མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་རང་སྲེག་གི་ལས་འགུལ་མཚམས་འཇོག་ཡོང་བའི་འབོད་སྐུལ།

བོད་ཀྱི་དུས་བབ།
༢༠༡༣/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་ཕུན་ཚོགས།

དོན་ཚན་གསུམ་ལ་བརྟེན་ཏེ་རང་སྲེག་གི་ལས་འགུལ་འདི་ཡང་དག་པའི་ཐབས་ལམ་ཞིག་ཡིན་པར་ངོས་འཛིན་བྱེད་ཐབས་མ་བྱུང་བའི་སེམས་ཁུངས་ཀྱི་རེ་སྐུལ།

དང་པོ། དབུ་མའི་ལམ་སྟེ། གཞིས་ལུས་བོད་མི་རྣམས་རྒྱ་དམར་གྱི་དབང་བསྒྱུར་འོག་ཏུ་ཡོད་པས་བོད་རྒྱའི་དཀའ་རྙོག་སེལ་བའི་ཐབས་ལམ་ཐོག་བསམ་འཆར་བསྡུ་ལེན་བྱ་ཐབས་བྱུང་མེད་ངེས་ཀྱང་། བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་མཐའ་གཅིག་ཏུ་རང་དབང་ལུང་པའི་ནང་གནས་ཡོད་པ་མ་ཟད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ལ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་འཕྲལ་དང་ཡུན་དུ་ཕན་པའི་ཐབས་སུ་དགོངས་བཞེས་ཀྱིས་ཡང་དག་པའི་དམངས་གཙོའི་ལམ་སྲོལ་གསར་གཏོད་གནང་ཡོད་པ་ལས། བཙན་བྱོལ་ནང་བོད་དོན་བདེན་མཐའ་གསལ་བའི་ཐབས་ལམ་འདེམས་སྒྲུག་སྐབས་མི་མང་ཕལ་ཆེ་བས་༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་ལྟར་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་དབུ་མའི་ལམ་ལ་འགྲོ་རྒྱུར་མོས་མཐུན་བྱུང་ཡོད། དེས་ན་དབུ་མའི་ལམ་ནི་གཡས་གཡོན་ནམ། རང་དང་གཞན་གྱི་མཐའ་གཉིས་སུ་མ་ལྷུངས་པའི་ལམ་བར་མ་ཡིན་ལ། རང་སྲེག་གི་ལས་འགུལ་འདི་ནི་འཚེ་མེད་ཞི་བའི་ཐབས་ལམ་དང་འགལ་ཞིང་། རང་ལ་གནོད་པའི་ཕྱོགས་སུ་ལྷུངས་པས་དབུ་མའི་ལམ་ཡང་མ་ཡིན་ནོ།།

གཉིས་པ། མི་མང་གི་མགོ་ཁྲིད་དམ་འཐུས་མི་འོས་འདེམས་སྐབས་ཤེས་ཡོན་དང་ལྷག་བསམ་ཡོད་པ་གལ་ཆེ་ཚུལ་ལས། བློ་ཁོག་ཆེན་པོ་དང་ཨུ་ཚུགས་ཚ་བོ་དེ་འདྲ་འདེམས་དགོས་པའི་ལམ་སྟོན་གནང་གི་མེད་ལ། ངག་རྒྱུན་ལའང་དགའ་ལྡན་ཁྲི་ལ་འཁོད་མི་འཁོད་དེ་ཡོན་ཏན་ཡོད་མེད་ཀྱི་ཡིན་ཚུལ་བཤད་པ་ལྟར། ཐེངས་འདིའི་བཀའ་བློན་ཁྲི་པའང་དེང་དུས་ཀྱི་ཤེས་ཡོན་ཚད་མཐོར་སླེབས་པའི་མཁས་དབང་བློ་བཟང་སེང་གེར་འདེམས་སྒྲུག་ཞུས་ཡོད་པ་རེད། དེས་ག་རེ་མཚོན་གྱི་ཡོད་ཟེར་ན། མང་ཚོགས་ཀྱི་དཀའ་རྙོག་སེལ་བ་དང་འདོད་དོན་སྒྲུབ་པ་ལ་དེའི་ཐབས་ལམ་ཆ་ཚང་བ་ཤེས་དགོས་ཀྱི་ཡོད། དེ་ཤེས་པ་ལ་མི་མང་གི་མགོ་ཁྲིད་མཁན་ནམ་ལམ་སྟོན་མཁན་དེར་ཤེས་ཡོན་གྱི་རྣམ་དཔྱོད་ཚད་མཐོན་པོ་ཡོད་དགོས་པ་ཧ་ཅང་གལ་ཆེན་ཡིན་ཏེ། དེ་མེད་ན། དཔེར་ན་ཞིང་པས་སྟོན་ལས་སྐབས་ནམ་དུས་དང་ཆར་ཆུ། སོན་ལུད། ལས་ཀའི་ཉམས་མྱོང་སོགས་རྒྱུ་རྐྱེན་ཆ་ཚང་བའི་སྒོ་ནས་ཞིང་ལས་བྱས་པ་ཡིན་ན་འབྲས་བུ་སྐྱེ་བར་ཐེ་ཚོམ་མེད་ཀྱང་། དེ་ལས་ལྡོག་སྟེ་ནམ་དུས་སོགས་ལ་ལྟོས་པ་མེད་པར་འབྲུ་ས་ལ་བཏབ་ནས་མགྱོགས་པོར་སྐྱེ་དགོས་ཞེས་ཨུ་ཚུགས་ཀྱིས་ཆུ་རང་བླུགས་བསྡད་པ་ཡིན་ཡང་སོ་སོར་དཀའ་ཚེགས་ཆེ་བ་ལས་ཡོང་རྒྱུ་གང་ཡང་མེད་པ་ལྟར། བོད་རྒྱའི་དཀའ་རྙོག་སེལ་བ་སོགས་གང་ལའང་ཕྱོགས་ཡོངས་ཀྱི་ཆ་རྐྱེན་ཚང་དགོས་པའམ་བསྐྲུན་དགོས་པ་ལས་ཨུ་ཚུགས་གཅིག་པུས་ཡོང་རྒྱུ་མིན་པ་བསྟན་ཡོད།

 དེས་ན་རྡོ་རྗེ་གདན་གྱི་ཤིང་རྟའི་འཁོར་ལོ་འདྲེན་པའི་རྟ་ཡི་མིག་གཡས་གཡོན་ལ་ཀོ་བ་ལག་མཐིལ་ཙམ་གཉིས་སྦྱར་ཡོད་པས་མདུན་ཕྱོགས་ཀྱི་ལམ་དེ་གཅིག་པུ་མ་གཏོགས་གཡས་གཡོན་གྱི་མི་དང་རླངས་འཁོར་སོགས་གང་ཡང་མི་མཐོང་བ་ལྟར། བོད་རྒྱའི་དཀའ་རྙོག་སེལ་བ་ལ་རང་སྲེག་གི་ལས་འགུལ་མ་གཏོགས་ཐབས་ལམ་གཞན་མི་མཐོང་བའམ་མི་འཚོལ་ཞིང་། མང་ཚོགས་རྣམས་ཀྱིས་ཀྱང་དེ་ལ་གྲུབ་འབྲས་ག་རེ་ཐོན་གྱི་ཡོད་མེད་སོགས་བརྟག་དཔྱད་གང་ཡང་མི་བྱེད་པར་བསྟོད་བསྔགས་སྒྲོག་རྐྱང་བྱེད་པས། དེའི་རྐྱེན་གྱིས་གཞིས་བྱེས་གཉིས་ཀ་དང་དེའི་ནང་ནས་ཀྱང་གཙོ་ཆེ་བ་བོད་ནང་གི་ བོད་མི་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དང་གཉིས་རྗེས་སུམ་བསྟུད་ཀྱིས། རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་འདྲའི་མང་པོ་ཞིག་གིས་རང་གི་གཅེས་སྲོག་བློས་གཏོང་བྱས་ཡོད་ཀྱང་གྲུབ་འབྲས་འདི་ཡིན་བསམ་པ་ཞིག་གང་ཡང་མཐོང་བའམ་ཐོས་རྒྱུ་མ་བྱུང་བས་ངེས་པར་བསམ་བློ་གཏོང་དགོས་པའི་མཚམས་ཤིག་ལ་བསླེབས་ཡོད།

གསུམ་པ། རང་སྲེག་བྱེད་མཁན་ཚོའི་དགོས་འདུན་ལ་ཆ་མཚོན་ན། ༼བོད་རང་བཙན་དགོས།༽ ༼བོད་ལ་རང་དབང་དགོས།༽ ༼སྐད་ཡིག་སྲུང་སྐྱོབ་ཆེད་དུ་ཡིན།༽ ༼༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ཐུབ་པའི་ཆེད་དུ་ཡིན།༽ ༼པཎ་ཆེན་རིན་པོ་ཆེ་ཀློད་གྲོལ་ཐོབ་ཆེད་ཡིན།༽ ༼༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པ་དང་སངས་རྒྱས་བསྟན་པ་དར་རྒྱས་ཡོང་ཆེད་ཡིན།༽ ཟེར་བ་སོགས་སྔར་ནས་རྒྱུན་ཆགས་སུ་ཡོད་པའི་སྤྱིར་བཏང་གི་དཀའ་ངལ་ལྟ་བུ་ཞིག་ལས། གློ་བུར་དུ་མི་མང་པོ་དེ་འདྲ་ཞིག་གིས་ཚེ་སྲོག་བློས་གཏོང་བྱེད་དགོས་པའི་དམིགས་བསལ་ཛ་དྲག་གི་གནས་ཚུལ་དེ་ཙམ་མི་འདུག་ལ། རྒྱ་མིས་བཙན་གནོན་འོག་བོད་ནང་གི་བོད་མི་ལ་རང་གི་སྐད་ཡིག་བེད་སྤྱོད་བྱེད་རྒྱུའི་ཐོབ་ཐང་མེད་པ་དང་། དེའི་རྐྱེན་གྱིས་ཉམས་ཆག་འགྲོ་གི་ཡོད་ནའང་། བཙན་བྱོལ་ནང་གི་བོད་མི་ལ་བོད་ཀྱི་སྐད་ཡིག་ཚུལ་བཞིན་བེད་སྤྱོད་གཏོང་བར་སུས་འགོག་རྐྱེན་སྤྲོད་ཀྱི་ཡོད་པ་རེད། བོད་པའི་དཔེ་དེབ་དང་དྲྭ་རྒྱའི་གསར་ལམ་ཁག སྤྱི་སྒེར་གྱི་གསལ་བསྒྲགས་རིགས། ཚོང་ཁང་དང་ཟ་ཁང་སོགས་ཀྱི་སྒོ་བྱང་ཡན་ཆད་ལ་ལྟོས་དང་། རང་སྣང་གང་དྲན་གྱིས་བྲིས་བཞག་པ་མ་གཏོགས་ཡི་གེའི་དག་ཐོབ་སོགས་ལ་དོ་སྣང་རྩ་བ་ནས་མི་བྱེད་པར་ཉམས་ཆག་གཏོང་གི་ཡོད་པ་འདིའི་ངན་ཁག་སུ་ལ་འགེལ་རྒྱུ་ཡིན།

སྐད་ཡིག་ལ་གཅེས་འཛིན་དང་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་ན་རང་སྲེག་བྱེད་རྒྱུ་བཞག་སྟེ། བོད་ཡིག་ཚུར་རང་གིས་སྦྱོང་། ཕར་མི་གཞན་ལ་བསླབ། གཞན་དང་གཞན་ལ་དེ་འདྲ་བྱེད་རྒྱུའི་འབོད་བསྐུལ་གྱིས། དེ་མིན་རྒྱལ་པོའི་ཕོ་བྲང་སྲུང་བའི་དམག་མིས་དགྲ་ཕྱོགས་ཀྱི་དམག་མཐོང་ཚེ་གོ་གྱོན་མཚོན་ཐོགས་ཀྱིས་འགོག་ཐབས་མི་བྱེད་པར། ཕོ་བྲང་དང་རྒྱལ་པོའི་དོན་དུ་ཡིན་ཟེར་ནས་རང་ཤི་བརྒྱབ་བསྡད་པ་ཡིན་ན། དེས་རྒྱལ་པོའི་ཕོ་བྲང་དང་སྐུ་སྲོག་ལ་ཉེན་ཁ་ཆེ་རུ་འགྲོ་བ་ལས་མེད་པ་ལྟར། སྐད་ཡིག་ལ་དོ་སྣང་དང་འགན་འཁུར་བྱེད་མཁན་ཇི་ཙམ་གྱིས་རང་སྲེག་བྱས་པ་ཡིན་ན་དེ་ཙམ་གྱིས་ཉམས་ཆག་འགྲོ་རྒྱུའི་ཉེན་ཁ་ཇེ་ཆེར་འགྲོ་བ་ཡིན་པས། ཞེ་འདོད་དང་ལག་ལེན་ཕྱིན་ཅི་མ་ལོག་པ་ཞིག་གནང་རྒྱུ་གལ་ཤིན་ཏུ་ཆེ་བ་ཡིན།

༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་རྒྱུའི་སྐོར་ལ་གལ་སྲིད་རྒྱ་མིས་ཁས་བླངས་ཀྱང་། བོད་ནང་གི་གཞི་རྩའི་གནས་སྟངས་བརྟན་བརླིང་མ་ཆགས་བར་དུ་གདན་འདྲེན་ཞུ་རྒྱུའི་འགན་སུས་ཀྱང་བཟོད་ཀྱི་མ་རེད་བསམ་གྱི་འདུག ཆོས་ཕྱོགས་ནས་བཤད་ནའང་། མི་ལུས་རིན་པོ་ཆེ་ཞེས་ཤིན་ཏུ་ཐོབ་དཀའ་བར་གསུངས་ཤིང་། ཐོབ་པ་དེ་ལ་རང་གཞན་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲོལ་བའི་གྲུ་གཟིངས་ཀྱི་འདུ་ཤེས་བཞག་སྟེ་སྲུང་སྐྱོབ་བྱེད་དགོས་པ་ལས། དུས་ལ་མ་བབ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེའི་རྗེས་སུ་ཞུགས་ཏེ། གཞན་དོན་དུ་མགོ་དང་ཡན་ལག་སྦྱིན་པ་གཏོང་བ་སོགས་ཀྱང་མི་རུང་བར་གསུངས་ཡོད་ན་རང་སྲེག་བྱེད་པ་ལྟ་ཅི་སྨོས། རང་ཉིད་ཤི་བས་མི་ཚད་ཤུལ་དུ་ཕ་མ་སྤུན་མཆེད་བཟའ་ཟླ་བུ་ཕྲུག་ཐམས་ཅད་སྡུག་ལ་སྦྱོར་བ་དེ་ནི་དམ་པའི་ཆོས་དང་ཡོངས་སུ་མི་མཐུན་པ་ཞིག་ཡིན་ལ། དེས་༧རྒྱལ་བ་རིན་པོ་ཆེ་ཐུགས་དགོངས་དགྱེས་པ་དང་སྐུ་ཚེ་བརྟན་པ། སངས་རྒྱས་བསྟན་པ་དར་རྒྱས་ཡོང་རྒྱུ་ཟེར་བ་དེ་ཚོ་ཡོང་མི་སྲིད་པ་ཞིག་ཡིན་པས་བསམ་བློ་ནན་པོ་བཏང་སྟེ་ངེས་པར་མཚམས་འཇོག་གནང་རོགས་ཞུ་རྒྱུ་ཡིན།

མཐའ་དོན་དུ། གཞིས་བྱེས་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། བོད་རང་དབང་གི་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་བཅས། བསྟན་འཛིན་ཕུན་ཚོགས་པས་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་བརྩེ་སེམས་ཟོལ་མེད་ཀྱི་སྒོ་ནས་ ༢༠༡༣ ཟླ་ ༡ ཚེས་ ༢༣ ལ་གུས་ཕུལ།།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་པིན་(Jiang Bin)། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་དམར་དམག་སློབ་ཆེན་གསུམ་གསར་འཛུགས་བྱ་རྒྱུ་ཡིན་འདུག 

སྐར་མ ༣༦ སྔོན་ལ།
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༠
Mobile App

ཞོ་སྟོན་ཐེངས་ ༢༩ པ་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་འཚོག་གཏན་ཁེལ་འདུག

སྐར་མ ༥༢ སྔོན་ལ།
US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༡༩
Front Slider

༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་དྲན་གྱི་དབྱིན་ཡིག་ཐོག་ཡོད་པའི་ཕྱག་དེབ་ (Tibet's Stolen Child) ཅེས་པ་དབུ་འབྱེད་གནང་བ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

དྷ་ས་ཉེ་འཁོར་གྱི་བོད་སློབ་ནང་ཁུལ་དབར་ངག་རྩལ་འགྲན་བསྡུར་ཞིག་འཚོགས།

༢༠༢༥/༠༥/༡༧
དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧

མཆན། 11

  1. ལུང་རྟོགས། says:
    ལོ་ 12 སྔོན།

    བསྟན་འཛིན་ཕུན་ཚོགས་ཞེས་པ་འདིས་རང་སྲེག་བྱས་ན་འཚེ་མེད་ཞི་བའི་ལས་འགུལ་དང་འགལ་བ་རེད་ཟེར། དེ་འདྲ་ཡིན་ན་རྒྱལ་བུ་སྙིང་སྟོབས་ཆེན་པོས་སྟག་མོ་ལ་ལུས་སྦྱིན་པ་གཏོང་བ་དེ་ཡང་འཚེ་མེད་ཞི་བ་དང་འགལ་བ་ཡིན་ནམ། གཉིས་ཀས་གཞན་དོན་དུ་སྲོག་བཏང་བས་སོ། 
    ༢༽གཞན་ཡང་རང་སྲེག་ལས་འགུལ་སྤེལ་བ་ནི་འུ་ཐུག་ཐབས་ཟད་ཀྱིས་སྤེལ་བ་ཞིག་ལས་ཨུ་ཚུག་གི་ལས་ཀ་ཞིག་ག་ལ་ཡིན། ཨུ་ཚུག་ཅེས་པ་ནི་རང་ལ་བདེན་པ་མེད་བཞིན་དུ་གཞན་གྱིས་བྱ་སྤྱོད་ཁས་མི་ལེན་པ་ལ་ཨུ་ཚུག་ཟེར་བ་ལས་བདེན་པའི་ཆེད་དུ་བློས་གཏོང་བྱེད་པ་ལ་ཨུ་ཚུག་ནམ་ཡང་མི་ཟེར། 
    ༣༽རང་སྲེག་ལ་གྲུབ་འབྲས་གང་ཡང་ཐོན་མེད་པར་བཤད་པ་ནི་བདེན་པ་གཏན་ནས་མ་རེད། རང་སྲེག་ལས་འགུལ་འདིས་བོད་མི་རིགས་ཀྱི་སེམས་ལ་ནམ་ཡང་བརྗེད་མི་སྲིད་པའི་རྨ་ཁ་ཆེན་པོ་ཞིག་བཟོས་ཡོད་པ་འདི་ཡང་གྲུབ་འབྲས་ཆུང་ཆུང་མ་རེད་སྙམ། གཞན་ཡང་བོད་རིགས་ནང་ཁུལ་མཐུན་སྒྲིལ་ལ་ཕན་ཐོག་ཆེན་པོ་བྱུང་ཡོད་པ་ནི་དེང་སྐབས་ཁམས་དང་ཨ་མདོའི་ས་ཁུལ་མང་པོར་མཚོན་ཆ་མེར་སྲེག་དང་ནང་ཁུལ་འཁྲུག་འཛིང་མི་བྱེད་པའི་དམ་བཅའ་བཞག་བཞིན་ཡོད་པ་འདིས་གསལ་པོ་བསྟན་ཡོད། གཞན་ཡང་དཔའ་བོ་དཔའ་མོ་རྣམས་ཀྱི་ཞལ་ཆེམ་ལྟར་སྐད་ཡིག་སྲུང་སྐྱོབ་ལ་ཡང་ཤུགས་རྒྱག་བཞིན་ཡོད་པ་སོགས། མདོར་ན་ལས་འགུལ་འདིས་རྒྱ་བོད་གཉིས་དབྱེ་མཚམས་གསལ་པོ་ཕྱེས་ཡོད་པ་དང་། བོད་པ་ཚོར་བོད་པ་ཡིན་པའི་འདུ་ཤེས་ཤུགས་ཆེར་སྐྲུན་ཡོད། 
    ༤༽༧གོང་ས་མཆོག་དགུང་ན་མཐོན་པོ་འདི་ཙམ་ལ་ཕེབས་ཡོད་པ་མ་ཟད། པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ཉི་ཤུ་ཙ་གྲངས་འགྲོ་ཡི་ཡོད་པ་དང་། བོད་ཀྱི་ཕྱི་སྣོད་ཀྱི་སྐྱེ་དངོས་གཅོད་འབྲེག་དང་གཏེར་ཁ་སྔོག་འདོན་སོགས་དང་། བོད་མི་རིགས་ལ་ཆོས་དད་དང་གཏམ་བརྗོད་འདུ་འཛོམས་སོགས་རྒྱལ་སྤྱིས་གཏན་ལ་ཕབས་པའི་འགྲོ་བ་མིའི་ཐོབ་ཐང་གང་ཡང་མེད་པར་མ་ཟད། རྒྱ་རིགས་གནས་སྤོ་དང་བོད་ཀྱི་སྐད་ཡིག་དང་རིག་གཞུང་གཏན་འགོག་བྱེད་པ་སོགས་ཤེས་ཤེས་རིག་རིག་ལ་བོད་མི་རིགས་རིག་གཞུང་དང་བཅས་པ་འཆི་ལ་དུ་བརྫངས་བཞིན་ཡོད་པས་འདི་ལས་ལྷག་པའི་དམིགས་གསལ་ཛ་དྲག་ཅེས་པ་ཅི་འདྲ་ཞིག་དགོས་པ་རེད། 
    ༥༽ད་དུང་ཆོས་སྐད་འདྲ་འགའ་རེ་བཤད་ཁུལ་བྱས་འདུག་ཀྱང་དེ་དག་ལ་སྙིང་པོ་གང་ཡང་མེད་པ་རེད། ཆོས་བཤད་དུས་འཇིག་རྟེན་བཤད་འཇིག་རྟེན་བཤད་དུས་ཆོས་བཤད་ཡོང་བ་འདི་ནི་ཆོས་འཇིག་རྟེན་གཉིས་ཀ་རྨོངས་པའི་རང་རྟགས་ངོ་མ་དེ་རེད། དེ་སྔ་ཡན་ཆད་ང་ཚོས་འདི་གཉིས་དཀྲུག་དཀྲུག་གཏོང་རྒྱུ་མང་སོང་བའི་དབང་གིས་ཆོས་འཇིག་རྟེན་གཉིས་ཀ་མེད་པ་འདི་བྱུང་བ་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    རང་ཕྱོགས་བདེ་ཕྱིར་རང་བཙན་རྩོད། །
    དེ་ཕྱིར་རང་སྲོག་གཏོང་དགོས་སམ། །
    རང་གཞན་བདེ་ཕྱིར་དབུས་མར་བཞུགས། །
    དེ་ལའང་རང་སྲེག་དགོས་སམ་ཅི། །

    Reply
  3. གཟུ་གནས་བློ་ལྡན། says:
    ལོ་ 12 སྔོན།

    བསྟན་ཕན་ཟེར་བའི་རྣམ་དཔྱོད་ཀྱི་མིག་ཡོངས་སུ་ཟུམ་པ་འདིས་བོད་ཀྱི་དཔའ་བོ་ཕཽ་མོ་རྣམས་ཀྱིས་འཚེ་བ་བྱེད་པ་རེད་ཅེས་ཟེར། ཁྱེད་ཀྱིས་འཚེ་བ་ཞེས་པ་ཅི་ཞིག་ལ་འཇོག་པ་ཨེ་ཤེས། དཔའ་བོ་ཁོང་རྣམས་ལ་བསྟོད་སྔགས་མི་གཏོང་ན་སྨད་ར་གཏོང་དགོས་རེད་པས། མ་གཞི་ནས་དཔའ་བོ་ཁོང་རྣམས་བསྟོད་ན་སྐུ་ལུས་མེར་བསྲེགས་གཏོང་ལ་མ་བསྟོད་ན་མི་གཏོང་ན་མི་བྱ་སྤུ་ལྟར་རང་ཚུགས་མེད་པ་དེ་འདྲ་མ་རེད། ཁྱེད་བོད་མི་ཞིག་ཡིན་བཞྀན་དུ་རང་རིགས་ཀྱི་དཔའ་བོ་དཔའ་མོ་རྣམས་རང་ཚུགས་གང་ཡང་་མེད་མཁན་ཞིག་ཏུ་རྩིས་འདུག་པ་ལྐུགས་དྲག་པ་མ་ཡིན་ནམ། ཁྱེད་ནས་ལབ་ནུས་རྒྱ་ནག་གཞུང་ཚབ་ལ་ལབ་སར་རྒྱུགས། སྐུ་ལུས་མེར་བསྲེགས་གོང་བཅུག་མཁན་རྒྱ་རྒན་ནག་པོ་ཡིན་པ་ལས་ང་ཚོ་མ་རེད།

    Reply
  4. རྟ་བདུན་དབང་བོ། says:
    ལོ་ 12 སྔོན།

    ངས་རང་སྲེག་གི་ལས་འགུལ་ཞིག་ནམ་ཡང་བྱེད་འདོད་མེད། གལ་ཏེ་བྱེད་ན་རྒྱ་ནག་གི་གྲོང་ཁྱེར་ཆེན་པོ་ཞིག་གི་དཀྱིལ་ནས་རང་སྲེག་བྱེད་དགོས་པའི་རྒྱུ་མཚན་གསལ་བོ་ཡིག་ཆར་གང་མང་ཞིག་སྔོན་ལ་བཀྲམས་ནས་བྱེད་སྲིད། འོན་ཀྱང་རང་སྲེག་གི་ལས་འགུལ་འདི་ནམ་ཡང་ལེགས་པོ་ཞིག་རེད་བསམ་གྱི་མེད། རང་དབང་རྩོད་པ་ལ་མེད་ཐབས་མེད་པ་དག་ནི། བོད་མི་ཡོད་དོ་ཅོག་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་དང་གཅིག། སྒྲིག་འཛུགས་སྲ་ཞིང་བརྟན་པ་ཞིག་ཡོད་རྒྱུ་དང་གཉིས། དཔལ་འབྱོར་འཛད་པ་མེད་པ་ཞིག་ཡོད་རྒྱུ་གསུམ་ནི་ཧ་ཅང་གི་གལ་ཆེན་གསུམ་ཡིན། ཆོས་ལུགས་དང་ཆོལ་ཁ་གང་གིས་རིས་སུ་མ་སླད་པར་བོད་མི་ཡོངས་སུ་རྫོགས་པའི་མ་བགྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་ཕྱོགས་བསྐྱོད་བྱ་རྒྱུ་དང། དེ་ནས་རང་བཙན་ནམ་རང་དབང་རྩོད་པའི་ཆེད་དུ་སྒྲིག་འཛུགས་སྲ་ཞིང་བརྟན་པ་ཞིག་མེད་དུ་མི་རུང་བ་ཡིན་ལ། དེ་མུ་མཐུད་ནས་གནས་པའི་ཆེད་དུ་དཔལ་འབྱོར་འཛད་པ་མེད་པ་ཞིག་ངེས་པར་དུ་དགོས། དེས་ན་བོད་མི་ཡོད་དོ་ཅོག་གིས་ དཔལ་འབྱོར་གྱི་རོགས་འདེགས་སོ་སོས་གང་ནུས་ཀྱིས་སྒྲུབ་རྒྱུ་འདི་ཧ་ཅང་གི་གལ་ཆེན་རེད། ཇི་སྲིད་འདི་གསུམ་གནས་པ་དེ་སྲིད་དུ་ང་ཚོའི་ནུས་པ་ནམ་ཡང་ཉམས་མི་སྲིད། ཐབས་གང་ལ་བརྟེན་ནས་རང་བཙན་རྩོད་དམ་ཞེས་ན། ཟས་བཅད་ངོ་རྒོལ་དང་ཞི་བའི་གོམ་བགྲོད། བོད་ཀྱི་རིག་གནས་མི་ཉམས་གོང་འཕེལ་དུ་གཏོང་རྒྱུ། ཕྱི་རྒྱལ་ནང་རྒྱལ་ཀུན་ཏུ་ཁྱབ་བསྒྲགས་གང་ནུས་ཅི་ནུས་ཤིག་བྱ་རྒྱུ་ཧ་ཅང་གི་གལ་ཆེན་རེད་སྙམ། འདི་དག་ནི་ཇི་སྲིད་རང་བཙན་མ་ཐོབ་པ་དེ་སྲིད་དུ་ནམ་ཡང་མཚམས་བཞག་མི་རུང། ང་ཚོ་བོད་མི་ཚང་མར་འགན་ཡོད་ཕྱིར་གཞན་གྱིས་སྐུལ་མ་ལ་བརྟེན་མ་དགོས་པར་སོ་སོའི་རང་ངོས་ནས་དང་ལེན་བྱ་རྒྱུ་ཧ་ཅང་གི་གལ་ཆེན་རེད། ཡིན་ནའང་ཟས་བཅད་ངོ་རྒོལ་དང་ཞི་བའི་གོམ་བགྲོད་སོགས་བྱ་བ་གང་ཞིག་བྱས་ཀྱང་སྒྲིག་འཛུགས་ཤིག་གི་འོག་ནས་བྱེད་ན་ནུས་པ་ཆེ་བར་སྙམ། ཁོ་བོས་བལྟས་ན་བོད་ཀྱི་གཞོན་ནུ་ཚོགས་པ་འདི་ཧ་ཅང་གི་མེད་དུ་མི་རུང་བའི་ཚོགས་པ་ཞིག་རེད་སྙམ། དེང་དུས་བོད་ནང་དུ་མ་སྐུལ་དང་བླངས་ཀྱིས་རང་སྲེག་གི་ལས་འགུལ་མི་ཉུང་བ་ཞིག་སྤེལ་ཟིན་པ་རེད། གལ་ཏེ་རང་སྲེག་གི་ལས་འགུལ་འདི་བོད་ཀྱི་དཔའ་བོ་དང་དཔའ་མོ་ཚོས་མུ་མཐུད་ནས་སྤེལ་བ་ཡིན་ན་གྲུབ་འབྲས་ཆེན་པོ་མི་ཐོན་པའི་ཁར་གྱོང་གུད་དུ་འགྲོ་སྲིད་པའི་ཕྱིར། བོད་མི་ཡོངས་ཀྱིས་ཐབས་གཞན་ལ་བརྟེན་ནས་འབད་བརྩོན་རྒྱུན་འཁྱོངས་སུ་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེ་པར་སྙམ་མོ། ལྷག་པར་དུ་རང་སྲོག་བློས་གཏོང་ཐུབ་མཁན་གྱི་གང་ཟག་འདི་ལྟ་བུ་ནི་ཉིན་མོ་སྐར་མ་ནང་བཞིན་ཤིན་ཏུ་དཀོན་པས་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས། སེམས་ཤུགས་ཅན་འདི་ཚོའི་སྐུ་ཚེ་ཞབས་པད་ཡུན་ཏུ་བརྟན་ནས་བོན་དོན་མུ་མཐུད་དེ་རྒྱུན་འཁྱོངས་བྱ་རྒྱུ་ནི་ཅིས་ཀྱང་གལ་ཆེ། གལ་ཏེ་རང་སྲེག་བཏང་བ་ཡིན་ན་གཏོང་མཁན་དེའི་མི་ཚེ་དེའི་ཉིན་ནས་རྫོགས་ཚར་བ་རེད། གཞན་བྱ་ཐབས་གང་ཡང་ཡོད་པ་མ་རེད། དེར་མ་ཟད་ཁྱིམ་མི་ཚང་མ་མྱ་ངན་གྱིས་སྡུག་ལ་སྦྱོར་བ་དང་ནམ་རྒྱུན་རྒྱ་མིས་ལྟ་རྟོག་ནན་མོ་འོག་ཏུ་གནས་དགོས་པ་སོགས་ཞན་ཆ་དུ་མ་ཞིག་མཆིས། གལ་ཏེ་བོད་དོན་འཐབ་རྩོད་པ་ཚོས་རང་སྲེག་མ་ཡིན་པའི་ཐབས་གཞན་ལ་བརྟེན་ནས་རྩོད་པ་ཡིན་ན། དམར་བོའི་སྡིག་རྩུབ་འོག་རེ་ཞིག་གཅར་རྡུང་དང་མནར་གཅོད་སོགས་དུ་མ་ཞིག་མྱོང་དགོས་ཀྱང་ད་དུང་ཁྱོད་ཀྱི་འདུན་མ་རྫོགས་མེད་པར་མ་ཟད་གྲུབ་འབྲས་ཆེན་པོ་ངེས་པར་དུ་ཐོབ་སྲིད་པ་རེད། རྒྱུ་མཚན་འདི་དག་བརྟེན་ནས་ཁྱེད་རྣམས་ཀྱི་སྐུ་ལུས་འཚོ་ཞིང་བཞུགས་ནས་བོད་དོན་མི་མཐུད་དུ་རྒྱུན་འཁྱོངས་བྱ་རྒྱུ་ཅིས་ཀྱང་གལ་ཆེ་བར་སེམས་སོ། ངས་སྔོན་ལ་རང་བསྲེགས་ཀྱི་སྐོར་ལ་རྩོམ་ཐུང་ཁ་ཤས་ཤིག་ཁ་བརྡ་ནང་དུ་སྤེལ་བ་ཡིན། དེར་དྲ་གྲོགས་ཚོས་བསམ་ཚུལ་འདྲ་མིན་ཞིག་མཆིས་པ་དེ་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས་ཐུགས་རྗེ་ཞུ་རྒྱུ་ཡིན། འོན་ཀྱང་ཕྱིའི་བལྟ་རྒྱ་དང་ནང་གི་མཁྱེན་རྒྱ་ཁབ་མིག་ལས་དོག་པ་འགས་དོན་དང་མི་མཐུན་པའི་འཆལ་གཏམ་འགའ་ཞིག་སྤེལ་འདུག་པ་ནི་ཤིན་ཏུ་ནས་དོར་བར་བྱ་བའི་རིགས་སོ། ང་ཚོའི་རྩོད་བཞིན་པའི་བོད་ཀྱི་ས་ཁྱོན་ནི་རྒྱ་ནག་སྐམ་ས་ཆེན་པོའི་བཞི་ཆའི་གཅིག་ཡིན་པར་ཐོས། རྒྱ་ནག་དམར་བོ་ཚོ་འུ་ཐུག་ན་མ་གཏོགས་ས་ཁྱོན་ཆེ་བ་འདི་ལྟ་བུ་ཞིག་རྩིས་སྤྲོད་ལས་སླ་བོ་ངང་ནས་ནམ་ཡང་བྱེད་རྒྱུ་མ་རེད། ད་ལྟའི་རྒྱ་ནག་གི་ཕྱི་ནང་གང་གི་ཐད་ལ་བལྟས་ན། བོད་མི་ཅི་ཙམ་གྱིས་རང་སྲོག་དོར་ཡང་དམར་ཕྱོགས་ཚོ་འུ་ཐུག་པ་སྣུམ་ཟད་ཀྱི་མར་མེ་བཞིན་གཏོང་རྒྱུ་དཀའ་བར་གནང་སྙམ། དེས་ན་ང་ཚོའི་ཐབ་རྩོད་འདི་ཟླ་བ་ཁ་ཤས་ཀྱིས་མ་ཡིན་པར་ལོ་དུ་མའི་རིང་གི་ཐབ་རྩོད་ཅིག་ཡིན་ཕྱིར་བོད་རིགས་སྤུན་ཟླ་རྣམས་ཀྱི་སྐུ་སྲོག་ཆུད་ཟོས་སུ་མི་གཏོང་པར་འཚོ་ཞིང་གནས་ནས་མུ་མཐུད་དེ་རྒྱུན་འཁྱོངས་བྱ་རྒྱུ་ཅིས་ཀྱང་གལ་ཆེ་བར་སྙམ་མོ། །

    Reply
  5. ནོར། says:
    ལོ་ 12 སྔོན།

    བསྟན་འཛིན་ཕུན་ཚོགས་ལགས། བསམ་བློ་ཞིབ་ཏུ་མ་བཏང་པར་ཚོར་བ་ཁོ་ནས་སྐད་ཆ་མ་བཤད་བཟང་གི་འདོོད།ཡང་མིན་ན་ཁྱེད་ཀྱིས་ཉེ་བའི་ལོ་འདི་འགའི་ནང་བོད་ནང་དུ་སྔར་ལས་ལྷག་པའི་དབང་བསྒྱུར་གྱི་བྱེད་ཐབས་ག་འདྲ་ཞིག་ལག་བསྟར་བྱེད་ཀྱིན་རྟོགས་གི་མེད་འདྲ།ད་ལྟའི་བོད་ནི་དངོས་གནས་འཆི་གསོན་གྱི་གཡེང་ཁར་དེད་ཡོད་པ་རེད། ཐ་ན་ལོ་དྲུག་མན་བྱིས་པ་ཚོས་ཁ་ནང་ཨ་མའི་འོ་མ་ལྟ་བུའི་རང་གི་བོད་སྐད་ཀྱང་འཕྲོག་ནས་འགྲོ་གི་ཡོད་པ་རེད། ཁྱོད་ཀྱིས་རང་སྣང་གང་ཤར་གྱི་རང་དབང་དེ་འདྲ་སིག་གང་ན་ཡོད་དམ། དེར་བརྟེན་ཁོ་ཚོར་ང་ཚོ་བྲོས་བྱོལ་ཚོ་ལྟར་ཟ་གཉིད་འདུག་བདེ་ཡི་ཚོར་ཞིག་གི་ཁྲོད་གཉིད་དུག་རྒྱུའི་བདེ་སྣང་ཞིག་སྐད་ཅིག་གི་རིང་ལའང་ཧ་ལམ་ཡོད་པ་མ་རེད། དེར་བརྟེན་ཐབས་འདི་སྤྱད་དེ་ད་དུང་གཉིད་མ་སད་པའི་ཉེ་འཁོར་གྱི་སྤུན་ཟླ་ཚོར་རང་ཉིད་ཚེ་སྲོག་གིས་བླ་འབོད་བྱེད་པ་དང་། བྲོས་བྱོལ་བླ་འཁྱམས་པ་ཚོར་བོད་ནང་ད་ལྟའི་ཛ་དྲག་གི་གནས་བབ་ག་འངྲ་ཡིན་པ་ཚོར་ཤུགས་སློང་བ། འཛམ་གླིང་མི་མང་དང་གཞུང་སྒེར་ཚོགས་དག་ལའང་ང་ཚོ་བོད་ནི་འཆི་གསོན་སོ་ཁར་དེད་ཡོད་པ་གསལ་བརྗོད་ཡོང་བ་བའས་ཀྱི་ཆེད་དུ་ལམ་ཁ་འདི་བདམས་རེད། ཁྱེད་རང་གཅིག་པུ་མ་ཡིན་པར་བོད་མི་ས་ཡ་དྲུག་ལ་སྐྱོ་ཚོར་ཡོང་གི་ཡོད་རེད། སྐད་ཆ་བསམ་ནས་བཤད་རྒྱུ་གལ་ཆེ་གི།ད་ལྟ་ཁྱེད་རང་སྡོད་ཚུགས་གི་མེད་པ་དེའང་ཁོང་ཚོས་རླབས་ཀྱི་བློས་གཏོང་དརས་ནུས་པ་ལོས་ཡིན། དངོས་གནས་ཡིན་ན་ད་ནི་བོད་མི་ས་ཡ་དྲུག་དཔུང་བ་མཉམ་བསྡེབ་ཀྱིས་ཡར་ལངས་དགོས་པ་རེད། ང་ཚོར་ད་དུང་འང་དེ་ལྟའི་རྟོགས་སད་ཅིག་ཡོང་གི་མེད་པ་འདྲ། ཁྱེད་ལ་ཐབས་མཆོག་རེ་ཡོད་ན་རང་ཉིད་ཀྱིས་དབུ་ཁྲིད་དེ་འཐབ་རྩོད་ཀྱི་ལམ་ལ་ཞུགས་ངང་། དཔའ་བོ་དཔའ་རྣམས་ཀྱང་དགའ་བཞིན་སྤྲོ་བཞིན་དུ་ཁྱེད་ཀྱི་ཐབས་ལམ་དེར་རང་བཞིན་གྱིས་ཞུགས་ཡོང་གི་རེད།དེ་མིན་ཐབས་ལམ་གཞན་གང་ཡང་སྟོན་རྒྱུ་མེད་པར། ་སོ་སོ་རང་ཉིད་ཀྱིས་མི་རིགས་ལས་རང་ཉིད་སྒེར་གྱི་སྲོག་གལ་མཐོང་གི་ཡོད་པ་གཞིར་བཞག་གི་ཐོག་ནས་གཞན་ལའང་དེ་ལྟར་དགོས་པར་བརྗོད་པའི་ཐོབ་ཐང་ང་ཚོར་ཡོད་པ་མ་རེད། དངོས་སྐུ་ཉིད་ལ་རྟོགས་སད་རྣལ་ཞིག་ཐོབ་ཡོད་པ་ཡིན་ན། རང་ཉིད་ནས་མགོ་བརྩམས་ཏེ་མི་རིགས་འདི་རྟོགས་སད་དང་མྱུར་སྐྱོབ་ཀྱི་ལས་འགུལ་ཅིག་སྤེལ་དང་མི་མང་ཁྱེད་རྗེས་ལ་ཡོང་ངེས་རེད། ཆོས་དང་འགལ་ཡོད་མེད་ཀྱི་འབྲེལ་མེད་ཉོག་རིགས་མ་བཤད། མི་རིགས་ཤིག་གི་འཆི་གསོད་དང་འབྲེལ་བའི་འཐབ་རྩོད་བྱེད་ཀྱིན་ཡོད་རེད་མ་གཏོགས་སངས་རྒྱ་ཐབས་ཀྱི་ཐར་ལམ་འཚོལ་གྱིན་ཡོད་པ་མ་རརད།དེ་ཤེས་པར་གྱིས། ར་མགོ་ལུག་ལ་སྦྱོར། ནང་པའི་ཆོས་དང་འགལ་མིན་གྱི་སྐད་ཆ་དེ་རྒྱ་གཞུང་གི་གཡོ་ཐབས་ཁ་གཡར་ས་ཞིག་རེད་ལོ། མགོ་ཚོས་པར་གྱིས།

    Reply
  6. རྔ་བ་བརྒྱད་གསུམ་གཅིག་དྲུག says:
    ལོ་ 12 སྔོན།

    སྒེར་གཅོད་པའི་འཁྱོག་བཤད་ལ་ཧང་མ་སངས་ཐལ།
    བསྟན་ཕུན་གྱིས་ལྐུགས་རྟགས་ལ་ངོ་མ་ཧང་སངས་ཐལ།
    གང་ཡིན་ཟེར་ན། བསམ་བློའི་རང་ཁ་མ་སོས་བའི་བླུན་རྒན་བསྐོར་ཞིག་གིས་ནམ་ཡིན་ཡང་རང་མགོ་གཅོད་བྱེད་ཀྱི་སྟ་རེ་ཉར་ཚགས་བྱེད་བསྡད་པ་དེར་ཧང་སངས་ཐལ། ཡང་གཅིག་བཤད་ན། འུ་ཅག་གངས་ཅན་པའི་གཅེས་ཤིང་འོས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གིས་བྱ་བྱེད་ལས་གསུམ་འཚེ་བ་དང་གླེན་རྟགས་ཀྱི་ཕྱོགས་སུ་བསྒྱུར་མཁན་སྒེར་གཅོད་པ་དང་སྒེར་གཅོད་པའི་ཉེ་གཉེན་དང་ཉེ་གནས་སོགས་མ་གཏོགས་མེད། འོན་ཀྱང་བསྟན་ཕུན་གྱི་སྒེར་ཚུགས་དང་དཔྱོད་ཤེས་ཞར་སོང་བ་ལས་སྒེར་གཅོད་པའི་ཉེ་གནས་ཤིག་མིན་པར་ཡིད་ཆེས་དང་རེ་བ་ཡོད། ཡིན་ན་ཡང་། འུ་ཅག་གངས་ཅན་པའི་གཏམ་དཔེ་ཞིག་ཏུ། ཆུ་མ་ཡོང་གོང་གི་ཆུ་ར་རྒྱང་ཞེས་པའི་ཚིག་འབྲུ་དག་ངང་གིས་བསླེབས།

    Reply
  7. གོང་ཐུབ། says:
    ལོ་ 12 སྔོན།

    རང་ལུས་མེ་བསྲེགས་འདི་རྒྱུད་བསྐུལ་བྱས་ནས་ཡོང་རྒྱུ་ཞིག་དང་མི་དཀྱུས་མ་ཞིག་གིས་མཚམས་འཇོག་རོགས་བརྗོད་ནས་རེ་སྐུར་བྱས་ནས་འབྱུང་རྒྱུ་ཞིག་མིན་པར་ལྷག་པར་དུ་ཁ་ཚོད་ཡོད་ནང་ནས་ཚིག་ཚོད་མེད་མ་བྱོ་ན་ཡག་པོ་ཡོད་རེད། རྣམ་དཔྱོད་ལྡན་པའི་བསམ་སྦྱོར་ཡོད་ན་རང་ངོས་ནས་བརྩོན་དང་རླབས་ཆེན་རེད་ལ་ང་ཚོར་ལམ་ཁ་ཡང་གསར་བ་ཞིག་ཡོད་བཞག་པ་མ་རེད་དམ།

    Reply
  8. འཁྱམ་པོ། says:
    ལོ་ 12 སྔོན།

    ཉིན་ལྟར་དྲ་ལམ་གང་སར་ཉུལ་བ་ཡིན་ཡིད་ལ་འབབས་པའི་སྐད་ཆ་འདི་འདྲ་ཞིག་ད་བར་མ་མཐོས། རྗེས་སུ་ཡིད་རང་དང་རྒྱབ་སྐྱོར་གཙང་མ་ཡོད། དོན་དངོས་ཐོག་རང་མི་རིགས་ཀྱི་རིག་གཞུང་ལ་བསམ་མཁན་ཞིག་ཡོད་ན་ཁོང་གིས་གསུང་པ་དེ་ག་རང་རེད།

    Reply
  9. kunsal says:
    ལོ་ 12 སྔོན།

    རྔ་བ་གཉན་མིས་གསུངས་པ་དོན་ལ་གནས་པས་རྒྱབ་སྐྱོར་ཡོད།

    Reply
  10. རྔ་བ་གཉན་མི། says:
    ལོ་ 12 སྔོན།

    ང་ཚོས་བོད་མིས་རང་བསྲེགས་ལས་འགུལ་དེའི་སྐོར་ལ་སྐད་ཆ་བཤད་དུས་་ངེས་པར་དུ་གཟབ་ནན་བྱེད་དགོས་་་
    གཞིས་ལུས་བོད་མི་ཚོས་བོད་དོན་གྱི་ཆེད་དུ་འགན་ཁུར་སྟངས་དང་་་བློས་གཏོང་བྱེད་ཚུལ་་་དེ་ང་ཚོའི་ཕྱི་ཕྱོགས་སུ་ཡོད་པ་དག་གི་ཚོད་དཔག་ལས་བརྒལ་ཞིང་བསམ་ཡུལ་ལས་འདས་པ་ཞིག་ཡིན་་་ཚད་གཞི་དམའ་བས་ཚད་གཞི་མཐོན་པོ་ཅན་ལ་ལམ་སྟོན་བྱེད་པ་ནི་་་་་སྤྱིར་བཏང་གི་རྒྱུན་ཤེས་དང་ཡང་འགལ་བ་ཞིག་རེད་
    བསྟན་འཛིན་ཕུན་ཚོགས་ཟེར་བ་འདིའི་སྐད་ཆ་མདོར་དྲིལ་ན་་་རང་བསྲེག་ལས་འགུལ་འདི་་་བོད་ལ་གནོད་ཆེ་བ་དང་་་རྣམ་དཔྱོད་དང་མི་ལྡན་པའི་ཨུ་ཚུགས་ཀྱི་སྤྱོད་ཚུལ་ཡིན་པ་་་་བོད་ནང་ལ་ཚེ་སྲོག་བློས་གཏོང་བྱེད་དགོས་པའི་དམིགས་བསལ་དཀལ་སྡུག་མེད་པ་་་ཁོང་ཚོའི་བྱེད་ཐབས་འདི་དམ་པའི་ཆོས་དང་ཡོངས་སུ་མི་མཐུན་པ་བཅས་རེད་་་་ངས་འདི་དག་ལ་ལན་རེ་རེ་རྒྱག་འདོད་མེད་་་་བསྟན་འཛིན་ཕུན་ཚོགས་ལགས་་ཉིད་ཀྱིས་རང་གི་སྐད་ཆ་འདི་དག་ལ་བསྐྱར་དུ་མནོ་བསམ་ཞིག་བཞེས་རོགས་གནང་་་་སྐད་ཆ་འདི་བོད་ནང་ལ་གཟིས་ཏེ་བཤད་པ་ཡིན་རྒྱུ་རེད་པ་་་་བོད་ནང་གི་བོད་མི་ཚོའི་ཚོར་བ་ཤེས་པར་བྱས་ཏེ་བསམ་བློ་ཞིག་གཏོང་རོགས་ཞུ་ཞུ་ཞུ་ཞུ་ཞུ་ཞུ་ཞུ།

    Reply
  11. རྟ་བདུན་དབང་བོ། says:
    ལོ་ 12 སྔོན།

    བསྟན་འཛིན་ཕུན་ཚོགས་ཀྱིས་གསུངས་པ་རྒྱུ་མཚན་འདུག
    རྗེས་སུ་ཡི་རངས་ཡོད། བསླབས་བྱ་ལེགས་པོ་ཞིག་གནངས་པ་ལ་ཐུགས་རྗེ་ཆེ་རྒྱུ་ཡིན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese