ཁ་སང་སྔ་དྲོར་རྔ་པ་སྤྲོ་ཚིགས་རྡོ་བ་སྡེ་བའི་ངྷཱི་ཕུ་དགོན་པའི་གྲྭ་བསང་བདག་ལགས་ཀྱིས། རྔ་པ་རྫོང་མཁར་གྱི་གཞུང་ལམ་སྟེང་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེ་བསྲེགས་གནང་ཡོད་འདུག
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་ལ། ཁ་སང་ཕྱི་ཚེས་ ༢༥ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་ལ། བོད་མདོ་སྨད་རྔ་པ་རྫོང་སྤྲོ་ཚིགས་ཡུལ་ཚོའི་རྡོ་བ་སྡེ་བའི་དར་ཁོ་ཚང་གི་དྷཱི་ཕུ་དགོན་པའི་གྲྭ་གསང་བདག་ལགས་ཀྱིས། རྔ་པ་རྫོང་མཁར་གྱི་ལྷོ་ཕྱོགས་སུ་འགྲོ་སའི་གཞུང་ལམ་སྟེང་། རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་ཡོད་འདུག
གནས་ཚུལ་དེ་བྱུང་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་འབྱོར་ཏེ་ཁོའི་ལུས་ཀྱི་མེ་བསད་དེ་རྔ་པའི་སྨན་ཁང་དུ་ཁྱེར་འདུག་ཀྱང་། དེ་གར་ཡུན་རིང་མ་བཞག་པར་ས་གནས་གཞན་ཞིག་ཏུ་གནས་སྤོར་ཡོད་འདུག དེ་རྗེས་ཁོང་གི་ཤི་གསོན་གནས་ཚུལ་དང་། རང་ལུས་མེར་བསྲེགས་སྐབས་སྐད་འབོད་ག་རེ་གནང་ཡོད་མེད། དེ་བཞིན། ནང་མིའི་གནས་ཚུལ་སོགས་ཤེས་རྟོགས་ཐུབ་མེད་པ་དང་། གནས་ཚུལ་དེ་བྱུང་མ་ཐག་རྔ་པའི་རྫོང་མཁར་ཡོངས་ལ་དྲག་ཆས་ཉེན་རྟོག་པ་སོགས་ འགྲེམས་འཇོག་གིས་དམ་དྲག་ཆེན་པོ་བྱས་ཡོད་ཀྱང་། ཡུན་རིང་མ་སོང་བར་ཕྱིར་བསྡུ་བྱས་ཏེ་དམ་དྲག་གི་གནས་སྟངས་མངོན་གསལ་མིན་པ་བཟོས་ཡོད་འདུག
དྷཱི་ཕུ་དགོན་པའི་མིང་ཆ་ཚང་ལ་དྷཱི་ཕུ་དགོན་དགེ་ལེགས་གཏེར་མཛོད་གླིང་ཞེས་པ་ཡིན་ཞིང་། དྷཱིཿཕུ་ཆོས་རྗེས་ཕྱག་བཏབ་གནང་མཛད་པ་དང་། ཆོས་བརྒྱུད་ས་སྐྱ་པ་དང་། དེང་སྐབས་དགེ་འདུན་ཞལ་གྲངས་ ༥༠༠ ཙམ་ཡོད་འདུག
རྒྱལ་གཅེས་དཔའ་བོ་གྲྭ་གསང་བདག་ལགས་ལ་གུས་འདུད་ཞུ་རྒྱུ་དང་། ཁོང་གི་ནང་མི་སྤུན་ཉེ་ཚང་མར་གདུང་སེམས་མཉམ་སྐྱེ་དང་སེམས་གསོ་ཞུ་གི་ཡོད།