ཁ་སང་ཕྱི་ཚེས་ ༡༥ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལྕམ་ཝེ་ཁུ་ཊོ་རི་ཡ་ནུ་ལེན་ཌི་ (Victoria Nuland) མཆོག་གིས། འཆར་ཅན་གྱི་གཞུང་འབྲེལ་གསར་འགོད་ལྷན་ཚོགས་ཤིག་གི་སྟེང་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྟེ། ཨ་རིའི་གཞུང་གི་ངོས་ནས་བོད་ནང་རང་ལུས་མེར་བསྲེགས་གནས་ཚུལ་བསྟུད་མར་འབྱུང་བཞིན་པར་སེམས་འཚབ་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། ལྷག་པར་དུ་བོད་ནང་བོད་མིའི་རང་སྲེག་གནས་ཚུལ་འབྱུང་བཞིན་པའི་རྒྱུ་རྐྱེན་ལྟེ་བ་ནི། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་དྲག་གནོན་སྲིད་བྱུས་ཁོ་ན་ལས་འབྱུང་བཞིན་ཡོད་སྟབས། རྒྱ་གཞུང་གིས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་གཞིགས་ཏེ་བོད་ཐོག་འཛིན་པའི་སྲིད་བྱུས་ངེས་པར་བསྐྱར་ཞིབ་དགོས་པའི་ནན་སྐུལ་ཞུས་འདུག
དེ་བཞིན་སྐབས་དེར་ཨ་རིའི་ཕྱི་སྲིད་མགྲིན་ཚབ་པ་མཆོག་གིས་བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེཊ་གཏོང་བཞིན་པ་དེར་ཨ་རིའི་གཞུང་ལ་བློ་འཚབ་ཆེན་པོ་ཡོད་པ་དང་། མ་འོངས་པར་བོད་མིའི་ཁྲོད་ད་དུང་རང་སྲེག་གཏོང་རྒྱུའི་བསམ་བློ་ཡོད་མཁན་ཚོས། རང་སྲེག་གི་བྱེད་ཐབས་དེ་རང་ཉིད་ཀྱི་བསམ་ཚུལ་འདོན་རྒྱུའི་ཐབས་ལམ་ཡག་ཤོས་ཡིན་མིན་ཐོག་ངེས་པར་བསམ་བློ་གཏོང་དགོས་སྐོར་ནན་བརྗོད་གནང་ཡོད་འདུག
གསར་འགོད་པ། དཔལ་ལྡན།