ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གྱི་མཚན་མོར་ཁམས་ཚ་བ་མཛོ་སྒང་རྫོང་སྨད་ཡུལ་ཤང་སྲིད་གཞུང་གི་སྒོ་ཁར་བོད་མི་ཁག་ཅིག་གིས། “ ཆོས་དད་རང་དབང་དགོས་ ”ཞེས་ངོ་རྒོལ་སྐད་འབོད་དང་། སྲིད་གཞུང་གི་རྩིག་ལྡེབས་ངོས་སུ་ “ བོད་རང་བཙན་ཡིན། ”ཞེས་ཡི་གེ་སྦྱར་བའི་གནས་ཚུལ་བྱུང་ཡོད་སྟབས། ཕྱི་ཚེས་ ༡༡ ཉིན་མཛོ་སྒང་རྫོང་ནས་ཉེན་རྟོག་པ་དང་དམག་མི་མང་པོ་འབྱོར་ཏེ། ངོ་རྒོལ་ལས་འགུལ་དང་སྦྱར་ཡིག་བཀྲམས་པའི་ཉེས་འཛུགས་འོག་ས་གནས་ཀྱི་བོད་མིོ་ ༦ འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་མ་ཟད། ཉེན་རྟོག་པས་བོད་མི་ཚོར་གང་བྱུང་གཅར་རྡུང་བཏང་སྟེ་མི་གཉིས་ཀྱི་རྩིབ་མ་བཅག་པ་དང་། བོད་མི་གཞན་ཞིག་གི་ལག་པ་བཅག་ཡོད་འདུག
དེ་བཞིན། ཉིན་དེར་སྨར་ཁམས་རྫོང་སྤོམ་པ་ཤང་བྲག་རྡིབ་དགོན་པའི་གྲྭ་པ་ཁག་ཅིག་གིས་ཀྱང་། ༧གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས་པ་དང་བོད་ལ་རང་བཙན་དགོས་ཞེས་སྐད་འབོད་བྱས་ཏེ། ཉེན་རྟོག་པས་དེ་མ་ཐག་ས་གནས་སུ་དམག་མི་འགྲེམས་འཇོག་གིས་དམ་དྲག་བྱས་རྗེས། དགོན་པའི་གྲྭ་ ༦ འཛིན་བཟུང་བཙན་ཁྲིད་བྱས་ཏེ། ད་ཆར་བོད་མི་དེ་དག་གང་དུ་བཀག་ཉར་བྱས་ཡོད་མེད་དང་གནས་སྟངས་གང་འདྲ་ཆགས་མིན་སོགས་ཞིབ་ཕྲའི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག
བསྟན་དགྲ་རྒྱ་དམར་གྱི་འོག་ཏུ།།
བོད་པ་གསོན་ཐབས་ཤིག་མི་འདུག།
མ་ཤི་གསོན་ལམ་ཞིག་ཡོད་ན།།
ཐབས་དེ་ཞལ་གསལ་ཞིག་གསུང་རོགས།།
སྔར་ནས་ས་གནས་འདིའི་ཁུལ་ནས། སྔ་ཕྱི་རིམ་པའི་ཡར་ལང་བྱེད་བཞིན་ཡོད་ནའང་། མེ་སྲེག་གི་ལས་འགུལ་ཤུགས་ཆེ་སོང་བ་ཡིན་ན་མི་ཤེས། དེ་ཙམ་ཞིག་དོ་སྣང་དང་། རྒྱབ་སྐྱོར་གྱི་རྣམ་པ་སྟོན་མཁན་ཉུང་ཉུང་རེད།