནང་བཀྲམས་ཐུབ་མེད། ༽ངའི་འཁྲིས་སུ་ཡོད་པའི་སམ་བྷོ་ཊའི་སྤྱི་ཁྱབ་དབུ་འཛིན་ཀརྨ་ཆུང་བདག་མཆོག་གིས་སྲིད་བྱུས་ལག་ལེན་གྱི་ཉམས་མྱོང་རང་སྟེང་ནས་ཕྱོགས་སྟོན་བྱས་པའི་སྙིང་དོན་རྣམས། སྐབས་དེར་ཚགས་ཤོག་སོགས་སུ་དྲིལ་བསྒྲགས་དང་རྩོམ་ཡིག་གི་ལམ་ནས་བསམ་ཚུལ་ཤུགས་ཆེར་སྤེལ་ཡོད།

 

ཤེས་ཡོན་སྲིད་བྱུས་ཡོངས་སུ་ལག་བསྟར་འབྱུང་མིན་གྱི་གནས་ཚུལ་ལ་ཞིབ་འཇུག་བྱས་པ་ཡིན་ན། ཕྱི་ལྤགས་ཙམ་ལ་ཆ་འཇོག་བྱེད་པའི་བཙན་བྱོལ་སྤྱི་ཚོགས་ནང་གི་རིན་ཐང་ངོས་འཛིན་གྱི་གླེན་གཤིས་དེ་མཐོང་ངེས་པ་རེད། ཉེ་སྔོན་བརྒྱུད་ལམ་ཞིག་ནས་ཉི་མ་ཁ་དཀར་ངོ་དཀར་ལ་བོད་ཕྱི་ནང་གཉིས་སུ་སྐུའི་གཅུང་མོའི་མི་ལོ་ ༤༠ ལྷག་གི་སློབ་གསོའི་ལས་དོན་ཞེས་འུར་བསྟོད་ཚད་ལས་བརྒལ་བ་བྱས་སོང་། ཤེས་ཡོན་སྲིད་བྱུས་ལག་བསྟར་དང་ཁྱད་པར་དུ་བོད་ཀྱི་རིག་གནས་སློབ་ཕྲུག་གི་སེམས་ལ་འཇགས་ཐུབ་ཀྱི་སློབ་གསོའི་ལམ་སྲོལ་དང་ལྷག་བསམ་གང་ཐད་ནས་ཞུས་ཀྱང་། རྗེ་བཙུན་པད་མར་དེ་འདྲའི་འུར་བསྟོད་ཅིག་འབབ་ཀྱི་མེད་པ་ལོང་པས་བལྟས་ཀྱང་རྒྱལ་ཁམས་ཀྱི་དཔེ་ལ་སོང་གཤིས། རང་དབང་ལྡན་པའི་དགེ་རྒན་ཚོགས་ཆེན་གྱི་རྣམ་པ་འདིས་མི་ལོ་མང་པོའི་རིང་འཁྱོག་ལམ་དུ་སོང་བའི་བཙན་བྱོལ་བོད་མིའི་ཤེས་རིག་གི་མདུན་ལམ་ལ་རེ་བ་ཅུང་ཙམ་འབུས་སྲིད་པ་འདྲ། ང་ཚོས་སྦ་གསང་དང་འཛེམ་དོགས་མེད་པར་སྐད་ཆ་ཞིག་བཤད་དགོས་དབང་དུ་བཏང་ན། སྐུའི་གཅུང་མོ་དང་དེའི་འོག་གི་བོད་ཁྱིམ་འགན་འཛིན་ལྷན་ཚོགས་ལ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་འདོད་མེད་པའི་རྣམ་འགྱུར་ཙམ་ལ་ནག་འདེད་བྱེད་རྒྱུ་མིན་པར། བོད་ཁྱིམ་སློབ་གྲྭ་རང་ཉིད་ཀྱི་སྒྲོམ་གཞིར་འགྱུར་བ་བཏང་སྟེ་ཤེས་རིག་ལས་ཁུངས་ཀྱི་སྟངས་འཛིན་འོག ཁྲིམས་ཀྱིས་བསྒྱུར་བའི་སློབ་གསོའི་མ་ལག་ཚད་ལྡན་ཅན་གྱི་སློབ་གླིང་ཞིག་ཏུ་བསྒྱུར་དགོས་པ་བཙན་བྱོལ་སྤྱི་ཚོགས་ནང་གི་གསར་བརྗེ་བྱེད་ཡུལ་གཙོ་བོ་གཅིག་རེད་ཅེས་བཤད་ཆོག་པ་འདི་རེད།

 

ད་ལྟ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ཙམ་དུ་མ་ཟད་སམ་བྷོ་ཊའི་ཁྱབ་ཁོངས་ཡོངས་ལ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་པའི་ཉམས་མྱོང་ནི། རེ་བ་ཙམ་མིན་པར་མཐོང་བ་མངོན་གྱུར་གྱིས་བཙན་བྱོལ་ནང་གི་བོད་སྐད་ཡིག་ལ་ལྗང་མདོག་རྒྱས་བཞིན་པ་རེད། ཡིན་ནའང་། སློབ་དེབ་སྒྲིག་སྟངས་ནི་ད་དུང་རྗེས་ལུས་ཀྱི་རྣམ་པར་ལུས་ཡོད། སློབ་ཕྲུག་རྣམས་ལ་སློབ་གསོའི་རིམ་པ་གསུམ་ལྡན་གྱི་སློབ་དེབ་བཀོད་སྒྲིག་བྱེད་ཐུབ་མེད་པ་ནི་མིའི་དཀའ་ངལ་ཀྱང་ཡིན་སྲིད། ང་ཚོའི་བུ་གུ་ཚོར་སློབ་གྲྭར་འབྱོར་ཉིན་ནས་རང་ཉིད་མི་ཡིན་པ་དང་། བོད་མི་ཡིན་པ་སློབ་ཀྱི་མེད་པར། རང་ཉིད་ཆོས་པ་ཡིན་པར་སློབ་ཀྱི་ཡོད་པས། རང་ཉིད་མི་ཡིན་པ་དང་མི་ཐུན་མོང་གི་རིན་ཐང་གི་འདུ་ཤེས་ཡག་པོ་ཞིག་རྙེད་མེད་ཁར། བོད་མི་ཡིན་པ་དང་བོད་མི་ཡིན་པའི་རྒྱུ་མཚན་ཡིད་བཅངས་ཀྱི་ལར་ཞེན་ཡང་ལྡོག་ཏུ་མེད་པ་ཞིག་ཅི་ལྟར་རྙེད། དེ་བཞིན་བོད་མི་ཡིན་པའི་ཁྱད་ཆོས་སྒྲུབ་ཐུབ་པ་དང་གཞན་གྱི་ཤེས་རིག་སློབ་པའི་གོམ་པ་གསུམ་པ་དེ་དེ་བས་ཀྱང་འཐུས་ཚང་ཞིག་མེད་པས། སྤྱི་ཡོངས་ནས་ཞུས་ན་སྐར་ལྔའི་དར་དམར་འོག་གི་བོད་མི་ཚོར་ཤིན་ཏུ་ནས་ངོ་ནོངས་དགོས་པ་ཞིག་ཆགས་ཡོད་པ་ནི་ཞོར་འཕྲོས་ཙམ་ཡིན།

 

བཙན་བྱོལ་སྤྱི་ཚོགས་ལ་དམངས་གཙོའི་ཕྱི་ལྤགས་ལ་དགའ་མདོག་བྱེད་པ་ལས་ཀྱང་གལ་ཆེ་བ་ནི། བོད་མིའི་ངོ་རྟགས་སྲུང་འཛིན་དང་གོམས་གཤིས་རྒྱུད་འཛིན་བྱེད་པ་དེ་རེད། ང་ཚོར་ཤེས་ཡོན་སྲིད་བྱུས་མེད་པ་ནས་ཡོད་པར་གྱུར་ཀྱང་། ཚོགས་སྒེར་སུས་ཀྱང་འདིའི་ཐད་རང་ཁེ་དོར་བའི་གཅེས་སྤྲས་ཤིག་བྱེད་ཐུབ་ཀྱི་མེད་པ་ནི། ཤེས་ཡོན་སྲིད་བྱུས་ལག་ལེན་ཐད་སྐུའི་གཅུང་མོར་དེའི་འོག་གི་འགན་འཛིན་ལྷན་ཚོགས་ནས་ངར་ཤུགས་བླུགས་ཏེ། བཀའ་ཤག་ཏུ་ཆེད་ཕེབས་ཀྱིས་སྐད་གསེང་མཐོན་པོས་”ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་གྱི་མིན་”ཞེས་པའི་རྣམ་འགྱུར་འདི་ལྟ་བུའི་མཚོན་མི་ཐུབ་པ་ག་ལ་སྲིད།

 

ཤེས་ཡོན་སྲིད་བྱུས་ལ་དགག་གཞག་ཚ་ནན་གྱིས་རིག་པའི་ལམ་ནས་ལག་བསྟར་དོན་འཁྱོལ་མི་ཡོང་བའི་རྒྱུ་མཚན་འདྲེན་པ་ནི། དངོས་གནས་སློབ་གསོའི་མངའ་བདག་ཏུ་གྱུར་བའི་ཕ་མ་ཞིག་གི་གནང་སྟངས་ཡིན་ཡང་། དཀའ་ངལ་ཆུང་ཙག་མ་གཏོགས་དེ་འདྲ་ཡོང་རེ་མེད་པ་ནི་གཏན་འབེབས་བརྒྱུད་རིམ་ཐེངས་ ༡༥ རིང་རྣམ་དཔྱོད་རྩལ་དཀྲུགས་ཀྱི་བྱུང་བས་གསལ་ཁ་བྱས་འདུག་བསམས། ད་ལྟ་མཁས་དབང་ལྷན་ཚོགས་འཚོགས་ན་འདྲ། དབུ་འཛིན་ལྷན་ཚོགས་འཚོགས་ན་འདྲ། དེ་བཞིན་དགེ་རྒན་ལྷན་ཚོགས་འཚོགས་ནའང་། ཤེས་རིག་ལས་ཁུངས་ཀྱིས་གསལ་སྟོན་ཐུབ་དགོས་པ་ཞིག་ནི། བཙན་བྱོལ་བོད་མིའི་ཤེས་རིག་མདུན་ལམ་ཐད་དགེ་ལས་སློབ་ཕྲུག་ཚོར་རང་དབང་གིས་བསམ་འཆར་བཤད་ཆོག་པའི་ཁོར་ཡུག་ཅིག་དང་། ཁོང་ཚོར་དབང་བསྒྱུར་གྲལ་རིམ་གྱི་བསྟི་གནས་མིན་པར་སློབ་གྲྭ་རང་སྟེང་གི་ཁྱད་ཆོས་རྫོགས་པ་ཞིག  སེམས་ཚོར་དང་དངོས་ཡོད་གཉིས་ཀར་གང་མགྱོགས་བསྐྲུན་རྒྱུ་ནི་གལ་ཆེར་འདོད་ཅིང་། བཙན་བྱོལ་བོད་མིའི་ཤེས་རིག་མདུན་ལམ་ནི་རྒྱུ་མཚན་རང་སྟེང་ནས་ཐག་གིས་གཅོད་རྒྱུ་མ་གཏོགས། གང་ཟག་འཚོ་ཐབས་རུ་ཁག་གི་དམངས་གཙོ་བེད་སྤྱོད་ཀྱི་བརྒྱུད་ལམ་རྫུན་མས་ཐག་གཅོད་གནང་མི་ཉན་པ་དེ་རེད་ལ། དེ་ནི་བཀའ་ཤག་གི་ལྟ་གྲུབ་ནང་གི་ཐབས་ལམ་གསར་པ་གཙོ་བོ་ཡིན་པའི་གསར་གཏོད་ཀྱི་གྲས་སུའང་ཚུད་པ་ཡིན།

 

སྐབས་འདིར་ཡིད་ཧ་ཅང་མུག་པ་ཞིག་ནི་བཙན་བྱོལ་བོད་མིའི་ཤེས་རིག་དང་སྐད་ཡིག་གི་མདུན་ལམ་ཆེད་ད་བར་ངོ་རྒོལ་བྱེད་མཁན་གཅིག་ཀྱང་མ་བྱུང་བ་དེ་རེད་ལ། ཐ་ན་ཤེས་ཡོན་སྲིད་བྱུས་ལག་བསྟར་མི་བྱེད་པའི་ཧམ་ཤེད་ལ་ཤེས་ལྡན་པ་གཅིག་གིས་ཀྱང་ངོ་རྒོལ་བྱེད་ཐུབ་ཀྱི་མེད་པ་ནི། ང་ཚོའི་སྤྱི་ཚོགས་ནང་བྲན་གཡོག་གི་བསམ་གཤིས་ཡོད་པ་དང་། རང་མི་རིགས་ཀྱི་འཚོ་ཐབས་ལ་ལས་དོན་ཅི་ལྟར་བྱེད་དགོས་པའི་སྤོབས་པ་དང་ཤེས་ཚད་གཉིས་ཀྱིས་མ་འདང་བ། ༧གོང་ས་སྐྱབས་མགོན་ཆེན་པོ་དང་བོད་མི་དཀྱུས་མའི་བར་རྒྱང་ཐག་ཧ་ཅང་རིང་བོ་ཡོད་པ་མཚོན་པ་མ་ཟད། དབུ་ལས་རྣམས་ཀྱིས་བོད་མི་དཀྱུས་མ་ཚོ་དང་བུ་རབས་ཚ་བརྒྱུད་ལ་ཅི་ཙམ་ཤ་ཚ་ཡོད་མེད་གསལ་བཤད་བྱས་འདུག་བསམས། ད་དུང་མུ་མཐུད་འདི་ལྟར་ཕྱིན་ན་འདིའི་མཇུག་འབྲས་ཀྱང་ཞེད་སྣང་ཚ་བོ་ཡོང་གི་རེད་ལ། བོད་ཀྱི་ཤེས་རིག་དང་སྐད་ཡིག་མི་གཙོ་བའི་བོད་མིའི་སྤྱི་ཚོགས་ཤིག་ལས་བོད་ཀྱི་ཤེས་རིག་དང་སྐད་ཡིག་གང་འཚམ་བསླབ་ཆོག་ལ། དེའི་ཁོར་ཡུག་ཀྱང་ཡོད་པའི་སྤྱི་ཚོགས་ཤིག་བདམས་ངེས་པ་ནི་བོད་ཀྱི་རྣམ་ཤེས་ཡོད་པའི་མི་རབས་གསར་པ་ཚོའི་ཕུགས་བསམ་རེད་འདོད།།

 

༢༠༡༣། ༡། ༩།། བཙན་བྱོལ་བོད་རིགས་དགེ་རྒན་ཚོར་བོད་ཀྱི་ཤེས་རིག་མདུན་ལམ་ཆེད་སྐད་ཆ་བཤད་རྒྱུའི་རང་དབང་ཐོབ་པའི་ཚོགས་ཆེན་ཐེངས་དང་པོར་ཡི་རངས་ཀྱི་ཚུལ་དུ་ཤར་མར་བགྱིས།།

འབྲེལ་ཡོད་གསར་འགྱུར།

Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

ཆུ་ཚོད་ ༡༨ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

ཆུ་ཚོད་ ༡༨ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

༢༠༢༥/༠༧/༠༡
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠

མཆན། 8

  1. རྒྱ་ནག་གི་བོད་ཡིག says:
    ལོ་ 12 སྔོན།

    ཁ་སང་ཁ་ཉིན་ཤར་ཕྱོགས་ཁུག་རྟའི་རྩོམ་ཡིག་ཅེས་ཤུབ་ཤུབ་གླེང་མོལ་བྱེད་པའི་དགེ་རྒན་ཁ་ཤས་ཀྱི་སྐད་སྒྲ་ཐོས། སྐབས་དེར་རྩོམ་ཡིག་འདི་བཀླགས་རྒྱུ་རེག་སོང། དངོས་གནས་བྱས་ན། བོད་ཁྱིམ་སློབ་གྲྭར་དགེ་རྒན་རྣམས་པར་སྨྲ་བརྗོད་རང་དབང་མེད་པ་དང། མང་ཆེ་བ་ལྟག་སྒོ་བརྒྱུད་དེ་སླེབས་པ་རྐྱང་རྐྱང་ཡིན། ཁོང་ཚོ་མང་དག་ཅིག་གིས་སྒང་ནས་ཅི་གསུངས་ལ་ལགས་སོ་ལགས་སོ་ཞུ་རྒྱུ་ལས། སློབ་ཕྲུག་གི་མདུན་ལམ་ཐད་སློབ་གསོའི་བཅོས་བསྒྱུར་གྱི་བསམ་ཚུལ་འདོན་མི་ཐུབ་ལ། འདོན་ཐུབ་རྒྱུའི་ཤེས་ཚད་མེད་པ་རྐྱང་རྐྱང་ཡིན་སྟབས་གོང་རིམ་བློ་བདེ་བོར་བཞུགས་ཡོད་པ་ད་ལྟའི་ཆར་ཚང་མས་གསལ་མཁྱེན་ལྟ་བུ་རེད། བོད་ཀྱི་རིག་གནས་དང་སློབ་གསོར་ཤ་ཚ་ཞིང་ཤེས་ཚན་ལྡན་པ་ཞིག་དགེ་རྒན་བྱེད་རྒྱུ་ཧ་ཅང་ཁག་པོ་ཡིན། དགེ་རྒན་བྱས་ནའང་ཡུན་རིང་གནས་ཐབས་མེད་པའི་ལོ་རྒྱུས་མང་པོ་བྱུང་ཚར་བ་རེད། དགེ་རྒན་ཚོས་སློབ་མ་ཚོ་འདི་ལྟར་ཕྱིན་ན་གཞི་རྩའི་ཆར་བོད་མི་རིགས་ཀྱིས་ཤེས་ཡོན་ཐད་ཁུངས་མི་འཁྱོལ་བ་ཤེས་ཀྱི་ཡོད། ཡིན་ནའང། བོད་ཁྱིམ་སློབ་གྲྭའི་འཛིན་རིམ་འཕར་རྒྱུའང་བཙན་འདེད་དང་མིང་ཙམ། རྫུན་བཟོ་རྐྱང་རྐྱང་གིས་སློབ་ཕྲུག་ལོ་ཁ་བཀང་ཐུབ་དང་གྲོད་ཁོག་ལ་ལྟོ་སྤྲད་པ་ཙམ་གཙོ་ཆེར་འཛིན་པ་ལས་གཞན་ཞེ་དྲག་འཇོན་གྱི་མེད་པ་གསལ་བོ་རེད། ངའི་གྲོགས་པོ་མང་དག་ཅིག་བོད་ཁྱིམ་འགྲིམས་པའི་བཙན་བྱོལ་ནང་སྐྱེ་བའི་ཕོ་མོ་རྣམས་ཡིན། ཁོང་རྣམས་ལ་བོད་ཡིག་མ་ཤེས་པའི་ཐད་སྒྲུང་སྙན་མོ་ཞིག་བཤད་ཡ་ཡོད། བོད་ཡིག་བསླབ་དུས་ཁོང་ཚོར་འབྲི་ཀློག་གཉིས་ལ་དཀའ་ལས་ཞེ་དྲག་བྱུང་གི་ཡོད་ཟེར། དགེ་རྒན་གྱིས་ཀྱང་ཉོབ་སྣང་དེས་བོད་ཡིག་གི་དང་བ་དེ་བས་ཀྱང་བརླག་འགྲོ་ཟེར། ཁོང་ཚོས་མཚམས་རེར་ནང་གི་ཕ་མར་ཡི་གེ་གཏོང་དགོས་ཟེར། ཡི་གེ་གཏོང་སྐབས། བཀའ་དྲིན་གཞལ་མཐའ་མེད་པའི་ཞེས་དགེ་རྒན་གྱིས་ནག་པང་སྟེང་འབྲི་ཡི་རེད་ཟེར། བྲིས་ནས་མཇུག་ཏུ་སླེབས་མཚམས་རང་རང་གི་མིང་འབྲི་སར་དགེ་རྒན་གྱིས་རང་མིང་འབྲི་རྒྱུ་ནོར་ཡོད་མེད་རེ་རེ་བཞིན་ཞིབ་ལྟ་བྱེད་ཀྱི་རེད་ཟེར། ཉིན་གཅིག་སློབ་ཕྲུག་ཅིག་གིས བསྐུར་མཁན་གྱི་མིང་འབྲི་སར་དགེ་རྒན་གྱིས་ནག་པང་སྟེང་བསྒྱུར་རྟགས་བྲིས་ཡོད་པ་དེ་ག་རང་བྲིས་པས་གཅར་རྡུང་རག་ཅེས་བཤད་སོང། ཁོང་ཚོས་དེང་སང་ཕྱིར་ལྟ་བྱེད་སྐབས། སྔོན་མའི་སློབ་དགེ་དགེ་བཤེས་དང་རྒན་པོ་དེ་ཚོ་བརྡ་སྤྲོད་དང་སུམ་རྟགས་ཡག་པོ་ཞིག་མཁྱེན་གྱི་ཡོད་ས་མ་རེད་ཟེར། ཀློག་པ་པོ་ཚོ་ང་ཚོ་འདི་ལྟར་མགོ་བསྐོར་དང་རྣམ་གཡེང། སྒྱུད་ལུགས་ཀྱི་དབང་དུ་ལོ་ངོ་མང་པོ་ཕྱིན་ཚར་བ་རེད། ད་དོན་དངོས་གོང་དུ་ཞབས་མཆན་པ་ཞིག་གིས་གསུངས་པ་ལྟར་བོད་མི་རིགས་འདི་སྐྱོབ་ཀྱི་ཡིན་ནམ་མིན་ཞེས་པ་དེ་བསམ་བློ་གཏོང་དགོས་པ་རེད་འདོད།།།

    Reply
  2. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    སྐད་ཆ་འདི་རིགས་ཁ་རྒྱགས་པའི་འོལ་ཚོད་དང་རྨོངས་གཏམ་གང་ཡང་མིན་པར་འགན་འཁུར་ཡོད་པའི་ཐོག་བཤད་ཀྱི་ཡོད་སྟབས། བློ་བཟང་བསྟན་འཛིན་རིན་པོ་ཆེར་ལན་འདེབས་ཞུ་འདོད་བྱུང།

    ༡ ངེད་ལ་དོགས་པ་ཡོད། དེའི་ཐད་༧གོང་ས་མཆོག་གིས་ཀྱང་ཨིན་བོད་གཉིས་ཀྱི་བསྐུར་ཡིག་ཚད་ལྡན་ཅིག་འབྲི་ཤེས་མཁན་དཀོན་ཚུལ་ཕེབས་པའི་བཀའ་སློབ་དེས་འཐུས་བར་སེམས།

    ༢ བྱས་ཙང། ང་འཐོམས་གཞི་དེ་རེད། གཅིག་བྱས་ན་བོད་ཀྱི་རིག་གནས་སོགས་ཀྱི་སྐོར་སློབ་སྦྱོང་མེད་པས་ཡིན་སྲིད། བཀའ་ཤག་སར་ཆེད་ཕེབས་གནང་སྐོར་བརྙན་འཕྲིན་ནང་ཤེས་རིག་བཀའ་བློན་གྱིས་གསུངས་པ་དེ་ངས་གཙང་ཉར་བྱས་ཡོད། ཤེས་རིག་བཀའ་བློན་ལ་རེ་འདུན་བཏོན་པ་བཞིན་ཧ་ཅང་ཞལ་གསང་པོ་གནང་ཡོད་པ་རེད། ངའི་ཚོགས་ཆུང་གི་ཚོགས་མི་ཚང་མར་ཧ་ཅང་ཞིབ་ཆ་ངེས་ཡོད་བསམས།

    ༣ ད་ལྟའི་ཆར་ངོ་ནོངས་དགོས་པ་ཞིག་ཡོད་པ་རེད་འདོད། དེ་ཁས་མི་ལེན་རང་ལེན་རེད།

    དེ་ཙམ་ཞུ།།

    Reply
  3. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    རྣམ་པ་ཚོའི་ཚད་མཐོའི་བགྲོ་གླེང་གནང་སྟངས་ལ་དགའ་བསུ་ཡོད། དྲི་བར་ལན་འདེབས་ཞུ་ངེས་ཡིན།།

    Reply
  4. བློ་བཟང་བསྟན་འཛིན་རིན་པོ་ཆེ། says:
    ལོ་ 12 སྔོན།

    ད་དུང་༧གོང་ས་མཆོག་གིས་བསྟོད་པ་མི་ལ་གཏོང་དུ་ཆུགས། ནོར་འཁྲུལ་དང་འཐུས་ཤོར་ཉེན་ཚབས་ཆེ་རིགས་རང་གིས་བརྗོད་དགོས་ཞེས་བཀའ་ཕེབས་པ་དེ་དང་ཤིན་ཏུ་མཐུན།། གང་ལྟར་འདི་ནི་གསང་མི་ཐུབ་པའི་གསང་བ་རང་རེད་འདོད།

    Reply
  5. བློ་བཟང་བསྟན་འཛིན་རིན་པོ་ཆེ། says:
    ལོ་ 12 སྔོན།

    ཤར་ཕྱོགས་པར་དྲི་བ་འགའ་དང་བསམ་ཚུལ་ཞིག་ཡོད།

    ༡ བོད་ཁྱིམ་སློབ་གྲྭ་བོད་ཀྱི་སྐད་ཡིག་རིག་གནས་ཐད་བཀའ་དྲིན་ཆེན་པོ་རེད་དམ།
    ༢ སྐུའི་གཅུང་མོས་ཤེས་ཡོན་སྲིད་བྱུས་ལ་སྡང་ཟུག་བྱེད་དོན་ཅི་ཞིག་རེད།
    བོད་ཁྱིམ་འགན་འཛིན་དཔུང་ཁག་གིས་རྗེ་བཙུན་པདྨ་དེ་ལྟར་བེད་སྤྱོད་གནང་བ་བདེན་པ་རེད་དམ།
    ༣ བཙན་བྱོལ་བོད་མི་ཚོར་སྐར་ལྔའི་དར་དམར་འོག་གི་བོད་མི་ཚོ་ངོ་ནོངས་མི་དགོས་པ་ཞིག་བྱེད་དགོས་པ་ན་དང་པོར་བོད་སྐད་ཡིག་རིག་གནས་ཐད་ཤོར་བའི་འཐུས་ཤོར་ཚབས་ཆེའི་ཆེད་དགོངས་སེལ་ཞུ་དགོས་སམ།

    ངས་བལྟས་ན་ངེས་པར་དུ་དགོངས་སེལ་ཞུས་པའི་ཐོག་ནས། ད་ལྟའི་སློབ་གྲྭ་འདིའི་སྒེར་བདག་ཅན་ནམ་ཕྱོགས་ཁག་འཚོ་ཐབས་ཟེར་བའི་ལམ་སྲོལ་མེད་པར་བཟོས་ཏེ། སྤྱི་ཡོངས་ལ་བསྒྱུར་བཅོས་ཆེན་པོ་གཏོང་དགོས་པའི་ཤར་ཕྱོགས་པའི་དགོངས་ཚུལ་འདིར་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད།

    ང་ཚོས་དོན་དམ་བོད་མི་རིགས་སྐྱོབ་དང་མི་སྐྱོབ་ཞེས་པ་གལ་ཆེན་རེད། དེ་གསལ་བོ་བཟོས་ན་མ་འོངས་པར་ག་རེ་བྱེད་དགོས་མིན་ཡང་གསལ་བོ་ཆགས་ཀྱི་རེད། སྤྱི་སྨན་རྣག་ཐོག་ཁབ་གཙགས་ཀྱི་གཏིང་ལོན་པའི་དགོངས་ཚུལ་རྒྱབ་སྐྱོར་ཡོད་ལགས།།

    Reply
  6. རྒྱ་མཚོ། says:
    ལོ་ 12 སྔོན།

    སྐུའི་གཅུང་མོ་རྗེ་བཙུན་པདྨར་ངོ་རྒོལ་བྱེད་དགོས་ཟེར། སྐར་ལྔའི་དར་དམར་འོག་ན་འོད་ཟེར་ཡོད་ཟེར། བོད་ཁྱིམ་སློབ་གྲྭའི་འགྲོ་སྟངས་ནི་བྲན་གཡོག་ལམ་ལུགས་རེད་ཟེར། བོད་ཁྱིམ་སློབ་གྲྭ་འདི་དབང་སྒྱུར་གྲལ་རིམ་མ་ཡིན་པ་ཞིག་ལ་བསྒྱུར་དགོས་ཟེར། ཤེས་ཡོན་པ་དག་གིས་བོད་ཁྱིམ་ལ་ངོ་རྒོལ་མི་བྱེད་པ་ནི་ང་ཚོའི་སྤྱི་ཚོགས་འདི་བྲན་གཡོག་ལམ་ལུགས་ཀྱི་འོན་ཡོད་རབས་ཟེར། དྲན་ཆེན་ལ་དྲིན་ལོག་རང་རེད།

    Reply
  7. ཆོས་སྐྱིད། says:
    ལོ་ 12 སྔོན།

    དངོས་གནས་དྲང་གནས་བཙན་བྱོལ་ནང་བཅོས་བསྒྱུར་གཏོང་དགོས་པ་མང་པོ་ཡོད་པ་བདེན་པ་རེད། བོད་སྐད་ཡིག་དང་རིག་གནས་ཤེས་ཚད་ཀྱི་གནས་བབ་ཕལ་ཆེར་དགོན་པ་ཁག་མེད་ན་ཤི་ཚར་བ་རེད་ཅེས་ན་མི་འགྲིག་པ་མི་འདུག ད་ང་ཚོས་དངོས་གནས་དྲང་གནས་བོད་དོན་ལས་རྒྱུ་ཡིན་ནམ་མིན། བོད་ཀྱི་བུ་རབས་ཚ་རྒྱུད་ལ་བསམ་བློ་གཏོང་གི་ཡིན་དང་མིན། ༧གོང་ས་མཆོག་ཅེས་ལབ་དུས་ཐལ་མོ་སྦྱར་ལྕེ་ནར་ནར་བྱེད་པའི་འཁྲབ་སྟངས་དེ་བཞག་ནས། དྲང་པོ་དྲང་བཞག་དང་༧གོང་ས་མཆོག་གི་བཀའ་དགོངས་ཧུར་ཐད་འབད་ཐག་གིས་བརྩིས་ཏེ་ཅི་བཞིན་སྒྲུབ་ཀྱི་ཡིན་ནམ་མིན་ཞེས་པ་དེ་རེད་འདོད། ད་ང་ཚོ་དུས་ཚོད་མང་པོ་ཡོད་པ་མ་རེད། སྲིད་འགན་རྩིས་སྤྲོད་ལམ་ལྷོང་བྱུང་རྒྱུའི་དུས་ཡུན་འདི་ནི་བཙན་བྱོལ་བོད་མི་ཚོས་རང་ཁ་རང་གསོ་ཐུབ་མིན་གྱི་དུས་ཚོད་གནད་འགག་ཅན་ནམ། ཚོད་ལྟའི་དུས་ཚོད་ཅིག་རེད་འདོད། གལ་སྲིད་ད་དུང་ང་ཚོས་ལེགས་བཅོས་སྤྱི་ཕན་དོན་དམ་པ་ཞིག་མ་སྒྲུབ་ན་ཕལ་ཆེར་བཙན་བྱོལ་བོད་མི་ཚོ་སྐུ་ཚེ་རིང་པོ་མེད་པ་ནི་ཚོད་དཔག་ཐུབ་པ་ཞིག་རེད། དེས་ན་ཚང་མས་ལམ་ནོར་ལྡོག་ཤེས་བྱེད་རྒྱུ་གལ་ཆེན་རེད་བསམས།།།

    Reply
  8. གླག་ཕྲུག says:
    ལོ་ 12 སྔོན།

    བཀའ་ཤག་སྔོན་མར་ཤེས་ཡོན་སྲིད་བྱུས་སྐོར་ལ་འཚོགས་ཆེན་སྐོང་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་སྒྲོམ་གཞི་ལ་གཏན་འབེབས་གསར་པ་གང་ལེགས་གནང་ཡོད་ཀྱང་། ལག་ལེན་དང་དུས་ཚོད་ཀྱིས་མ་ལྡང་སྟེ་བཀའ་ཤག་སྔོན་མའི་འདོད་བློ་ཁེངས་མེད་པ་དང་། ལྷག་པར་དུ་བོད་ཁྱིམ་སློབ་གྲྭར་བཀའ་ཤག་སྔོན་མའི་གཏན་འབེབས་བྱས་པའི་ཤེས་ཡོན་སྲིད་བྱུས་དེ་ལག་བསྟར་བྱེད་ཐུབ་མེད་རེད། དེ་ཡང་རྒྱུ་རྐྱེན་སྣ་ཚོགས་ཤིག་མཆིས་མོད་ཀྱང་། ངས་བལྟས་ན་བཙན་བྱོལ་བོད་མའི་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱེད་མཁན་གྱི་མཁས་དབང་ཚོས་གང་གཏན་ལ་ཕབ་པ་དེ་མ་འགྲིག་པ་མ་ཡིན་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་མ་འགྲིག་པ་རེད་སྙམ། མདོར་བསྡུས་ནས་བཤད་ན་བཙན་བྱོལ་སྤྱི་ཚོགས་ནང་ཤེས་ཡོན་ལས་སྒོར་མོ་དང་། ནུབ་ཕྱོགས་ལ་དགའ་མཁན་མང་དྲགས་པས་རེད། དེ་ལས་ཀྱང་ཧང་སང་དགོས་པ་ཞིག་ལ་བོད་རང་གི་སྐད་ཡིག་དེ་སྐད་ཡིག་གཉིས་པར་རྩི་རྒྱུ་འདུག་པ་དེ་རེད། གལ་སྲིད་ཁྱེད་རང་བོད་རང་གི་སྐད་ཡིག་ལ་དགའ་མཁན་ཞིག་དང་བོད་དྲི་བྲོ་མཁན་ཞིག་ཡིན་ཚེ་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་ན་དེ་ཙམ་གྱིས་དཀའ་ངལ་གང་ནང་འཕྲད་སྲིད། དོ་སྣང་མེད་པའི་སྤྱི་ཚོགས་དང་། ཕྲུ་གུ་ཚོས་སོ་སོའི་རང་གི་སྐད་ཡིག་ལ་མཁས་པའི་གོ་འཕང་གང་ནས་ཐོབ་ཡོང་། དོ་སྣང་མ་བྱས་པའི་རྒྱུ་རྐྱེན་གང་ལ་ཐུག་འདུག འགོ་འཇུག་མེད་པའི་ང་ཚོའི་སྤྱི་ཚོགས་འདིའི་ཕྲུ་གུ་ཚོར་དབྱིན་ཡིག་དང་བོད་ཡིག་ལས་གང་སྦྱངས་པར་དཀའ་ལས་ཁག་པོ་འདུག་བཅས་དྲིས་ཚེ། ཐེ་ཚོམ་གང་ཡང་མེད་པར་བོད་ཡིག་སྦྱངས་པར་དཀའ་ལས་ཁག་པོ་འདུག་པར་བཤད། བོད་ཡིག་དཀའ་ལས་ཁག་དགོས་པའི་རྒྱུ་མཚན་གང་ལ་ཐུག་འདུག་པ་དེ་མཁས་པ་ཚོས་ཞིབ་འཇུག་བྱེད་དགོས་ཀྱི་འདུག དེ་ཡང་ཤེས་ཡོན་གྱི་སྒྲོམ་གཞི་མ་འགྲིག་པས་ལེ་ཡིན། དེ་མིན་ན་ཅི་ཞིག་རེད། རྣམ་པ་ཚོས་སོམས་དང་། ངས་བལྟས་ན་ང་ཚོའི་ཤེས་ཡོན་ལམ་སྟོན་དེ་ཏག་ཏག་ཅིག་བསྡད་མེད་པ་དེ་གསལ་བོ་རེད། ལོ་ངོ་ཉི་ཤུ་ནང་གི་གྲུབ་འབྲས་ཐོག་ལ་གནའ་ཉིན་༸གོང་ས་མཆོག་ཡང་ཐུགས་ཕམ་བྱུང་བཅུགས་ཡོད། གང་ལྟར་ངན་ཡོད་ཚད་གང་ཟག་སྒར་གཅིག་གི་སྒང་ལ་གཡོགས་ན་འགྲིག་གིན་མི་འདུག ད་གང་དྲག དཀོན་མཆོག་མཁྱེན།
    རྩོམ་ཡིག་འདིའི་ནང་དོན་ཟབ་ཡང་ཁ་བྱང་དེ་བློ་ངོར་བབ་མ་སོང་བས་དགོངས་དག་ཞུ། སྐར་ལྔའི་དར་དམར་འོག་ན་ང་ཚོར་ནམ་ཡང་འོད་སྣང་མེད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese