མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་གི་དཔེ་དེབ་དབུ་འབྱེད་གནང་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ།
སཱ་ར་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་གཙང་ཕྲུག་སྟོབས་ལགས་ཀྱིས་བརྩམས་པའི་༼པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག༽ཅེས་པའི་དེབ་དབུ་འབྱེད་དང་སྦྲགས། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་རྫོགས་ཏེ་ལོ་ ༢༤ འཁོར་བའི་ཉིན་མོ་དྲན་གསོའི་ཚོགས་འདུ་ཚོགས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་། ངྷ་ས་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་རྫོགས་ཏེ་ལོ་ངོ་ ༢༤ འཁོར་བའི་ཉིན་མོ་དྲན་གསོ་དང་འབྲེལ། ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་གཙང་ཕྲུག་སྟོབས་ལགས་ཀྱིས་འདས་པའི་ལོ་ངོ་ ༥ རིང་ཉམས་ཞིབ་དང་རྩོམ་འབྲི་གནང་བའི་དཔེ་དེབ་༼པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག༽ཅེས་པ་དེ་དབུ་འབྱེད་གནང་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་མཆོག་གི་སྐུ་ཚབ་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་བཅས་ཕེབས་འདུག

དེ་བཞིན། བོད་པའི་ཤེས་ཡོན་རིག་གནས་ཐོག་དོ་སྣང་ཡོད་མཁན་གྱི་གདན་ཞུའི་སྐུ་མགྲོན་ ༡༨ དང་། གསར་འགོད་པ་དང་ཟུར་ཉན་པ་བཅས་མི་གྲངས་ ༥༠ ཙམ་འདུ་འཛོམས་བྱུང་ཡོད་ཅིང་། བོད་ཀྱི་དཔེ་མཛོད་ཁང་གི་ཞིབ་འཇུག་པ་ན་ག་སངས་རྒྱས་བསྟར་དར་དང་། བོད་མི་མང་སྤྱི་འཐུས་སཱ་ར་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་བསོད་ནམས་རྒྱལ་མཚན་གཉིས་ཀྱིས་༼པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག༽དེབ་ལྗགས་ཀློག་མཛད་རྗེས་ཀྱི་དགོངས་ཚུལ་གསུངས་པ་དང་། གཞན། བོད་ཀྱི་ཤེས་བྱ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་པ་རྡོ་རྗེ་དབང་ཕྱུག བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས། བོད་ཀྱི་བང་ཆེན་གསར་ཁང་གི་རྩོམ་སྒྲིག་ལས་རོགས་ཆོས་ཉིད་འོད་ཟེར་བཅས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་པ་འཕྲིན་ལས་དང་ཐུགས་ཀྱི་བཞེད་དགོངས་བཅས་དང་འབྲེལ་ཏེ་གཏམ་བཤད་གནང་སོང་།

གཙང་ཕྲུག་སྟོབས་ལགས་ཀྱིས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་ལ་ཞིབ་འཇུག་གི་ཀུན་སློང་ཐོག་མར་འཁོར་སྟངས་དང་། འདས་པའི་ལོ་ ༥ རིང་ཞིབ་འཇུག་གནང་བའི་བརྒྱུད་རིམ་ངོ་སྤྲོད་དང་འབྲེལ་ཏེ་གསུངས་རྒྱུར། ཞིབ་འཇུག་དེབ་དེའི་ནང་ཡོངས་གྲགས་ཆགས་མེད་པའི་གནས་ཚུལ་མང་པོ་ཞིག་གསལ་ཁ་བཏོན་ཡོད་པ་དང་།  ལྷག་པར་དུ་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་གཤེགས་རྐྱེན་སྐོར་ནས།  རྒྱ་གཞུང་གི་ཡོངས་གྲགས་གསར་འགྱུར་ནང་བཤད་པ་དང་དངོས་སུ་སྐུ་གཤེགས་པའི་དུས་ཚོད་གཉིས་མཐུན་གྱི་མེད་པ། རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེར་སྙིང་གི་ན་ཚ་བསྐྱར་ལངས་བརྒྱབ་ཏེ་སྐུ་གཤེགས་ཚུལ་བརྗོད་ཀྱང་། པཎ་ཆེན་རིན་པོ་ཆེའི་གསང་ཡུམ་ནི་ཨེམ་རྗེ་ཞིག་ཡིན་ཐོག པེ་ཅིན་ནས་བོད་དུ་མ་ཕེབས་སྔོན་ལ་སྐུ་གཟུགས་བརྟག་དཔྱད་བརྒྱུད་བདེ་ཐང་ཡིན་པའི་ཡི་གེ་ཡོད་པ།  དེ་བཞིན། པཎ་ཆེན་རིན་པོ་ཆེ་མཆོག་བོད་དུ་ནམ་ཕེབས་ལ་སྐུ་བཅར་སྨན་པ་གནང་བཞིན་པའི་ལྷ་སའི་སྨན་རྩིས་ཁང་གི་སྨན་པ་འབུམ་རམ་པ་ཀརྨ་ཆོས་འཕེལ་ལགས་ཀྱིས་ཀྱང་།  གནམ་གཤིས་ཀྱི་རྐྱེན་པས་པཎ་ཆེན་རིན་པོ་ཆེར་སྐུ་ཆམ་ཏོག་ཙམ་བཞེས་པ་མ་གཏོགས་སྙུང་གཞི་ཁྱོན་ནས་མེད་སྐོར་བརྗོད་པ་བཅས་རྒྱུན་ལྡན་མིན་པའི་གནས་ཚུལ་གསུམ་གྱི་ཐོག་ནས་པཎ་ཆེན་རིན་པོ་ཆེའི་སྐུ་གཤེགས་སྟངས་ལ་དོགས་དཔྱད་བྱས་ཡོད་སྐོར་བརྗོད་སོང་། 

པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་གི་དེབ་དེའི་དགེ་སྐྱོན་སྐོར་ལ་བོད་ཀྱི་དཔེ་མཛོད་ཁང་གི་ཞིབ་འཇུག་པ་ན་ག་སངས་རྒྱས་བསྟར་དར་གྱིས། དེབ་ནང་ལོ་རྒྱུས་དང་འབྲེལ་ཡོད་སྐུ་པར་ ༣༠ ཅིག་བཞག་ཡོད་པ་དེ་གསར་གཏོད་ཀྱི་རང་བཞིན་ཡིན་པ་དང་། དེ་བཞིན་ཚིག་སྦྱོར་བབ་ཆགས་པོ་དང་གོ་སླ་བ་ཡོད་པའི་ལེགས་ཆ་ལྡན་པ།  ཡིན་ནའང་། བླ་མའི་རྣམ་ཐར་དང་ལོ་རྒྱུས་འབྲི་དུས་བླ་མ་གང་ཉིད་ཀྱིས་སྡོམ་པ་ཞུ་ཡུལ་གལ་ཆེན་ཡིན་པ། པཎ་ཆེན་རིན་པོ་ཆེའི་གདན་ས་ནི་བཀྲ་ཤིས་ལྷུན་པོ་ཡིན་སྟབས། པཎ་ཆེན་རིན་པོ་ཆེའི་ཡོངས་འཛིན་གྱི་སྐུ་པར་དང་གཙང་བཀྲ་ཤིས་ལྷུན་པོ་དགོན་པའི་པར་བཞག་མེད་པ་དེ་ཞན་ཆ་ཡིན་ཚུལ་བཅས་བརྗོད་སོང་།  དེ་བཞིན།  སཱ་ར་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་བསོད་ནམས་རྒྱལ་མཚན་གྱིས།   དེབ་འབྲི་སྟངས་ཀྱི་ཐོག་ནས་ས་བཅད་མང་པོ་བགོས་ཏེ་བྲིས་ཡོད་སྟབས། ཀློག་བདེ་བོ་དང་གོ་བ་ལེན་སླ་བོ་ཡོད་པ། ཡིན་ནའང་། པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་ངལ་སྐྱོན་པའི་མཛད་པ་ཕྲ་ཞིང་ཞིབ་པ་གལ་འགངས་ཆེ་ཤོས་རྣམས་ད་དུང་ཡང་ལྷག་བསྡད་ཡོད་སྟབས། མུ་མཐུད་ནས་འཚོལ་ཞིབ་བྱ་རྒྱུ་གལ་འགངས་ཆེ་སྐོར་སོགས་གསུངས་སོང་།   

དེའི་རྗེས་ཟམ་གདོང་རིན་པོ་ཆེ་མཆོག་གིས་མ་འོངས་པར་པཎ་ཆེན་རིན་པོ་ཆེ་ཞིབ་འཇུག་བྱེད་སྟངས་སྐོར་ལ་བཀའ་སློབ་གནང་སྐབས། “དེང་རབས་ཀྱི་ཉམས་ཞིབ་གནས་ཚད་ལྡན་པ་ཡོང་ཐབས་ལ། བརྗོད་གཞི་མི་འདྲ་བ་རེ་ལ་ཉམས་ཞིབ་བྱེད་སྟངས་མ་འདྲ་བ་རེ་ཡོད་པ་རེད། དེ་རིང་དབུ་འབྱེད་བྱས་པའི་༸པཎ་ཆེན་ཨེར་ཏེ་ནི་ཉམས་ཞིབ་འདི་ནི་བྱུང་བ་རིག་པ་སྡེ་ཚན་འོག་ཡིན་སྟབས། དེར་ཉམས་ཞིབ་བྱེད་སྟངས་ཐ་དད་ཅིག་ཆགས་ཡོད།  ད་ལྟའི་བར་བོད་དུ་རིག་པའི་གནས་མང་པོ་ཞིག་དར་ཡོད་མོད། བྱུང་བ་རིག་པ་འབྲི་སྟངས་དར་ཁྱབ་ཁྱོན་ནས་བྱུང་ཡོད་པ་མ་རེད། ༡༩༥༩ ལོའི་ཡར་སྔོན་གྱི་ང་ཚོ་བོད་པའི་བྱུང་བ་རིག་པ་དང་སྒྲུང་གཏམ། གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཚུལ། རྟོགས་བརྗོད། སྐྱེས་རབས་ཚང་མ་ཕན་ཚུན་བསྲེས་ནས་གཅིག་པ་ཆགས་བསྡད་ཡོད་སྟབས། བྱུང་བ་རིག་པའི་ཉམས་ཞིབ་བྱེད་སྟངས་དང་བྱུང་བ་རིག་པའི་སྡེ་ཚན་གྱི་རྩོམ་ཡིག་འབྲི་སྟངས་ཐད། བོད་ནང་སློབ་གཉེར་བྱེད་མཁན་དང་སློབ་ཁྲིད་བྱེད་མཁན་ཧ་ལམ་བྱུང་མེད་པ་རེད།” ཅེས་བརྗོད་དེ།  ཉམས་ཞིབ་བྱེད་ཡུལ་བྱུང་བ་རིག་པ་ལ་ཆེས་སྔ་བའི་དུས་རབས་ཀྱི་བྱུང་བ་རིག་པ་དང་། ཅུང་ཟད་སྔ་བའི་བྱུང་བ་རིག་པ། འདས་མ་ཐག་པའི་བྱུང་བ་རིག་པ་གསུམ་དུ་དབྱེ་ཡོད་ལ། འདས་པའི་ལོ་རྒྱུས་དང་བྱུང་རབས་ལ་ཕྱིར་སློག་རྒྱག་དགོས་དུས་དན་རྟགས་རག་སྟངས་ཐད།  ཡིག་ཐོག་གི་དན་རྟགས་དང་། ངག་རྒྱུན་གྱི་དན་རྟགས། ཡུལ་དུས་གནས་སྐབས་ཀྱི་དན་རྟགས། དངོས་པོའི་དན་རྟགས། གཞན་གྱི་མཐོང་ཚུལ་གྱི་དན་རྟགས་བཅས་མ་འདྲ་ལྔ་ཡོད་ལ།  དེ་བཞིན། དན་རྟགས་མང་པོ་སྒྲུག་ཚར་ཏེ་འབྲི་བའི་སྐབས་སུའང་། བློ་གཟི་བོར་གནས་པ་དང་བློ་གྲོས་ལྡན་པ། དོན་གཉེར་ཡོད་པ་གསུམ་འཛོམས་དགོས་པ་དེ་ནི། ཉམས་ཞིབ་བྱེད་མཁན་གང་ཟག་གི་ཁྱད་ཆོས་མེད་དུ་མི་རུང་བ་ཞིག་ཆགས་སྐོར་ལམ་སྟོན་བཀའ་སློབ་གནང་སོང་།   

མཇུག་ཏུ་སྐུ་མགྲོན་གཙོ་བོ་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་གསུང་དོན།  “ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་རྣམ་སྤྱི་དང་། ལྷག་པར་དུ་དགོངས་པ་མྱ་ངན་ལས་འདས་ཚུལ་ཐོག་ལ། ལོ་ཁ་ཤས་སྔོན་ནས་༸གོང་ས་མཆོག་གིས་པཎ་ཆེན་རིན་པོ་ཆེ་དགོངས་རྫོགས་ཀྱི་ལོ་ ༢༠ འཁོར་བའི་དུས་དྲན་ཐོག་ལ། དམིགས་བསལ་གྱིས་བཀའ་སློབ་ཅིག་གནང་བ་གཞིར་བཞག་ཐོག  སཱ་ར་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་གཙང་ཕྲུག་སྟོབས་ལགས་ཀྱིས་ཐུགས་ཁུར་ཆེར་སྐྱེད་ཀྱིས་ཞིབ་འཇུག་གནང་སྟེ།  དེ་རིང་འདིར་དཔེ་དེབ་དངོས་སུ་མཇལ་རྒྱུ་ཡོད་པ་དང་། དེའང་ཞིབ་འཇུག་མཐིལ་ཕྱིན་པ་དང་ཚད་དང་ལྡན་པ་བྱུང་ཡོད་སྟབས། དཔལ་ལྡན་སྲིད་སྐྱོང་མཆོག་དང་བཀའ་ཤག་གི་ཕྱོགས་ནས་ལེགས་གསོལ་བསྔགས་བརྗོད་ཞུས་བ་ཡིན།” ཞེས་གསུངས་ཏེ།  ཧ་ཅང་གི་དུས་ཚོད་འཁྲུག་པོ་ཞིག་གི་སྐབས་ལ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་བོད་བསྟན་སྲིད་མི་རིགས་དང་། སྐད་ཡིག་རིག་གཞུང་ཚང་མའི་ཐོག་དངོས་གནས་རྨད་དུ་བྱུང་བའི་མཛད་རྗེས་བཞག་ཡོད་པར་ཡུ་རངས་བསྔགས་བརྗོད་དང་།  ལྷག་པར་དུ་པཎ་ཆེན་རིན་པོ་ཆེ་མཆོག་དགོངས་པ་མྱ་ངན་ལས་འདས་ཏེ། ལོ་ ༢༤ འཁོར་བའི་དགོངས་རྫོགས་དུས་ཚིགས་འདིའི་ཐོག་མྱ་ངན་གུས་འདུད་དང་།  སྐུའི་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་བཅས་གནང་སོང་། 

པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་གི་དེབ་དེའི་ནང་། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་སྐུ་གཤེགས་ཁའི་སྔ་ཕྱི་དང་། སྐུ་གཤེགས་པའི་རྒྱུ་རྐྱེན། གསང་ཡུམ་བཞེས་སྟངས། མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་རྩོད་ལེན། བོད་ཀྱི་སྲིད་འབྱོར་རིག་གསུམ་རྒྱུན་འཛིན་དར་སྤེལ། ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་བྱུང་རིམ། རིག་གནས་གསར་བརྗེའི་སྐབས་འཐབ་རྩོད་ཕོག་ཚུལ། མི་ལོ་བཅུ་བཞི་ལྷག་བཙོན་ཁང་དུ་བཙུད་པའི་བརྒྱུད་རིམ་བཅས་རྩལ་དུ་བཏོན་ཏེ་ཞིབ་འཇུག་གནང་འདུག  

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

སྐར་མ ༡༤ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་ལྷ་སའི་སྨན་རྩིས་ཁང་གི་སྨན་པ་འབུམ་རམ་པ་ཀརྨ་ཆོས་འཕེལ་ལགས་ཀྱིས་ཀྱང་། གནམ་གཤིས་ཀྱི་རྐྱེན་པས་པཎ་ཆེན་རིན་པོ་ཆེར་སྐུ་ཆམ་ཏོག་ཙམ་བཞེས་པ་མ་གཏོགས་སྙུང་གཞི་ཁྱོན་ནས་མེད་སྐོར་བརྗོད་པ་བཅས་རྒྱུན་ལྡན་མིན་པའི་གནས་ཚུལ་གསུམ་གྱི་ཐོག་ནས་པཎ་ཆེན་རིན་པོ་ཆེའི་སྐུ་གཤེགས་སྟངས་ལ་དོགས་དཔྱད་བྱས་ཡོད་སྐོར་བརྗོད་སོང་། ་་་་ཞེས་དང་།
    ་་་་ པཎ་ཆེན་ཨེར་ཏེ་ནི་ཞིབ་འཇུག་གི་དེབ་དེའི་ནང་། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་སྐུ་གཤེགས་ཁའི་སྔ་ཕྱི་དང་། སྐུ་གཤེགས་པའི་རྒྱུ་རྐྱེན། གསང་ཡུམ་བཞེས་སྟངས། མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་རྩོད་ལེན། བོད་ཀྱི་སྲིད་འབྱོར་རིག་གསུམ་རྒྱུན་འཛིན་དར་སྤེལ།
    ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་བྱུང་རིམ། རིག་གནས་གསར་བརྗེའི་སྐབས་འཐབ་རྩོད་ཕོག་ཚུལ། མི་ལོ་བཅུ་བཞི་ལྷག་བཙོན་ཁང་དུ་བཙུད་པའི་བརྒྱུད་རིམ་བཅས་རྩལ་དུ་བཏོན་ཏེ་ཞིབ་འཇུག་གནང་འདུག ་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese