སྦིར་གནས་སྡོད་ཡེ་ཤེས་རྒྱ་མཚོ་ལགས་ཀྱིས་གསར་ལམ་དུ་གནས་ཚུལ་མཁོ་སྤྲོད་བྱས་དོན་ལྟར་ན། རྒྱ་ནག་གཞུང་གིས་སྔར་ལོ་བོད་ཀྱི་རྒྱལ་ས་ལྷ་སར་ཉེན་རྟོག་པ་དང་། དམག་མི་སྟོང་ཕྲག་མང་པོ་འགྲེམས་འཇོག་གིས་བོད་མི་ཚོར་སྔར་ལས་ལྷག་པའི་དམ་དྲག་དང་འཛིན་བཟུང་། གང་བྱུང་སྔོག་བཤེར་བྱས་པའི་གནས་ཚུལ་རིམ་པ་ཐོན་ཡོད་པ་ལྟར། སྔར་ལོའི་ཕྱི་ཟླ ༡༠ ཚེས་ ༢༡ ཉིན་རང་ལོ་ ༢༠ ཡིན་པའི་བོད་མི་ངག་དབང་སྟོབས་ལྡན་ཞུ་བར། ལྷ་ས་གྲོང་ཁྱེར་ཁ་ཆེ་ལྷ་ཁང་གི་ཉེ་འགྲམ་དུ་ཉེན་རྟོག་པས་ཞིབ་བཤེར་བྱས་ཡོད་འདུག་ལ། སྐབས་དེར་ཁོང་ལ་ཐོབ་ཐང་ལག་འཁྱེར་དང་མགྲོན་ཐོ་སོགས་ཆ་ཚང་ཡོད་ཀྱང། ལག་འཁྱེར་ཁ་པར་ནང་རང་ལུས་མེར་བསྲེཊ་གནང་མཁན་གྱི་སྐུ་པར་གཉིས་དང་བོད་ཀྱི་རྒྱལ་དར། སྲིད་གཞུང་གི་མང་ཚོགས་ལ་མནར་གཅོད་བཏང་བའི་པར་རིས་སོགས་ཉར་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་བྱས་ཏེ། ལྷ་ས་གྲོང་ཁྱེར་ཉེན་རྟོག་རུ་ཁག་ནང་ཉིན་ ༢ ལྷག་འདྲི་བརྩད་བྱས་པ་དང་། རྗེས་སུ་རྒུ་རྩ་བཙོན་ཁང་དུ་ཉིན་ ༧ ཙམ་གྱི་རིང་འདྲི་བརྩད་ཀྱིས་མི་གཞན་ལ་བརྒྱུད་སྐུལ་བྱས་པར་ཁས་ལེན་བྱས་ཡོད་ཚུལ་བསྒྲགས་ཡོད་འདུག
ཉེ་ཆར་རྒྱ་གཞུང་གིས་ཁོང་ལ་རྒྱལ་ཁབ་ཀྱི་ངོ་ལོག་པ་དང་ཆབ་སྲིད་དྲིལ་བསྒྲགས་ལོག་པར་བྱས་མཁན། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་མཁན་སོགས་ཀྱི་ཉེས་འཛུགས་འོག་ལོ་ ༢ བཙོན་འཇུག་ཁྲིམས་ཐག་བཅད་དེ་། ད་ལྟ་སྟོད་ལུང་གཞོང་པ་ལྷ་ཆུའི་ཉེ་འགྲམ་ གྱི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་ཡོད་འདུག
ངག་དབང་སྟོབས་ལྡན་ལགས་ནི། བོད་རང་སྐྱོང་ལྗོངས་ཆ་མདོ་ཁུལ་འཇོ་མདའ་རྫོང་མཁར་སྒང་ཤང་། ཁྲི་ཚོ་གྲོང་གི་ཕ་སྐལ་བཟང་སངས་རྒྱས་དང་མ་བདེ་གཡང་གཉིས་ཀྱི་བུ་ཡིན་པ་དང་། དེ་སྔོན་ནས་ལྷ་སར་ཡོང་སྟེ་ལོ་ ༣ རིང་བོད་ཀྱི་སྲོལ་རྒྱུན་ཐང་ག་འབྲི་བཞེངས་ཐད་སློབ་སྦྱོང་བྱས་ཡོད་འདུག