མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལྟ་གྲུབ་ཀྱི་གླེང་གཞིའི་ཁྲོད་དུ་མྱུལ་མའི་གསང་ལམ་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

འབྲོང་དཀར་པོ།

འགའ་ཞིག་གིས་དེང་སྐབས་ངྷ་སའི་སྐོར་ལམ་འགྲམ་གྱི་སྤྲེའུ་དེ་ཚོས་ཀྱང་རང་བཙན་གྱི་ལྟ་བ་ཡོད་མདོག་གིས་གླིང་སྐོར་ལ་ཕེབས་བཞིན་པའི་རྒན་ཁོག་དེ་ཚོར་རྫིག་ཉམས་འདྲ་སྟོན་གྱི་འདུག་ཟེར། ཡང་ལ་ལས་ཁྲོམས་ལམ་གྱི་ཁྱི་འཁྱམ་དེ་ཚོས་ཀྱང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་མདོག་གིས་༸རྒྱལ་བའི་ཕོ་བྲང་གི་སྒོ་འགྲམ་ནས་མཇུག་མ་གཡུག་བཞིན་འདུག་ཟེར། དངོས་གནས་མི་མང་པོ་ཞིག་གིས་ངྷ་སའི་ཁོར་ཡུག་འདི་ཡ་མཚན་དང་ངོ་ཚར་གྱིས་ཁེངས་པའི་ཁོར་ཡུག་ཅིག་རེད་ཟེར་བ་ཅིས་མི་བདེན། ངའི་གྲོགས་པོ་ཞིག་གིས་གལ་ཏེ་འཇིག་རྟེན་འདིར་འགན་གཅིག་ཀྱང་འཁུར་མི་དགོས་པར་ཆེ་གཏམ་དང་རྫིག་གཏམ་ག་རེ་ཤོད་འདོད་པ་ཐམས་ཅད་ཤོད་རྐྱང་བྱེད་སའི་ཁོར་ཡུག་ཅིག་ཡོད་ན་དེ་ནི་ངྷ་སའི་ཁོར་ཡུག་འདི་ཡིན་པར་ཐེ་ཚོམ་མེད་ཅེས་བརྗོད་ཀྱི་འདུག ཀུ་རེའི་ཚུལ་གྱིས་བརྗོད་པའི་སྐད་ཆ་འདི་ཚོར་དོན་དངོས་དང་མཐུན་པའི་གནས་ལུགས་རེ་ཡོད་མེད་མི་ཤེས་ཀྱང་སྐད་ཆ་འདི་ཚོ་ཐོས་སྐབས་མགོ་བོ་ནང་དུ་གུག་ཙམ་མི་བྱེད་ཐབས་མེད་རེད་འདུག

ད་ནི་གསང་ལམ་གྱི་སྐད་ཅོར་དེ་ཚོར་ཁ་ཡ་མ་བྱས་པར་རང་ངོས་ནས་གླེང་འདོད་པའི་གཏམ་གྱི་སྒོ་མོ་ཕྱེ་ན། ཉེ་བའི་ལོ་ཤས་སམ་ལྷག་པར་འདི་ལོའི་ནང་རང་བཙན་དང་དབུ་མའི་བར་གྱི་རྩོད་གླེང་འདི་ཤུགས་ཆེ་རུ་འགྲོ་དོན་ཅི་ཡིན་ནམ། མི་མང་པོ་ཞིག་གིས་དྲི་བ་འདིར་ལན་སྟབས་བདེ་བོའི་ཐོག་ནས་རྒྱག་རྒྱུ་ཡིན་པ་ངས་ཚོད་དཔག་བྱེད་ཐུབ་ཀྱི་འདུག དེ་ནི་ཉེ་བའི་ལོ་ཤས་ནང་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་དམ་དགུར་བྱས་ཀྱང་འདི་ཡིན་གྱི་གྲུབ་འབྲས་མ་བྱུང་བས་མི་རྣམས་ཡིད་ཐང་ཆད་པ་རེད་ཅེས་བརྗོད་སྲིད། ཡང་ན། བོད་མི་མང་པོ་ཞིག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་སྡོད་འདོད་མེད་པས་རེད་ཅེས་བརྗོད་ཀྱང་སྲིད། འདི་འདྲའི་བསམ་ཚུལ་འཁྱེར་ནས་རང་བཙན་གྱི་འཐབ་རྩོད་རྒྱུན་འཁྱོང་བྱེད་མཁན་གྱི་བོད་མི་ལོས་ཀྱང་ཡོད།

ཡིན་ནའང་དེ་རིང་སང་ཉིན་གྱི་བཙན་བྱོལ་བོད་མིའི་དཀྱིལ་འཁོར་གྱི་རྭ་བའི་ནང་ནས་བསྒྲགས་པའི་རང་བཙན་གྱི་འབོད་སྒྲ་ཚང་མའི་རྒྱབ་ཏུ་སྐུལ་སློང་འདི་འདྲ་ཡོད་པར་བརྗོད་རྒྱུ་ནི་ལས་སླ་པོ་ཞིག་ག་ལ་ཡིན། དེ་ལྟར་ན་ང་ཚོས་ཉེ་བའི་སྤྱི་ཚོགས་ཀྱི་འགྱུར་རིམ་འགའ་ཤས་ཀྱི་ཐོག་བསམ་གཞིག་ངེས་པར་དུ་བྱེད་དགོས། ཕྱི་ལོ་ ༢༠༠༢ ནས་མགོ་བཙུགས་པའི་བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་ནང་མགོ་སྟོད་དུ་རྒྱ་ཕྱོགས་ནས་སྔར་བཞིན་རྒྱལ་སྤྱིའི་ནང་༸གོང་ས་མཆོག་དང་བཙན་བྱོལ་སྲིད་གཞུང་གི་ལངས་ཕྱོགས་ནི་ཁ་ཞེ་མི་མཚུངས་པ་ཡིན་ཚུལ་དྲིལ་བསྒྲགས་བྱེད་པ་ཙམ་དུ་མ་ཟད། ནང་མོལ་གྱི་སྐབས་སུའང་དེ་མཚུངས་ཀྱི་སྐྱོན་བརྗོད་དོན་ཚན་མང་པོ་དྲངས་མྱོང་ཡོད། དུས་སྐབས་དེའི་ནང་རྒྱ་ཕྱོགས་ནས་༸གོང་ས་མཆོག་གི་དབུ་ཁྲིད་འོག་རྩོད་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཁ་ཞེ་མི་མཚུངས་པ་ཞིག་ཡིན་པའི་གཟུགས་བརྙན་བསྐྲུན་ཐབས་ལ་དངོས་ཤུགས་བརྒྱུད་གསུམ་ནས་འབད་པ་སྣ་ཚོགས་བྱས་ཡོད། ༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་ངོས་ནས་དེ་ལས་ལྡོག་སྟེ་བཟང་ཕྱོགས་ཀྱི་ཁོར་ཡུག་བསྐྲུན་པའི་ལས་འགུལ་སྤེལ་ཏེ་༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་དབུ་མའི་ལམ་གྱི་སྲིད་བྱུས་ནི་ཐོག་མཐའ་བར་གསུམ་དུ་ཁ་ཞེ་གཉིས་མེད་ཡིན་པའི་གཟུགས་བརྙན་གསལ་པོ་ཞིག་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བསྐྱལ་ཐུབ་པ་བྱུང་ཡོད་པས་ཀྲུང་དབྱང་སྲིད་གཞུང་གི་གཡོ་སྒྱུའི་གདོང་རིས་ངོ་མ་གསལ་སྟོན་བྱས་པར་བརྟེན་བོད་རྒྱ་འབྲེལ་མོལ་ཐེངས་མ་བཞི་པ་ལྔ་པའི་སྐབས་༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ལ་ཁ་ཞེ་གཉིས་མེད་ཡིན་པ་ནང་ཁུལ་ཁས་ལེན་མི་བྱེད་ཐབས་མེད་བྱུང་ཡོད། ཡིན་ནའང་ད་དུང་བོད་རྒྱའི་བར་གནས་དོན་ཆེན་པོ་གཉིས་ཀྱི་ཐོག་ནས་གྲོས་མོལ་ཡོང་ཐུབ་ཀྱི་མེད། དེ་ནི་ལོ་རྒྱུས་ཀྱི་ཐོག་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་པར་ཁས་ལེན་མ་བྱས་པ་དང་། བོད་རིགས་ཡོང་རྫོགས་རང་སྐྱོང་གི་འཛིན་སྐྱོང་གཅིག་གི་འོག་དགོས་པའི་དམ་བཅའ་བརྟན་པོར་སྲུངས་པས་རེད།

༸གོང་ས་མཆོག་གིས་དབུ་ཁྲིད་པའི་གཞུང་མང་གཉིས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཁ་ཞེ་གཉིས་མེད་ཡིན་པ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གཟུགས་བརྙན་བསྐྲུན་ཐུབ་པ་བྱུང་བ་དང་། ཕྱི་ལོ་ ༢༠༠༨ ལོར་བོད་མདོ་དབུས་ཁམས་གསུམ་གྱི་བོད་མི་ཡོངས་ནས་ཞི་བའི་ངོ་རྒོལ་གནང་བ་བཅས་ཀྱིས་ཀྲུང་དབྱང་སྲིད་གཞུང་བྱ་དཀའ་བྱེད་གཏད་ཀྱི་གནས་སུ་གྱར་ཡོད།

ད་ནི་ཀྲུང་དབྱང་སྲིད་གཞུང་རྒྱལ་སྤྱིའི་སྡིངས་ཆའི་སྒང་དུ་གཡོ་སྒྱུ་ཞིག་ཀྱང་འཁྲབ་མི་ཤེས་པར་གྱུར་ཡོད། ཕྱོགས་གཅིག་ནས་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་སྲོལ་རྩ་ཁྲིམས་ནས་མེད་པ་བཟོ་དགོས་པའི་འུ་ཐུག་གི་སྐད་ཆ་ཤོད་པ་དང་། ཕྱོགས་གཞན་ནས་ཏཱ་ལའི་བླ་མ་དང་ཁོང་གི་ཉེ་འཁོར་གྱི་མི་ཉུང་ཤས་ཤིག་གི་མདུན་ལམ་སྐོར་ལས་ལྷག་པའི་ཁོང་དང་ཀྲུང་དབྱང་སྲིད་གཞུང་བར་སྐད་ཆ་གང་ཡང་ཤོད་རྒྱུ་ལྷག་མེད་ཅེས་པའི་སྐད་ཆ་རྙིང་པ་དེ་སླར་ཡང་ཤོད་དགོས་པ་བྱུང་། དུས་སྐབས་འདི་འདྲ་ཞིག་ཏུ་༸གོང་ས་མཆོག་གིས་རིང་ནས་སྙིང་དུ་བརྣག་པའི་ཐུགས་དོན་ཆེན་པོ་ཞིག་སྟེ་ཁོང་གིས་ཆབ་སྲིད་ཀྱི་ཐུགས་འགན་མི་མང་ལ་བརྩིས་འབུལ་ཞུ་བའི་དུས་སྐབས་སུ་སླེབས། ད་ནི་ཀྲུང་དཀྱང་སྲིད་གཞུང་གིས་ཏཱ་ལའི་བླ་མ་སྒེར་གྱི་མདུན་ལམ་གླེང་བ་ཞེས་པའི་སྐད་ཆ་དེ་ཤོད་སའི་གཞི་རྩ་མེད་པར་གྱུར་སོང་།

ཁོང་ཚོས་ཏཱ་ལའི་བླ་མར་མཚན་དམས་ཞུ་བའི་ལས་འགུལ་སྔར་ལས་ཤུགས་ཆེར་སྤེལ་མགོ་ཚུགས་པ་མ་ཟད། འཐབ་ཕྱོགས་གཅིག་གྱུར་ཁང་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་གཏོར་བཤིག་གཏོང་རྒྱུའི་སྒྲིག་འཛུགས་ཤིག་ཀྱང་བཙུགས་ཡོད། ཕྱི་ལོ་ ༢༠༡༠ ལོའི་ཀྲུང་གོའི་བོད་རིག་པ་དུས་དེབ་འདོན་ཐེངས་གཉིས་པའི་ནང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁ་གཏོར་གཏོང་བའི་བྱེད་ཕྱོགས་སྐོར་གསལ་སྟོན་བྱས་ཡོད། དཔེ་མཚོན་ཙམ་ཞིག་ཞུས་ན། “ཏཱ་ལའི་རུ་ཚོགས་དང་འགྲན་རྒོལ་བྱེད་ཐུབ་པའི་ཕྱི་སྡོད་བོད་རིགས་སྤུན་ཟླའི་སྟོབས་ཤུགས་གསོ་སྐྱོང་བྱེད་དགོས་”  “ཕྱི་སྡོད་བོད་རིགས་སྤུན་ཟླ་མེས་རྒྱལ་ལ་སེམས་ཕྱོགས་པ་འགུག་ཐབས་བྱེད་དགོས་པ་”  “དུས་རབས་ ༢༠ ལོ་རབས་ ༨༠ ནས་བཟུང་རྒྱལ་ཁབ་ནས་ཕྱིར་སོང་སྟེ་ཕྱི་རྒྱལ་དུ་གནས་སྡོད་བྱས་ཡོད་པའི་བོད་རིགས་སྤུན་ཟླའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་།  ཁོང་ཚོ་དང་འབྲེལ་བ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་”  “ཕྱི་སྡོད་བོད་རིགས་ཀྱི་མི་རབས་གཉིས་པ་དང་གསུམ་པའི་འབྲེལ་གཏུག་གི་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་།  གྲོགས་པོ་གསར་པ་གཏིང་ཟབ་དང་།  གང་མང་འགྲིགས་དགོས་པ་”  “ཐོག་མཐའ་བར་གསུམ་དུ་དབྱེ་བ་ཡོད་པའི་སྤྱོད་ཚུལ་འཛིན་པ་དང་།  འགལ་ཟླ་བེད་སྤྱོད་བྱེད་པ།  ནང་དཀྲུག་ཁ་གཏོར་བྱེད་པའི་རྩ་དོན་དེ་ཕྱི་སྡོད་བོད་རིགས་སྤུན་ཟླའི་ལས་དོན་གྱི་རིམ་པ་ཁག་གི་ནང་ཁྱབ་དགོས་” ཞེས་སོགས་ཀྱི་སྲིད་བྱུས་འོག་ལས་དོན་སྒྲུབ་མགོ་ཚུགས་ཡོད།

ཏག་ཏག་དུས་ཡུན་རིང་པོ་མ་སོང་བར་ཁོང་ཚོས་དངོས་སུ་ལག་བསྟར་བྱས་ཡོད། ལོ་མང་རིང་ཀྲུང་དབྱང་ནས་གསོ་ཉར་གཅེས་སྐྱོང་བྱས་པའི་རྒྱ་འདྲེ་དོལ་རྒྱལ་ཕྱོགས་གཏོགས་པ་དངོས་སུ་བེད་སྤྱོད་བཏང་སྟེ་༸གོང་ས་སྐྱབས་མགོན་ཆེན་པོར་མཚན་སྨད་ཞུ་བའི་མགྲིན་ཚབ་པར་བསྐོ་གཞག་བྱས་ཡོད་པ་བཞིན་ད་ལྟ་ལས་དོན་སྒྲུབ་མུས་ཡིན། ད་དུང་ལོ་རབས་བརྒྱད་བཅུ་པ་ནས་བཟུང་ཕྱིར་སོང་བའི་བོད་རིགས་མི་རབས་གཉིས་པ་དང་གསུམ་པ་བེད་སྤྱད་དེ་རང་བཙན་གྱི་ལྟ་བ་འཛིན་མཁན་དང་དབུ་མའི་ལམ་གྱི་ལྟ་བ་འཛིན་མཁན་བར་འགལ་ཟླ་བཟོས་ཏེ་ཕན་ཚུན་གདོང་ཐུག་གིས་གླེང་ཕྱོགས་སྤེལ་རེས་བྱེད་དུ་འཇུག་གི་ཡོད། བཙན་བྱོལ་སྤྱི་ཚོགས་ནང་གི་དྲ་རྒྱ་དང་། རླུང་འཕྲིན། བརྙན་འཕྲིན་སོགས་རྒྱུ་ལམ་འདྲ་མིན་གྱིས་གོང་གསལ་འཐབ་ཕྱོགས་གཅིག་གྱུར་ཁང་གི་ལས་དོན་དེ་ཚོར་ཞབས་འདེགས་ག་ཚོད་ཞུས་ཡོད་པ་ནི་གསལ་པོ་རེད།

འཐབ་ཕྱོགས་གཅིག་གྱུར་ཁང་གིས་དབུ་མ་དང་རང་བཙན་གྱི་ལྟ་གྲུབ་བར་འགལ་ཟླ་བཟོ་བར་དམིགས་ཡུལ་ཆེན་པོ་གསུམ་ཡོད། དང་པོ། བཙན་བྱོལ་སྒྲིག་འཛུགས་ཀྱི་དབུ་མའི་སྲིད་བྱུས་དེ་ཁ་ཞེ་མི་མཚུངས་པ་ཡིན་པ་རྒྱལ་སྤྱིའི་ནང་གསལ་སྟོན་བྱ་རྒྱུ། གཉིས་པ། ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་ད་ལྟ་ལག་བསྟར་བྱེད་བཞིན་པའི་རང་སྐྱོང་དེ་ཉིད་འོས་འཚམས་ཡིན་པ་གསལ་སྟོན་བྱ་རྒྱུ། གསུམ་པ། ལྟ་གྲུབ་ཀྱི་འགལ་ཟླའི་ཐོག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྟོབས་ཤུགས་ཁ་གཏོར་གཏོང་རྒྱུ་བཅས་རེད། ལོ་ངོ་འདི་ཚོའི་རིང་གི་རང་བཙན་དང་དབུ་མ་ཁ་ལ་འཁྱེར་བའི་རྩོམ་ཡིག་དང་། གཏམ་བཤད་དེ་ཚོར་ཞིབ་མོའི་བློས་བརྟག་དཔྱད་བྱས་ན། ཀྲུང་དབྱང་སྲིད་གཞུང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་གསལ་པོ་རེད། རྩོམ་ཡིག་དང་གཏམ་བཤད་འདི་ཚོའི་ཁྲོད་དུ་རང་བཙན་དང་དབུ་མའི་ལང་ཕྱོགས་སོ་སོ་ཡིན་ནའང་བོད་མི་རིགས་ཀྱི་རྩ་དོན་ཐོག་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་འཐབ་རྩོད་བྱེད་མཁན་གྱི་མི་ལྷག་བསམ་ཅན་དེ་ཚོའི་ཆེ་མཐོང་བོར་བརླག་ཤོར་བ་དང་། ལྟ་གྲུབ་ཀྱི་འགལ་ཟླའི་ཁྲོད་ནས་གཞི་རིམ་མང་ཚོགས་ཀྱི་འཐབ་རྩོད་སེམས་ཤུགས་ཉམས་ཞན་དུ་བཏང་བ། རང་བཙན་གྱི་འབོད་སྒྲའི་འོག་ནས་༸གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ལ་མཚན་དམས་ཞུས་པ། དེ་སྔ་ཀྲུང་དབྱང་སྲིད་གཞུང་ནས་༸རྒྱལ་པཎ་གཉིས་བར་འགལ་ཟླ་བཟོས་པ་བཞིན་དེང་སྐབས་༸གོང་ས་སྐུ་གོང་མའི་མཚན་ཐོག་ནས་རང་བཙན་གྱི་དར་ཆ་མཐོན་པོར་འཕྱར་ཁུལ་གྱིས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབས་ཟང་ཟིང་བཟོ་བ་དང་། ༸རྒྱལ་དབང་བཅུ་གསུམ་པ་དང་བཅུ་བཞི་པའི་བར་ལོ་རྒྱུས་རང་བཞིན་གྱི་འགལ་ཟླ་བཟོ་བ། རང་བཙན་དང་དབུ་མའི་ལྟ་བ་མི་འདྲ་བའི་ཚོགས་པ་དང་སྐྱིད་སྡུག་བར་གྱི་འཆམ་མཐུན་གཏོར་བཤིག་བཏང་བ་སོགས་ནི་ང་ཚོའི་གྱོང་གུན་དང་ཀྲུང་དབྱང་སྲིད་གཞུང་གི་རྒྱལ་ཁ་རེད།

ད་དུང་དེ་ལས་ཀྱང་ཐབས་སྡུག་པ་ནི་རྩོམ་ཡིག་དང་གཏམ་བཤད་མང་པོ་ཞིག་གིས་བཙན་བྱོལ་སྒྲིག་འཛུགས་ཀྱིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་རང་སྐྱོང་རྩོད་པ་ནི་ད་ལྟའི་རང་སྐྱོང་གི་གནས་བབས་ལས་ལྷག་པ་གང་ཡང་མེད་ཚུལ་བརྗོད་དེ་ཀྲུང་དབྱང་གིས་བོད་ལ་ལག་བསྟར་བྱེད་བཞིན་པའི་རང་སྐྱོང་གི་གནས་བབས་ལ་དོན་གྱི་ཆེ་མཐོང་སྤྲད་པ་དང་། བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་བྱུས་ཁ་ཞེ་མི་མཚུངས་པ་ཡིན་པ་རྒྱལ་སྤྱིའི་ཐོགས་གསལ་སྟོན་བྱ་རྒྱུར་རམ་འདེགས་བྱས་པ་སོགས་རེད། འཁྲབ་ཚན་འདི་ཚོའི་ཁྲོད་དེ་སྔ་ཆབ་སྲིད་ལ་ཐུགས་སྣང་མེད་ཟེར་མཁན་གྱི་མཁས་པ་དང་། རྩོམ་པ་པོ་མང་པོ་ཞིག་ལ་ཆབ་སྲིད་ཐོག་ཁ་གྲགས་བཅུག་སོང་ལ། ད་དུང་མཁས་དབང་དང་སློབ་དཔོན་ཆེན་པོའི་མིང་ཡོད་པའི་ཕྱི་གླིང་བ་དེ་འདྲ་ཡང་བེད་སྤྱོད་བཏང་སོང་། འདི་ལྟར་བསམ་གཞིགས་བྱེད་སྐབས་ད་ལྟའི་ང་ཚོའི་གནས་བབས་ནི་ཧ་ཅང་ཛ་དྲག་རེད་འདུག

མཆན། 34

  1. གྲྭ་ལོག says:
    ལོ་ 10 སྔོན།

    ཧཧཧཧཧ འདི་ནས་མཚམས་འཇོག་མ་བྱས་དུས་ལུང་རྟོགས་ཀྱི་རྩམ་ཁུག་རླུང་གིས་འཁྱེར་ན་ངོ་རེ་ཚ། ཧཧཧཧཧ

    Reply
  2. ལུང་རྟོགས། says:
    ལོ་ 10 སྔོན།

    བཙན་བྱོལ་གཞུང་གིས་དར་དམར་འཕྱར་བ་ཞིག་ཁྱོད་རང་གིས་རྨི་ལམ་གཏོང་བ་ཡིན་ན་ལས་གཞན་སུས་ཀྱང་མཐོང་ཐོས་མེད་པ་ཞིག་རེད། སྲིད་སྐྱོང་གིས་རྒྱ་ནག་མི་མང་ང་ཚོའི་ཁ་གཏད་མིན་པར་གསུང་ཡོད་པ་བདེན་ཡང་རྒྱ་ནག་གཞུང་ཁ་གཏད་མིན་པ་ཞིག་ནམ་ཡང་གསུངས་མྱོང་མེད། ཤར་ཁུག་ཁྱེད་ཚོས་དངོས་ཡོད་ལ་རྫུན་བཟོ་བྱས་པ་ནི་རང་ཉིད་ངལ་བའི་རྒྱུ་ཙམ་དུ་ཟད་དོ།

    གཤམ་གྱི་ཁྱེད་རང་གི་སྐད་ཆ་དེ་ཚོ་ནི་སྨྱོན་པའི་སྐད་ཆ་ལྟ་བུ་ལས་གནས་ལུགས་དང་རྒྱུ་མཚན་ཡོད་པ་སྣ་གཅིག་མི་འདུག་ལ། མཐའ་ན་གོ་བརྡ་ཡག་པོ་ཞིག་སྤྲད་ཐུབ་པའི་ནུས་པ་ཡང་མི་འདུག་པས་ལེན་འདེབས་པའི་ངལ་བ་སྟེན་མི་འདོད་དོ། ལར་ནས་གནས་ལུགས་མེད་ཀྱང་ཨུ་ཚུག་དང་མཁྲེགས་འཛིན་ལ་དགའ་བའི་མི་ཁྱོད་ལྟ་བུ་དང་བགྲོ་གླེང་བྱེད་པ་ནི་དུས་ཚོད་འཕྲོ་བརླག་ལས་མི་འདུག་པས་འདི་ནས་མཚམས་འཇོག་བྱས་པ་ཡིན་ནོ།།

    Reply
  3. གླག་ཕྲུག says:
    ལོ་ 10 སྔོན།

    ཨོ་་་་ད་ཡིན་ན་ཁྱི་རྒན་གྱིས་ཤེས་ནས་སྐད་ཅོར་རྒྱག་པ་དང་ཁྱི་ཕྲུག་ཚོས་མ་ཤེས་ནས་སྐད་ཅོར་རྒྱག་པ་གཉིས་ལ་ཁྱད་པར་མི་འདུག་གམ། བླང་དོར་གྱི་ཤེས་རབ་མེད་ན་གང་ནས་ཡོང་།

    Reply
  4. གྲྭ་ལོག says:
    ལོ་ 10 སྔོན།

    བཙན་བྱོལ་བོད་གཞུང་གིས་དར་དམར་འཕྱར་ནས་རང་སྐྱོང་རྩོད་བཞིན་པ་རེད། སྲིད་སྐྱོང་གསར་པས་རྒྱ་ནག་རྒྱལ་ཁབ་དང་མི་མང་ཁ་གཏད་མིན་ཞེས་གསུངས་འདུག་པ་ཤར་ཁུག་གི་དོན་ཚན་བཅུ་གཉིས་ནང་དྲངས་འདུག ད་ཁྱོད་ལུང་རྟོགས་ནས་འཕྱར་ན་མ་འཕྱར་ན་སང་ཉིན་རྒྱ་ནག་གཞུང་གིས་ཤོག་ལབ་ན་འགྲོ་རྒྱུ་མ་གཏོགས་ཐབས་ཤེས་ག་རེ་ཡོད། ཧཧཧཧཧ

    དྲང་པོར་ཞུས་ན། དར་དམར་འདིས་དབུས་གཙང་ཁུལ་ལ་པེད་ཤག་དམར་པོའི་ཆར་བ་ཤག་ཤག་བབས་ཡོད་པ་རེད་ལགས། ཁྱེད་ལོ་རྒྱུས་མི་ཤེས་མཁན་ཞིག་གིས་ཅི་ཤེས། ༡༩༤༩ སྔོན་དུ་བོད་མི་ག་ཚོད་ཤི་སོང། མདོ་ཁམས་སྟོད་སྨད་ནས་ཤི་བ་གྲངས་ཀྱིས་ཟིན་ནམ། ༡༩༥༨ ལོར་གནམ་རྡིབ་མ་སོང་ངམ། སྡེ་བ་གཞུང་གིས་དམག་རོགས་བཏང་སོང་ངམ། ༡༩༥༢ ལོ་དར་དམར་འདི་སྡེ་བ་གཞུང་གི་ས་ལ་བཙུགས་པ་རེད། དེ་ནས་དེ་རིང་བར་དར་དམར་འདིའི་འོག་ནས་ཕྱི་བལྟས་གནམ་ས་བླ་འོག་བརྗེས་མ་སོང་ངམ། མངོན་སུམ་ལ་བསྙོན་ཐུབ་བམ། དར་དམར་ལ་ཐབས་མཁས་ཀྱིས་ངོ་བསྟོད་ཞུས། དར་དམར་གྱིས་པེད་ཤག་དམར་པོའི་ཆར་བ་བབས། དེ་ཤེས་མ་སོང་ངམ། ཧཧཧ ད་དུང་ལག་དམར་ཧུའུ་ཅིན་ཐོའི་སྐུ་པར་ཕྲ་ལེམ་མེར་བཤམས་ནས་ཀུན་དགའ་ར་བའི་ནང་བཞུགས་མི་འདུག་གམ། གནས་བབ་དེའི་འོག་ནས་དར་དམར་འཕྱར་ནས་ཆོལ་གསུམ་རང་སྐྱོང་གཅིག་ཏུ་སྒྲིལ་བ་ལ་རྒྱུ་མཚན་མི་འདུག་གམ།

    ཁྱེད་རང་ཁྲག་མདོག་ཡིན་པ་ཙམ་ལ་མ་ཞེད་ཅིག ཧཧཧཧ

    Reply
  5. ལུང་རྟོགས། says:
    ལོ་ 10 སྔོན།

    དར་དམར་འདིས་བོད་ལ་ཆགས་སྒོ་ཁྱེར་ཡོང་བ་རེད་ལ། དབུས་གཙང་ཁུལ་ལ་བཙན་གནོན་སྤྲད་ཡོད་པ་རེད། དར་དམར་འདི་ཀྲུང་གོ་གུན་ཁྲན་ཏང་གི་དར་ཆ་ཡིན་པ་ལས་བོད་གངས་ཅན་པའི་དར་ཆ་མིན། དར་དམར་འདིས་འོག་ནས་བོད་མི་འབུམ་ཕྲག་མང་པའི་ཚེ་སྲོག་འཕྲོག་སོང་ལ་བརྒྱ་སྟོང་མང་པོས་མནར་གཅོད་མྱངས་དང་མྱོང་བཞིན་པ་ཡིན། འདི་ལས་ལྷག་པའི་དར་དམར་ཁྱེར་འདོད་མེད་པའི་རྒྱུ་མཚན་ཞིག་དགོས་པ་འདུག་གམ་གྲྭ་ལོག་མགོ

    Reply
  6. གྲྭ་ལོག says:
    ལོ་ 10 སྔོན།

    ད་བྱས་དུས་ཁྱེད་ཚོར་དར་དམར་འཁྱེར་འདོད་མེད་པའི་རྒྱུ་མཚན་ཡང་དག་ཅིག་མེད་པ་གསལ་བོ་ཆགས་སོང།།

    Reply
  7. གྲྭ་ལོག says:
    ལོ་ 10 སྔོན།

    ད་ལུང་རྟོགས་ཀྱི་ནང་སྙིང་རྫོགས་ཟིན་པ་འདྲ། ཁྱད་པར་མི་འདུག་ངལ་གསོ་རྒྱག་རོགས།

    ངས་བསམ་དར་དམར་འདིས་བོད་ལ་ག་རེ་འཁྱེར་ཡོང་བ་རེད། ལྷག་པར་དབུས་གཙང་ཁུལ་ལ་ག་རེ་སྤྲད་ཡོད་པ་རེད་དམ། འདིའི་ཐད་སྐད་ཆ་དྲང་པོར་བཤད་ཐུབ་མཁན་ཡོད་དམ།། ཧཧཧཧ

    Reply
  8. འཇམ་གཅེས ། says:
    ལོ་ 10 སྔོན།

    གཞུང་གིས་དར་དམར་ཕྱར་བས་ལྷག་ཡིག་ཐོག་ནས་རྒྱ་ནག་གི་ཆ་ཤས་སུ་འདུག་རྒྱུའི་བརྡ་ལན་གསལ་པོ་གནང་ཡོད་པ་རེད།

    དེའི་ཕྱིར་གླིང་ཚའི་དར་དམར་ཕྱར་འདི་ཡང་འོས་པ་ཡིན། རྒྱ་སྐྱོར་ཡོད་རྒྱ་ཆ100

    Reply
  9. ལུང་རྟོགས། says:
    ལོ་ 10 སྔོན།

    ཧཧཧཧཧཧ་་་ད་ངོ་མ་གྲྭ་ལོག་བཟི་སོང་བ་འདྲ། གཞུང་གིས་དར་དམར་འཕྱར་བ་ཞིག་ངས་གང་དུ་བཤད་འདུག ཧཧཧཧཧ

    Reply
  10. གྲྭ་ལོག says:
    ལོ་ 10 སྔོན།

    ཧཧཧཧ ད་ལུང་རྟོགས་ཁྱེད་ལ་འབབ། རང་སྐྱོང་བསམ་འཆར་གྱིས་དར་དམར་འཕྱར་ཟིན་པ་ཁྱེད་ནས་ངོས་ལེན་གནང་འདུག ཧཧཧཧ ད་འོ་ན་གླིང་ཚ་སྒེར་ནས་དར་དམར་འཕྱར་ཏེ་ཞི་བའི་དོན་ཚན་ལྔ་རྩོད་པར་དགག་བྱ་བྱེད་དོན་ག་རེ་ཡིན་ནམ། གཞུང་ནས་འཕྱར་ཟིན་པ་ཞིག་སྒེར་བས་འཕྱར་མ་ཆོག་པ་ག་རེ་ཡོད་པ་རེད་དམ། ཧཧཧཧ

    Reply
  11. ལུང་རྟོགས། says:
    ལོ་ 10 སྔོན།

    དར་དམར་དངོས་སུ་མ་ཕྱར་བ་ཙམ་ལས། རྒྱ་གཞུང་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ཀྱི་ཡོད་པ་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་སྐབས་སུ་བསམ་འཆར་ཡིག་ཆ་འགྲེལ་བ་དང་བཅས་པ་རྒྱ་གཞུང་ལ་སྤྲད་ཡོད་ཀྱང་། ད་དུང་རྒྱ་གཞུང་ནས་བོད་པས་རྣམ་པ་འགྱུར་བའི་རང་བཙན་རྩོད་ཀྱི་འདུག་ཅེས་སོགས་བཤད་ནས་རང་སྐྱོངས་རྩོད་ཀྱི་ཡོད་པ་ཁས་ལེན་ཙམ་ཡང་བྱས་མེད་ན། ད་ལྟ་དར་དམར་འཕྱར་བས་ཕན་ཐོག་ཡོད་མེད་ཁྱེད་རང་གིས་བསམ་བློ་ཐོང་དང་ཤེས་མདོག་ཁ་པོ་རེད་གྲྭ་ལོགས་ལགས། ཧཧཧ

    Reply
  12. གྲྭ་ལོག says:
    ལོ་ 10 སྔོན།

    ལུང་རྟོགས་ནས་བཙན་བྱོལ་སྒྲིག་འཛུགས་ཀྱིས་ཟེར་བ་དེ་ཡག་པོ་འདུག ང་ཚོའི་གཞུང་རེད། བརྩི་གདའ་བརྩི། ཡིན་ནའང། རྒྱུ་མཚན་ལ་བསམ་བློ་བཏང་མ་ཆོག་ག་རེ་ཡོད་པ་རེད། ཤར་ཁུག་སྒེར་བ་ཞིག་ཡིན་ན་བསམ་ཚུལ་ཡག་པོ་ཡོད་ཀྱང་རྩིས་མེད་གཏོང་དོན་ག་རེ་ཡིན། དབང་རྟུལ་དྲག་པོའི་རྗེས་སུ་མི་འབྲངས་རྒྱུ་ནི་རིག་པ་སྨྲ་བའི་དམ་ཚིག་རེད།

    དར་དམར་འཕྱར་ན་རྒྱ་གཞུང་ནས་སྔོན་མ་ལྟར་སྐྱོན་འཛུགས་བྱེད་སྲིད་པར་རྒྱུ་མཚན་ག་རེ་ཡོད་དམ། ཤོད་དང།།

    Reply
  13. ལུང་རྟོགས། says:
    ལོ་ 10 སྔོན།

    ཤར་ཁུག་གི་རྒྱུ་མཚན་བཅུ་གཉིས་དེ་དག་ནི་མདོར་བསྡུས་ན་དར་དམར་འཕྱར་བས་དབུ་མའི་ལམ་ནས་བོད་དོན་རྩོད་པ་ལ་ཕན་ཐོག་ཡོད་རབས་རྐྱང་རྐྱང་རེད། གལ་ཏེ་དེ་འདྲའི་ཕན་ཐོག་ཡོད་པ་ཡིན་ན་བཙན་བྱོལ་སྒྲིག་འཛུགས་ཀྱང་དབུ་མའི་ལམ་ལ་འགྲོ་བཞིན་ཡོད་པས་གངས་སྐྱིད་བཀའ་ཤག་གི་ཐོག་ཁར་ཡང་དར་དམར་ཅིའི་ཕྱིར་མ་བཙུགས་པ་རེད། བཙན་བྱོལ་སྒྲིག་འཛུགས་གིས་བསམ་བློར་མ་འཁོར་བ་ཞིག་ཤར་ཁུག་གིས་ཤེས་སོང་བ་ཨེ་རེད། ངོ་མ་གད་མོ་ཤོར་སྐྱེད་རང་རེད།

    Reply
  14. ལུང་རྟོགས། says:
    ལོ་ 10 སྔོན།

    གྲྭ་ལོག་ནི་གྲྭ་ལོག་རང་རེད་གྲྭ་པ་ལོག་ཚར་ན་ཡོང་རྒྱུ་འདི་ལས་ཅི་ཡོད། ཧཧཧ བཀྲས་མཐོང་མི་དགོས་སུ་འདྲ་གཅིག་གིས་བཤད་པ་ཡིན་ན་ཡང་དངོས་ཡོད་ནི་དངོས་ཡོད་རང་ཡིན་པས་འགྱུར་བ་འགྲོ་མི་སྲིད། གོང་ས་བཅུ་གསུམ་པའི་བསྒྲགས་གཏམ་ནང་བོད་རྒྱ་གཉིས་མཆོད་ཡོན་གྱི་འབྲེལ་བ་ལས་གཅིག་འོག་ལ་གཅིག་མེད་ཅེས་ཁ་གསལ་པོ་གསུང་ཡོད་བཞིན་དུ་ད་དུང་རང་བཙན་བསྒྲགས་གཏམ་མ་རེད་ཟེར་མཁན་ཞིག་ཡོད་ན་མི་དེ་རྩ་མ་ཚང་བ་ཞིག་ཡིན་པ་ཐག་ཆོད་རེད། ཤར་ཁུག་གིས་ཁྲག་དར་འཕྱར་བ་ལ་རྒྱ་མཚན་བཅུ་གཉིས་མ་དགོས་བརྒྱ་སྟོང་དྲངས་ཀྱང་རྒྱ་ནག་གཞུང་གིས་བོད་པས་རྣམ་པ་འགྱུར་བའི་རང་བཙན་རྩོད་ཀྱི་འདུག་སོགས་བཤད་སྟེ་རང་སྲིད་རང་སྐྱོངས་རྩོད་ཀྱི་ཡོད་པའི་ངོས་ལེན་ཙམ་ཡང་བྱེད་ཀྱི་མེད་པས་ཁྲག་དར་འཕྱར་ནས་གུང་ཁྲན་གཞུང་ལ་མགོ་བཏག་ཞུ་བར་འགྲོ་རྩིས་ཡིན་ན་མ་གཏོགས་གཞན་ཕན་ཐོག་ཏིལ་ཙམ་མེད་པ་ས་རིས་ཐང་གསལ་རེད། ད་དུང་ཁྱེད་རང་ལོང་བ་མིན་ན་དྲ་རྒྱ་ཁག་ལ་བལྟོས་དང་གླིང་ཚས་དར་དམར་འཕྱར་བ་ལ་རྒྱབ་སྐྱོར་བྱེད་མཁན་བོད་པ་ཇི་ཙམ་འདུག དངོས་ཡོད་གནས་ཚུལ་མིག་མདུན་ལ་མཐོང་བཞིན་དུ་ད་དུང་ཨ་ཚུག་རྒྱག་མཁན་དེ་ནི་ལྐུགས་རྟགས་ཙམ་ལས་ཅི་ཡང་མིན་ནོ། ཤར་ཁུག་གི་དོན་ཚན་བཅུ་གཉིས་ལ་དགའ་པ་མི་ཕོག་རྒྱུ་མེད་ཀྱང་འབྲི་བའི་དགོས་པ་མ་མཐོང་ལ་དུས་ཚོད་ཀྱང་མེད་པས་བཏང་སྙོམས་སུ་བཞག་པར་བྱའོ།

    Reply
  15. གསེར་འབྲུག་སྡེར་ལྔ་ says:
    ལོ་ 10 སྔོན།

    ཧ་ཧ། ང་ཚོས་སྐད་ཆ་བཤད་ས་ཀྲུང་ནན་ཧེའེ་མིན་ན་ཤར་ཁུག་ནང་བཞིན་ནང་ཁུལ་དབྱེན་དཀྲུགས་ཀྱི་སྐད་ཆ་རྐྱང་རྐྱང་བཤད་བསྡད་དགོས་པ་ཨེ་རེད། ཡང་ན་གྲྭ་ལོག་ཁྱོད་དང་ཤར་ཁུག་གཉིས་ཕན་བསྟོད་གླུ་འདྲ་བླངས་ནས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་མེར་སྲེག་གི་དཔའ་བོ་དང་དཔའ་མོ་ཚོའི་མཛད་རྗེས་འཚེ་བའི་བྱ་སྤྱོད་གཅིག་ཏུ་བསྒྱུར་གང་ཐུབ་བྱས་ནས་བསྡོད་དགོས་པ་ཨེ་རེད། ཧ་ཧ།

    Reply
  16. གྲྭ་ལོག says:
    ལོ་ 10 སྔོན།

    གསེར་འབྲུག་གི་སྐད་ཆ་ཚར་གྲབས་ཡོད་དུས།
    ཀྲུང་ནན་ཧའེ་ཟེར་བའི་ཚིག་འདི་མང་པོ་བཤད་ཀི་རེད། ད་བཤད་རྒྱུ་མེད་ན་མཚམས་འཇོག་རོགས།།

    Reply
  17. གསེར་འབྲུག་སྡེར་ལྔ་ says:
    ལོ་ 10 སྔོན།

    གྲྭ་ལོག་ལགས།
    ཤར་ཁུག་གིས་རྒྱུ་མཚན་ཆེན་པོ་༡༢ མི་དགོས་༡༠༠ དྲངས་ཡོད་ཀྱང་ཀྲུང་ནན་ཧེའེ་ནས་རང་དབུ་གཉིས་ལ་རྣམ་དབྱེའི་ཁྱད་པར་མེད་ན། ཤར་ཁུག་གིས་ཏང་ལ་བསྟོད་གླུ་ལེན་གྱིན་ལེན་གྱིན་བོད་དང་བོད་མི་རིགས་ཀྱི་མགོ་ཐོག་ཏུ་ཕ་བསད་མ་བསད་ཀྱིས་ཁྲག་འཚོས་རྒྱབས་པའི་དར་དམར་དེ་དམར་ལིང་ལིང་དུ་ཕྱར་ནས་བོད་མི་རིགས་ཀྱི་སེམས་ཁམས་ལ་རྨ་ཁ་ཅིའི་ཕྱིར་བཟོས་པ་ཡིན་ནམ།

    Reply
  18. གྲྭ་ལོག says:
    ལོ་ 10 སྔོན།

    ཤར་ཁུག་གི་དོན་ཚན ༡༢ འདིར་དྲངས་ཡོད། འདི་ལ་མ་རེད་ཟེར་སའི་ཡུལ་མི་འདུག་བསམས།

    ངས་དར་དམར་འཕྱར་བར་རྒྱབ་སྐྱོར་བྱ་དགོས་པའི་དོན་ཚན་ཆེན་པོ་བཅུ་གཉིས།

    ཤར་ཕྱོགས་ཁུག་རྟ།

    ༄༅།། ངས་དར་དམར་འཕྱར་བར་རྒྱབ་སྐྱོར་བྱ་དགོས་པའི་རྒྱུ་མཚན་ཆེན་པོ་བཅུ་གཉིས་གཤམ་དུ་བཀོད་ཡོད་ལ། ཆོས་རྣམ་འབྱེད་ཀྱི་ཤེས་རབ་མེད་པ་དང་དབང་རྟུལ་ཚོར་བའི་རྗེས་འབྲངས་ཚོའི་ཡིད་ལ་ཤོང་མ་ཤོང་རེ་ཡོང་ན་བཟོད་གསོལ་ཞུ་རྒྱུ་ལས་བྱ་ཐབས་བྲལ་ཞིང། གལ་སྲིད་རྒྱུ་མཚན་ཆེན་པོ་བཅུ་གཉིས་ལ་རྒྱུ་མཚན་གཞན་ཞིག་གིས་གས་ཆག་གཏོང་ཐུབ་མཁན་ཡོད་ན། ཉིན་མོ་དེ་ནས་ངས་དར་དམར་འཕྱར་རྒྱུ་མཚམས་འཇོག་བྱེད་པར་ཐེ་ཚོམ་ནེམ་ནུར་གང་ཡང་མེད།

    ༡ གཉིས་སྨན་ནི་དབུ་མའི་ལམ་གྱི་སྙིང་དོན་ཡིན་ལ། དབུ་མའི་གྱི་སྲིད་བྱུས་ཀྱི་སྙིང་དོན་རྒྱ་ནག་གི་རྩ་ཁྲིམས་འོག་བོད་ལ་རང་སྐྱོང་ཐོབ་རྒྱུ་དེ་ཡིན་པས། དར་དམར་འཕྱར་བ་ཡིན་ན་གཉིས་སྨན་དང་རང་སྐྱོང་ཐོབ་རྒྱུ་གཉིས་ཀར་འགལ་བ་གང་ཡང་མེད།

    ༢ བོད་མིའི་འཐབ་རྩོད་ནི་རྒྱ་ནག་རྒྱལ་ཁབ་དང་མི་མང་གི་ཁ་གཏད་མིན་པ་སྲིད་སྐྱོང་མཆོག་ནས་ལན་མང་གསུངས་པ་ལྟར། སྲིད་བྱུས་བསྒྱུར་བཅོས་ལ་འཐབ་རྩོད་བྱེད་སྐབས་རྒྱ་ནག་རྒྱལ་ཁབ་ཀྱི་ཆེ་མཐོང་མི་བརླག་པ་དང་དམངས་སེམས་ལ་ཞེ་འཁོན་མི་བསྐྲུན་པའི་ཐབས་ཚུལ་ཡང་དག་གཅིག་དར་དམར་འཕྱར་ནས་དགོས་འདུན་འདོན་པ་འདི་རེད།

    ༣ འབུ་ཆེས་ཆུང་ཟོས་མིན་པར་དྲང་བདེན་དང་ཡ་རབས། ཞི་བདེ། མཐུན་སྒྲིལ་བཅས་མིའི་རིན་ཐང་གོང་མཐོར་སྤེལ་གཞིའི་དཀྱིལ་སྙིང་དུ་འགྱུར་ཆེད་གཉིས་སྨན་གྲོས་མོལ་དང་གུ་ཡངས། ཞི་བའི་སྤྱོད་པ་རྒྱུན་འཁྱོངས་བྱ་དགོས་སྟབས། དར་དམར་འཕྱར་ཏེ་ཞི་བའི་སྤྱོད་པ་དམ་པ་རྒྱུན་འཁྱོངས་བྱས་པས། བོད་མི་ཚོར་འཚེ་མེད་ཞི་བ་ཉག་ཅིག་གི་ལམ་ནས་བོད་དོན་དཀའ་ངལ་སེལ་འདོད་ཡོད་པ་གསལ་སྟོན་བྱ་ཐུབ།

    ༤ བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་ཏུ་སྒྲིལ་ཆེད། རྒྱ་ནག་གི་རྩ་ཁྲིམས་ལ་བརྩི་བཀུར་བྱས་ཏེ་༼ བསམ་འཆར ༽་གྲོས་གཞིར་སྤྲད་ཟིན་སྟབས། ༼ བསམ་འཆར་༽མངོན་གྱུར་ཡོང་བར་འཐབ་རྩོད་བྱེད་པའི་ལས་འགུལ་གྱི་རྣམ་གྲངས་ནང་དར་དམར་འཕྱར་ཏེ་ནག་འདེད་བྱེད་པ་འདི་ཚུད་ཡོད།

    ༥ བོད་ལ་མ་འོངས་པར་གནས་སྟངས་གང་འདྲ་ཞིག་འབྱུང་མིན་ལ་མ་བལྟས་པར། རྒྱ་ནག་དབང་འཛིན་པ་ཚོའི་མཉམ་མཐའ་གཅིག་ཏུ་ཞི་བ་དང། ཤེས་ཡོན་ལྡན་པ། ཆེ་མཐོང་ཡོད་པ་བཅས་ཀྱི་འཐབ་རྩོད་རིམ་པར་བྱ་དགོས་སྟབས། དར་དམར་འཕྱར་ཏེ་འཐབ་རྩོད་བྱེད་པ་དེ་དེ་རིང་གི་གནས་བབ་དང་མཐུན་ལ། ཆེ་མཐོང་ཡོད་པ། ཤེས་ཡོན་ཅན་གྱི་ལས་འགུལ་སྤེལ་སྟངས་ཤིག་རེད།

    ༦ རྒྱལ་སྤྱིས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་བཞིན་པ་ཟེར་བའི་རྒྱ་གཞུང་གི་བཤད་སྟངས་འགོག་ཆེད། དར་དམར་འཕྱར་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འབྲུ་དོན་ཐད་རྩོད་ལེན་དང། བསྒྱུར་བཅོས་ཀྱི་རེ་འདུན་བཏོན་སྟེ་འཐབ་རྩོད་བྱེད་པ་དེས། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ་དང། ཁྲིམས་ལུགས་ལ་སྲུང་གཙི་མེད་པའི་རུལ་སུངས་ཀྱི་གནས་སྟངས་རྣམས་རྒྱལ་སྤྱིར་གསལ་སྟོན་བྱ་ཐུབ།

    ༧ དར་དམར་འཕྱར་ཏེ་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱེད་པ་དེར། རྒྱ་ནག་གི་མི་མང་གིས་རྒྱབ་སྐྱོར་བྱེད་ཐུབ་པ་མ་ཟད། མཐོང་བ་ཙམ་གྱིས་མིག་ལ་འགྲོ་བ། དེ་དང་མཉམ་དུ་རྒྱ་ནག་མི་མང་རང་ལའང་རང་དབང་ཚད་ལྡན་ཞིག་དགོས་རྒྱུར་ཞི་བའི་འཐབ་རྩོད་བྱེད་དགོས་པའི་དྲན་སྐུལ་བྱེད་ཐུབ་པས། རྒྱ་ནག་ཁྱོན་ཡོངས་ལ་གཡོ་འགུལ་ཐེབས་གཞིར་འགྱུར་སྲིད་པའི་རྟགས་མཚན་མང་བ།

    ༨ མི་གསོད་ཁྲག་སྦྱོར་གྱི་ཐབས་ལམ་དང། ཡང་ན་བོད་ཀྱི་རིག་གནས་དང་གོམས་གཤིས་ཉམས་ཆག་ཟིན་མཚམས་བོད་ལ་རང་བཙན་གཙང་མ་སྟོབས་འབྱོར་རྒྱ་གང་ཆེ་བྱུང་ཡང་དེ་ལ་དོན་སྙིང་གང་ཡང་མེད་པ། ཕྱིའི་དངོས་པོ་ཡར་རྒྱས་ཀྱི་རྩེ་མོར་སོན་པའི་སྤྱི་ཚོགས་དང་རྒྱལ་ཁབ་དག་གིས་ང་ཚོར་མིག་སྟོན་བྱེད་བཞིན་པས། དར་དམར་འཕྱར་ཏེ་འཐབ་རྩོད་བྱེད་པ་དེས་དེ་རིང་གི་གནས་བབ་འདི་འདྲའི་འོག་ཏུའང་མི་གསོད་ཁྲག་སྦྱོར་འགོག་པ་དང། བོད་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོབ་ཐུབ་པར་ནུས་བ་ཐོན་ངེས།

    ༩ རང་སྐྱོང་ཐོབ་མཚམས་མ་གཏོགས་དར་དམར་མི་འཕྱར་ཞེས་པ་དང། དར་དམར་འཕྱར་ཏེ་རང་སྐྱོང་ཐོབ་རྒྱུར་འཐབ་རྩོད་བྱེད་པ་གཉིས་རྦད་དེ་ཁ་ཁ་ཡིན། སྔ་མ་ནི་ཐག་གཅོད་ཟིན་རྗེས་ཀྱི་ཁྲིམས་ཐོག་དང་ལོ་རྒྱུས་ཀྱི་གནས་སྟངས་ཤིག་དང། ཕྱི་མ་ནི་འཐབ་རྩོད་ཀྱི་གནས་སྐབས་ཡིན་པས་དེ་གཉིས་བསྡུར་ཐབས་བྲལ།

    ༡༠ ༧རྒྱལ་བ་བཅུ་བཞི་པ་ཆེན་པོ་དང་དབུ་མའི་ལམ་གྱི་རྗེས་འཇུག་པ་ཚོས་བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་ཏུ་སྒྲིལ་རྒྱུ་རྩ་དོན་དུ་བརྩི་བ་ལྟར། རང་བཙན་འཐབ་རྩོད་པའི་ཕྱོགས་ན་རང་བཙན་གྱི་སྒྲོམ་གཞིས་མཚོན་སྦྱོར་དངོས་རྗེས་གསུམ་གང་འདྲ་ཞིག་ཐོབ་རྒྱུར་ཁ་གསལ་མེད་སྟབས། དར་དམར་འཕྱར་ཏེ་རང་སྐྱོང་འཐབ་རྩོད་བྱེད་པ་འདིས་རང་བཙན་ཆུང་ཆུང་ཞིག་བྱུང་ནའང་འགྲིག་པའི་འདོད་ཚུལ་རྣམས་གཏན་འགོག་བྱ་ཐུབ།

    ༡༡ རྒྱ་ནག་གིས་དབུ་མའི་ལམ་གྱི་གྲོས་མོལ་ལ་དམིགས་ཡུལ་གཞན་ཞིག་ཡོད་པར་ཁ་གཡར་བ་དེའང། དར་དམར་འཕྱར་ཏེ་མི་མང་སྡེབས་ལངས་ཀྱིས་རང་སྐྱོང་དགོས་པའི་མངོན་འདོད་གསལ་སྟོན་ཐུབ་པ་ཡིན་ན། རྒྱ་ནག་གིས་ངེས་པར་དུ་བཤད་སྟངས་གཞན་ཞིག་ཏུ་བསྒྱུར་དགོས་སྟབས། རང་སྐྱོང་སྤྲོད་འདོད་ཡོད་མེད་ཀྱི་གནས་བབ་དུས་ཐུང་ནང་ཐག་ཆོད་ཐུབ་ངེས།

    ༡༢ བཙན་བྱོལ་མི་མང་གིས་དར་དམར་འཕྱར་ཏེ་རང་སྐྱོང་འཐབ་རྩོད་གནང་བ་ཡིན་ན། ༧ཏཱ་ལའི་རུ་ཚོགས་ཀྱིས་ཁ་ཕྲལ་རྩོད་ཀྱི་འདུག་ཅེས་པའི་འཁྱོག་བཤད་དེ་གཞི་རྩ་ཁྱོན་ནས་མེད་པ་ཞིག་རང་བཞིན་གྱིས་ཆགས་པ་མ་ཟད། ༧གོང་ས་མཆོག་གི་རླབས་ཆེན་མཛད་འཕྲིན་ལ་དངོས་ཤུགས་བརྒྱུད་གསུམ་ནས་བར་ཆད་རྩོམ་པའི་རྒྱ་གཞུང་གི་གཡོ་ཇུས་རྣམས་མཇུག་སྒྲིལ་ངེས་སོ།།

    བཙན་བྱོལ་སྤྱི་ཚོགས་ནང་མང་གཙོའི་ལམ་ནས་རིམ་པ་དུ་མར་བོད་མི་མང་གིས་རང་དབང་ངང་འོས་ཤོག་འཕངས་ཏེ། མ་འོངས་བོད་ཀྱི་མདུན་ལམ་དབུ་མའི་ལམ་ནས་བོད་རིགས་ཡོངས་རྫོགས་རང་སྐྱོང་གཅིག་ནང་སྒྲིལ་རྒྱུར་སྤྱི་མོས་རྒྱབ་སྐྱོར་ཐོབ་པ་བཞིན། མང་གཙོའི་ལྟ་གྲུབ་ལ་ཡིད་ཆེས་བློ་གཏོད་ཞུ་མཁན་ཞིག་ཡིན་ན། ད་ནི་མི་མང་གི་མངོན་འདོད་སྒྲུབ་ཐབས་སུ་རང་ནུས་ཡོད་ཚད་འདོན་དགོས་པར་སོང། དར་དམར་འཕྱར་ཏེ་ཡང་དག་པའི་མངོན་འདོད་དེ་འཐབ་རྩོད་བྱེད་པ་ལ། བོད་ཀྱི་བདག་པོ་བོད་མི་མང་གི་བཀའ་ཡི་གནང་བ་ཆ་ཚང་ཡོད་པས་མ་ཟད། སྤྱི་མོས་རྒྱབ་སྐྱོར་ཀྱང་ཡོད་ཡོད་པ་རེད།།

    ༢༠༡༣། ༢། ༡༩། ཉིན་ལྡི་ལི་ནས་སྤེལ།།

    Reply
  19. གྲྭ་ལོག says:
    ལོ་ 10 སྔོན།

    ལུང་རྟོགས་ལ། ཤར་ཁུག་གི་རྒྱུ་མཚན་བཅུ་གཉིས་ལ་ཁྱེད་ཀྱིས་ལན་འདེབས་གནང་རོགས། གཉིས་ནས་རང་བཙན་གསལ་བསྒྲགས་མིན་པ་དེ་དང་པོར་ཤར་ཁུག་གིས་གསུངས་པ་མ་གཏོགས། དེང་སང་དེའི་ཁ་གསལ་རུ་འགྲོ་བཞིན་འདུག ཁ་སང་སྐུ་ངོ་བཀྲས་མཐོང་གིས་ཀྱང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དུ་དེ་ལྟར་གསུངས་འདུག ཤར་ཁུག་གིས་རང་བཙན་གསལ་བསྒྲགས་མ་རེད་ཟེར་བའི་རྒྱུ་མཚན་དེ་ཚོར་ལན་འདེབས་གནང་རོགས། ངས་ལྟོས་ཆོག ཧཧཧཧཧཧ
    གསེར་འབྲུག་སྡེ་ལྔ་ལ། ང་སྒེར་གཅོད་མ་ཚད་རྒྱ་མིའི་དྲ་འབུ་ཡིན་ནའང་སྐྱོན་ཁྱོན་ནས་མི་འདུག ཁྱེད་ཚོས་ཤར་ཁུག་གི་རྒྱུ་མཚན་དེ་ཚོ་ལན་འདེབས་མ་བྱས་པར་རླུང་ལངས་ནས་བསྡད་ན་ཅི་ཕན། ཞྭ་སྒབ་པའི་སྐད་ཆར་དབྱེ་ཞིབ་བྱས་པ་དེརགཟིགས་དང། གནད་དོན་ལ་འཇུ་མི་ཤེས་ན་ཁ་ཚུམས་ནས་བཞུགས་ན་ལོས་དགའ། དེ་བཞིན་ལུང་རྟོགས་ཀྱིས་སྲིད་སྐྱོང་བོད་མི་ཕྱེད་ཀ་བློ་སེང་ལ་ཞེན་ཁོག་མུ་མཐུད་རྒྱུ་དང། གསེར་འབྲུག་གིས་དབུ་མའི་མ་ལམ་ལ་སྐུར་འདེབས་བྱ་རྒྱུ་མཚམས་མ་འཇོག་རོགས། ཁྱེད་གཉིས་ལ་མི་ཚེ་འདིར་ཐོབ་པའི་ལྷན་སྐྱེས་དང་སྦྱང་སྟོབས་ཀྱི་ཁ་སྟབས་དེ་ལས་མེད་པ་ཡིན་རྒྱུ་རེད།། ཧཧཧཧཧཧ

    Reply
  20. གསེར་འབྲུག་སྡེར་ལྔ་ says:
    ལོ་ 10 སྔོན།

    གྲྭ་ལོག་ནི་གྲྭ་ལོག་རང་རེད། དཀོར་འཆམ་རྒྱག་རྒྱུ་ཞིག་མ་གཏོག་དེང་གི་དམངས་གཙོའི་ལམ་ལུགས་ཀྱི་ཆབ་སྲིད་འགྲོ་སྟངས་ཅི་ཡང་མི་ཤེས་ཁོ་ཐག་རེད་ལ། གཅིག་བསྡུས་རིང་ལུགས་འོག་ཚར་ལོངས་བྱུང་བ་ཞིག་མིན་ན་ཐང་།

    Reply
  21. ལུང་རྟོགས། says:
    ལོ་ 10 སྔོན།

    ད་དུང་ཤར་ཁུག་གིས་བོད་ཀྱི་ཕ་མེས་འབུམ་ཕྲག་མང་པོའི་ཁྲག་གིས་ཚོས་པའི་སྐར་ལྔའི་ཁྲག་དར་དེ་ཁ་བརྡ་དྲ་རྒྱའི་ནང་དགུང་སྔོན་དབྱིངས་སུ་འཕྱར་སོང་ལ། དེ་འཕྱར་བ་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་ཆེན་པོ་བཅུ་གཉིས་ཨམ་ཞིག་ཡོད་རབས་བཤད་སོང་། དེ་ཚོ་ཁྱེད་ཀྱིས་མ་མཐོང་བ་ཡིན་རྒྱུ་མ་རེད།

    Reply
  22. ལུང་རྟོགས། says:
    ལོ་ 10 སྔོན།

    ད་སྐུ་མཁྱེན་གྲྭ་ལོག་ལགས། རྡ་སར་གནས་སྡོད་གྲྭ་ལུང་རྟོགས་ནས་ཞེས་པའི་སྐད་ཆ་དེ་གའི་སྟེངས་ནས་ཁྱེད་རང་ཡང་རྟག་དཔྱད་བྱེད་རྒྱུ་ལས་སྐྱོན་བརྗོད་བྱེད་རྒྱུར་དགའ་བའི་མི་ཞིག་ཡིན་པ་གསལ་པོ་བསྟན་སོང་། གོང་ས་སྐུ་ཕྲེང་བཅུ་གསུམ་པའི་བསྒྲགས་གཏམ་དེ་རང་བཙན་བསྒྲགས་གཏམ་ཡིན་པ་བོད་རིགས་ཤེས་ལྡན་པའི་ཁྲོད་ལ་ཡོངས་གྲགས་ཡིན་པ་མ་ཟད། བསྒྲགས་གཏམ་གྱི་ཚིག་བརྗོད་ནས་ཀྱང་ཧ་ཅང་གསལ་པོ་ཡིན་ཡང་ཤར་ཕྱོགས་ཁུག་རྟས་དེ་རང་བཙན་བསྒྲགས་གཏམ་ཡིན་པའི་ཁུང་སྐྱེལ་གང་ཡང་མེད་པར་བཤད་སོང་ལ། ད་དུང་རང་བཙན་རྩོད་མཁན་རྣམས་ཀྱིས་དུས་དྲན་སྲུང་བརྩི་བྱེད་པ་དེ་ཡང་གོང་ས་བཅུ་བཞི་པ་མཆོག་ལ་ཟུར་ཟ་ཡིན་པ་སོགས་བཤད་སོང་། དེ་ལས་ལྷག་པའི་དཀྲུག་ཤིང་ཅང་སློངས་དགོས་པ་འདུག་གམ། ད་དུང་མང་པོ་ཡོད་ཀྱང་ད་ལྟ་དུས་ཚོད་མི་འདུག་ལ་དགོས་ངེས་བྱུང་ན་རིམ་གྱིས་བཤད་ཆོག

    Reply
  23. གྲྭ་ལོག says:
    ལོ་ 10 སྔོན།

    རྡ་སར་གནས་སྡོད་གྲྭ་ལུང་རྟོགས་ཀྱིས་བཤད་པ་ལྟར་ཁོ་བོས་ཟླ་གཅིག་ནང་ཚུན་གྱི་ཁ་བརྡའི་རྩོམ་ཡིག་དག་ལ་མིག་བཤེར་བྱས་པ་ཡིན།

    ༼ མནར་མེད་དམྱལ་མདོ་༽འབྲི་མཁན་སྤྲུལ་དབང་ཟེར་བས་དབུ་མའི་ལམ་༧གོང་ས་མཆོག་གི་ཆེད་དུ་བཏོན་ཚུལ་གྱི་མི་ཆོས་དང་ལྷ་ཆོས་ཟུང་དང་མི་མཐུན་པའི། ཚེ་ཚར་རབས་རབས་སུ་དམ་པའི་གྲལ་མི་ཟིན་པའི་ལྷས་བྱིན་གྱི་སྐུར་འདེབས་དེ་ལས་གཞན་མ་མཐོང་བས། ལུང་རྟོགས་ཀྱིས་རྩོམ་ཡིག་ནས་རྗོད་ཚིག་འདྲེན་བཀོད་ཀྱིས་རང་གི་སྐད་ཆར་ཁུངས་སྐྱེལ་ན་ལྟ་འདོད་ཤིན་ཏུ་ཆེ།

    དེ་མིན་མིས་བཤད་པ་བཞིན། སྲིད་སྐྱོང་བློ་སེང་ལ་ལུང་ཚན་ཞེན་ཁོག་གིས་ཤར་ཁུག་ལ་ག་དུས་ཡིན་ན་ཅིག་བཤད་བསྡད་ཡོད་པ་རེད་ཅེས་པའི་དྲ་ཐོག་གི་སྐད་ཆ་དེའི་བདེན་མཐའ་གསལ་བཞིན་འདུག

    Reply
  24. ལུང་རྟོགས། says:
    ལོ་ 10 སྔོན།

    དབྱིན་མིང་ཅན་ལགས། དེ་ནི་གསལ་བཤད་མང་པོ་བྱེད་དགོས་པ་ཞིག་མ་རེད། ཁ་བརྡ་དྲ་རྒྱའི་ནང་གི་ཉེ་ཆར་ཟླ་བ་ཅིག་ནང་ཚུད་ཀྱི་རྩོམ་ཡིག་རྣམས་ལ་ཞིབ་འཇུག་ཅིག་གྱིས་དང་ཤེས་ཡོང་།

    Reply
  25. གྲྭ་ལོག says:
    ལོ་ 10 སྔོན།

    ( ཤར་ཕྱོགས་ཁུག་རྟས )ངོ་དེབ་སྟེང་འདི་ལྟར་བྲིས་འདུག

    སྐུ་ངོ་ཞྭ་སྒབ་པས་ཀྱང་ཚོར་བ་དམར་བརྗོད་བྱས་འདུག།

    དྲི་བ། ༧རྒྱལ་བ་བཅུ་གསུམ་པའི་རང་བཙན་གསལ་བསྒྲགས་དེ་ཁྱེད་ཀྱིས་རང་བཙན་གསལ་བསྒྲགས་མ་རེད་ཅེས་བཤད་དགོས་དོན་ག་རེ་ཡིན་ནམ།
    ལན། གསུང་འཕྲིན་དེ་རང་བཙན་གསལ་བསྒྲགས་ཡིན་མིན་གསུང་འཕྲིན་རང་ལས་ཁ་གྲགས་རྒྱུ་མ་གཏོགས། ཕྱིས་སུ་འདོད་ཚུལ་རེ་འགས་དེ་ལྟར་ངོས་འཛིན་བྱས་པ་དེ་ཏག་ཏག་ཆགས་ཀྱི་ཡོད་པ་མ་རེད་ལ། དེ་ལྟར་ངོས་འཛིན་བྱས་པ་ཡིན་ན་མ་འོངས་པར་ཕན་གནོད་ཅི་ཡོང་སུས་འགན་འཁྱོག་གི་རེད་དམ། ངས་བསམས་ན་གཏན་ནས་འགན་འཁྱོག་མཁན་ཡོད་པ་མ་རེད། དེ་གཅིག་བྱས། གཞན་དུ་རང་བཙན་གསལ་བསྒྲགས་ཡིན་ན་དེའི་གོང་གི་གནས་བབ་གསལ་བསྒྲགས་དེར་གསལ་དགོས་མོད། དེ་མ་གསལ་བའི་རྒྱུ་མཚན་ཅི་ཞིག་རེད། ཡང་ན་རང་བཙན་བསྐྱར་ནན་གནང་བ་ཡིན་ན། བསྐྱར་ནན་གནང་དགོས་པའི་རྒྱུ་མཚན་༧རྒྱལ་བ་རང་གིས་བཀོད་མ་ཤེས་བ་རེད་དམ། མདོ་དོན་རང་བཙན་གསལ་བསྒྲགས་བཏགས་པ་དེས་གསུང་འཕྲིན་དེར་འཁྱོག་བརྗོད་དང་༧རྒྱལ་བ་བཅུ་གསུམ་པས་གསུང་འཕྲིན་དེ་ཕེབས་དགོས་དོན་གྱི་དགོངས་གཞི་གསལ་བོ་མ་ལོན་པའི་རྟགས་རེད། སོང་ཙང་འདི་ལ་རང་བཙན་གསལ་བསྒྲགས་རེད་ཅེས་སྐུ་ངོ་ཞྭ་སྒབ་པ་སོགས་ཀྱི་རྗེས་སུ་འབྲངས་པ་ཡིན་ན། ཏན་ཏན་བོད་སྤྱི་ལ་གྱོང་རེག་གི་རེད་མ་གཏོགས་ཕན་པ་ཡོད་པའི་རྟགས་མཚན་ཞིག་གང་ན་འདུག།།

    དྲི་བ། སྐུ་ངོ་ཞྭ་སྒབ་པའི་རྗེས་སུ་འབྲངས་སྟངས་ག་འདྲ་ཞིག་རེད།
    ལན། རེད་རེད། ཅུང་ཙམ་ཞུས་ན། དང་པོ་གསུང་འཕྲིན་དེ་རང་བཙན་གསལ་བསྒྲགས་རེད་ཟེར་མཁན་གྲས་ལ་མགོ་སེར་ཁ་ཤས་ཀྱང་ཡོད་པ་འདྲ། དེ་ཁྱད་པར་གང་ཡང་ཡོད་པ་མ་རེད། སྤྲ་སེར་སྤྲེའུའི་རིགས་ལ་ཡིད་རྟོན་མེད་པ་དང་ཡང་སྒོས་ཚོང་པ་དེ་ཚོས་ཅི་བཤད་ང་ཚོས་གཡུག་བཞག་ན་འགྲིག་གི་རེད། དེ་ནས་སྐུ་ངོ་ཞྭ་སྒབ་པས་སྲིད་དོན་རྒྱལ་རབས་སྨད་ཆའི་ P219ནང། གསུང་འཕྲིན་འདི་ལ་”ད་དུང་བོད་རང་བཙན་ཡིན་པའི་ཁུངས་སྐྱེལ་ངོ་སྤྲོད་”ཅེས་མིང་བཏགས་ཡོད། དེ་བཞིན་ཤོག་ངོས་དེའི་ཐིག་ཕྲེང ༡༢ པར་བོད་མི་ཚོས་གསུང་འཕྲིན་འདི་བོད་”རང་དབང་རང་བཙན་ཡིན་པར་གཞུང་ཐོག་ནས་དྲིལ་བསྒྲགས་གནང་བར་ཆ་འཇོག་བྱེད་ཀྱི་ཡོད་པ་རེད་”ཅེས་གསུངས་འདུག དེང་སང་གི་སྣར་སྐྱིད་སོགས་ཀྱང་འདིའི་རྗེས་སུ་འབྲངས་བ་མིན་འགྲོ གང་ལྟར་སྲིད་དོན་རྒྱལ་རབས་འདི་རང་རེའི་བཙན་བྱོལ་སྒྲིག་འཛུགས་ནས་རྩ་ཆེར་བརྩི་སྟབས། རང་བཞིན་གྱིས་འདིའི་བཤད་སྟངས་ཁྱབ་བརྡལ་འགྲོ་བ་སྨྲོས་མ་དགོས་པའི་དོན་དག་ཅིག་རེད་བསམས། །

    ད་ང་ཚོས་བསམ་བློ་ཞིག་ཐོངས་དང། ཞྭ་སྒབ་པས་ཞེན་ཁོག་ཆེན་པོས་མིང་འདོགས་སྟངས་དེ་དོན་ངོ་མར་ཏག་ཏག་བསྡད་འདུག་བསྡད་མི་འདུག ད་དུང་བོད་རང་བཙན་ཡིན་པའི་ཁུངས་སྐྱེལ་ཟེར་ན་གོ་བ་ཅི་ལྟར་སྤྲོད་ས་རེད། ད་དུང་ཟེར་བ་དེས་མ་འོངས་པར་ཉེན་ཁ་ཡོད་པར་གཟིགས་ཀྱི་ཡོད་པ་རེད་དམ། ཡང་ན་སྔ་མོའི་གནས་བབ་གྲ་འགྲིག་པོ་ཞིག་མེད་པ་སྟོན་གྱི་འདུག ལུང་སྟོན་པའི་རྣམ་གཞག་ལ་རྒྱུས་ཆེ་བ་དང་བོད་སྐད་ཤེས་མཁན་ཞིག་ཡིན་ན་སྐུ་ངོའི”ད་དུང”་ཟེར་བའི་ཚིག་འདི་ལ་གད་མོ་ཤོར་རྒྱུ་ནི་ཐེ་ཚོམ་མེད་པ་ཞིག་རེད། ད་དུང་སྐུ་ངོས་རང་གི་འདོད་ཚུལ་བོད་མི་མང་གི་མགོར་བཞག་ནས། སྦུག་དམ་རྩ་ཚིག་འདི་རང་དབང་རང་བཙན་ཡིན་པ་གཞུང་ཐོག་ནས་དྲིལ་བསྒྲགས་གནང་བར་བོད་མི་མང་གིས་ཆ་འཇོག་བྱེད་ཀྱི་ཡོད་པ་རེད་ཅེས་བྲིས་འདུག དེ་ལྟར་ཆ་འཇོག་གནང་དགོས་ཀྱི་ཡོད་ན་གཞུང་ནས་དང་པོ་ནས་གསལ་ཁ་བྱས་པ་ཡིན་ན་ག་རེ་གནོད་ཀྱི་རེད་དམ། བྱེད་མ་ཐུབ་པའི་གནས་བབ་ག་རེ་ཡོད་པ་རེད་དམ། དེ་བཞིན་སྐུ་ངོའི་ཚིག་དེས༧རྒྱལ་བ་བཅུ་གསུམ་པས་རང་བཙན་གསལ་བསྒྲགས་ལྟར་སྦུག་དམ་རྩ་ཚིག་ཕེབས་མེད་པ་རང་བཞིན་གྱིས་ཞལ་བཞེས་གནང་མི་འདུག་གམ། གང་ཡིན་ཞེ་ན། དེ་ཡིན་མིན་སྦུག་དམ་རྩ་ཚིག་རང་ངོས་ནས་མིན་པར་མི་མང་གིས་ཆ་འཇོག་བྱས་པས་དེ་ལྟར་ཡིན་ཞེས་གསུང་གི་ཡོད་པ་རེད། དེ་ཁྱད་མཚར་ཞིག་མི་འདུག་གམ། གཞན་ཡང་སྐུ་ངོ་ཞྭ་སྒབ་པ་བོད་རྙིང་པའི་ཆེས་མཐོའི་དཔོན་རིགས་ཤིག་ཡིན་སྟབས་ཁོང་གིས་དེའི་གནས་སྟངས་ངོ་མ་མ་མཁྱེན་པ་ག་ལ་སྲིད། ཡིན་ནའང་དེ་ལྟར་བྱུང་རབས་ལ་རང་གི་བསམ་ཚུལ་གྱིས་འགྲེལ་བཤད་བསྐྱོན་པ་དེའི་རྒྱུ་མཚན་ག་རེ་ཡིན་ནམ། དེ་སུས་ངོས་ལེན་གནང་གི་རེད་དམ། ངས་བསམས་ན་བཀའ་མོལ་དེ་དག་སྲིད་དོན་རྒྱལ་རབས་ནང་ནས་མར་བཏོན་དགོས་པའི་རིགས་རེད་འདོད། །

    དེ་ནས་གུས་བ་བོད་རྙིང་པའི་སྐུ་དྲག་ཚོའི་ངག་རྒྱུན་ལོ་རྒྱུས་ནང་ཕན་ཚུན་བཤིབ་བསྡུར་བྱེད་མཁན་ཞིག་དང། ཉེ་རབས་ལོ་རྒྱུས་ལ་དོ་སྣང་ཅན་ཞིག་ཏུ་སོང། སྐུ་ངོ་ཞྭ་སྒབ་པ་དང་ཁོང་གི་སྲིད་དོན་རྒྱལ་རབས་སྐོར་ངག་རྒྱུན་ཁ་ཤས་ཀྱང་ཐོས་མྱོང་མཁན་གྱི་གྲས་ཡིན། སྐུ་ངོའི་སྲིད་དོན་རྒྱལ་རབས་ཀྱི་རྨང་འདིང་སྒྲོམ་གཞིའི་ནང་མཁས་པ་གཞན་གྱི་དཀའ་སྤྱད་འབད་བརྩོན་བེད་སྤྱོད་བྱས་ཡོད་མེད་དེ་རེ་དོགས་ཁྱོན་ནས་མེད་པ་དེ་འདྲ་མ་རེད། དེ་རྩོད་གཞི་ཡིན་སྟབས་འདིར་གླེང་དགོས་དོན་མ་མཐོང། ཡིན་ནའང། སྲིད་དོན་རྒྱལ་རབས་འབྲི་རྒྱུར་དང་པོར་༧གོང་ས་བཅུ་བཞི་པ་ཆེན་པོས་བཀའ་མངགས་གནང་བ་འདྲ། ༧གོང་ས་ཆེན་པོས་བོད་དབུས་ཁུལ་ཙམ་མིན་པར་བོད་སྤྱིའི་སྲིད་དོན་གནས་ཚུལ་དང། རིམ་པར་བོད་བཙན་ཟོས་བྱས་ཚུལ་གོས་ལ་སྣུམ་གྱི་ངང་ཚུལ་རྣམས་གསལ་འདོན་གྱིས། ཕྱིས་སུ་བོད་ས་ཡོངས་རྫོགས་རྒྱ་འོག་ཏུ་ཤོར་ཚུལ་གྱི་སྲིད་དོན་གྱི་གནས་ཚུལ་འབྲི་དགོས་པར་བཀའ་ཕེབས་ཡོད་པ་འདྲ་ནའང། ཕྱིས་སུ་རྒྱལ་རབས་ནང་བོད་ཤར་ཕྱོགས་ནས་བཙན་ཟོས་བྱས་ཏེ་མདོ་ཁམས་སྟོད་སྨད་ནས་མི་ཐོག་མང་པོར་རྒྱ་ནག་དང་འཁྲུག་འཛིང་རིམ་ཤོར་གསལ་བོ་ཞིག་འཁོད་ཐུབ་མེད་པ་སོགས་ཀྱིས་དགོངས་གཞི་བཞིན་འགྲུབ་མེད་ཚོད་དང། དེབ་དེའི་དཔྱད་ཡིག་རེ་འགའ་༧གོང་ས་ཆེན་པོར་སྤྱན་བསྟར་མ་ཞུས་པའི་ངག་རྒྱུན་ཡང་ཐོས་མྱོང། གཞན་ཡང། སྐུ་ངོ་ཞྭ་སྒབ་པ་སྐུ་སྒེར་ལ་མཚོན་ན། དམིགས་བསལ་རང་བཙན་ཟེར་བ་དེར་ཐུགས་མོས་ཡོད་མཁན། རང་བཙན་མ་རེག་ན་བཙན་བྱོལ་དུ་སླེབས་པ་དོན་འབྲས་མ་བྱུང་ཟེར་མཁན་གྱི་གང་ཟག་ཅིག་ཡིན་པ་འདྲ་ལ། སྐུ་ངོའི་རང་བཙན་གྱི་ཁྱབ་ཚད་སོགས་གསལ་བོ་ཞིག་མ་ཐོས་ཀྱང་བཙན་བྱོལ་ནང་གི་ལོ་མགོའི་རྙོག་གླེང་ཁ་ཤས་ནས་ཚུར་དཔྱད་པ་བཏང་བ་ཡིན་ན་སྐད་ཆ་མང་པོ་འདུག་ཀྱང་འདིར་བརྗོད་དགོས་མ་མཐོང། གང་ལྟར་དོན་རྡོག་སྐུ་ངོ་ཞྭ་སྒབ་པས་ཀྱང་རང་ཉིད་སྒེར་གྱི་འདོད་ཚུལ་གྱིས་གསུང་འཕྲིན་འདི་ལ་ངོས་འཛིན་དེ་ལྟར་གནང་བ་དག་ང་ཚོས་གཙང་མ་བཟོ་དགོས་པ་རེད།།

    Reply
  26. ལྷག་པ། says:
    ལོ་ 10 སྔོན།

    (ཁང་གསར་རྡོ་རྗེ།)

    དབུ་མ་དང་རང་བཙན་གྱི་རྩོད་གླེང་ཞིག་“ཐལ་སྐྱོད་པ་”འགས་ཆེད་དུ་བསླངས་པའི་མཇུག་འདིར། ད་ལྟ་གྲུབ་འབྲས་རང་བློ་མི་འབབ་པ་ཞིག་ཐོན་དུས། ད་ཡང་ཐབས་དང་རྣམ་པ་སྣ་ཚོགས་ལ་བསྟེན་ནས་བགྲོ་གླེང་འདིའི་རྒྱུན་གཅོད་འདོད་བྱེད། ཁོ་བོ་ནི་ཐོག་མ་ཉིད་ནས་འདིའི་ཁོག་མཐོང་ཞིང་། གཏིང་ཆོད་པ་ཞིག་ཡིན་པས། རང་གི་བློར་ཤར་བ་འགའ་ཞིག་འདིར་ཡང་བསྐྱར་སྨྲ་བར་བྱ་སྟ།
    ༡) དབུ་མ་དང་རང་བཙན་གཉིས་ཀ་བོད་ཀྱི་རྩ་དོན་འཐབ་རྩོད་ནང་། ཡོད་ན་ཕན་ཐོགས་ཤིང་། མེད་ན་མི་རུང་བའི་ལམ་གཉིས་ཡིན་ཞིང་། རྣམ་དཔྱོད་ཅན་ཚོས་ལྟ་ཤེས་ཤིང་བཀོལ་ཤེས་ན། འདི་གཉིས་གཅིག་ཕན་གཅིག་གྲོགས་སུ་འགྱུར་ནུས་པ་ཡིན།
    ༢) ཆོལ་ཁ་གསུམ་ཐབས་བྱུས་ཀྱི་ཁོངས་སུ་འདུ་མི་འདུའི་སྐད་ཆ་འདི། བོད་པ་སྙིང་ཆུང་ལུང་ཚན་རིང་ལུགས་པ་དག་གི་སྙིང་ལ་གཟན་བྱེད་ཀྱི་ཆབ་སྲིད་པའི་ལག་ཆ་ཡོད་ན་མེད་ན་ཞིག་རེད། སྔོན་ཆད་ལི་ཐང་ཨ་ཐར་སོགས་ཀྱིས་དབུ་མའི་ལམ་ལ་སྐྱོན་བརྗོད་བྱེད་དུས། འབྲི་ཆུ་ཕར་ཆོད་ཚུན་ཆོད་དང་། ཕར་སྤྲོད་ཚུར་ལེན་ཟེར་བའི་སྐད་ཆ་དེ་ཚོ་བཤད་དེ། དབུ་མའི་ལམ་གྱི་ནང་དུ། ཆོལ་ཁ་གསུམ་ཀ་ཚུད་མེད་པའི་དོགས་པ་ཁོང་སློང་བྱས་ཤིང་། དེ་ལ་བཀའ་བློན་ཁྲི་པས་གྲོས་ཚོགས་ནང་གསལ་པོ་ཇི་ཙམ་བཟོས་ཀྱང་། གསལ་པོ་བཟོ་མ་ཐུབ་པའི་གནས་སྟངས་ཡ་མཚན་མང་པོ་བྱུང་། ད་ཆ་དེ་ལས་ལྡོག་སྟེ། དབུ་མའི་ལམ་གྱི་ཐལ་སྐྱོད་པ་ཚོས། རང་བཙན་རྩོད་མཁན་གྱི་འཆར་གཞིའི་ནང་ན། ཆོལ་གསུམ་ཡོངས་རྫོགས་ཡོད་མ་རེད། དབུ་མའི་ལམ་གྱི་ནང་དུ་ཆོལ་གསུམ་འདུས་ཡོད་ཅེས་སྤོབས་པ་དང་བཅས་ཏེ་སྨྲ་བ་འདི་དག་ཆབ་སྲིད་པའི་གཡོ་སྦྱོར་ཙམ་མོ།།
    ༣) ཡང་རང་བཙན་གྱི་འདོད་ཕྱོགས་འཛིན་པ་འགས། དབུ་མའི་ལམ་ནི་༸གོང་ས་མཆོག་གི་མཚན་སྙན་རྒྱས་ཐབས་ཆེད་དུ་རེད་ཟེར་བ་དང་། བཙན་བྱོལ་ནང་གི་བོད་མིའི་ཆེད་དུ་ལས། བོད་ནང་གི་བོད་མིའི་ཆེད་དུ་མ་རེད་ཟེར། དེ་ཚོ་ནི་དོན་དུ་གནས་པའི་གཏམ་ཞར་ཡང་མིན་ཏེ། དབུ་མའི་ལམ་གྱིས་རྒྱ་གཞུང་ལ་གནོན་ཤུགས་དང་དཀའ་ངལ་སྤྲོད་སྤྲོད་ཅིག་ད་ཕན་ཐབས་ལམ་གཞན་གང་གིས་ཀྱང་སྤྲོད་ཐུབ་མེད་ལ། དབུ་མའི་ལམ་གྱིས་བོད་དོན་འཐབ་རྩོད་ལ་གཞི་རྒྱ་ཆེ་ཞིང་ལྡེམ་ཤུགས་ལྡན་པའི་ལྡིངས་ཆ་རྒྱ་ཆེན་པོ་ཞིག་བསྐྲུན་ཡོད་པ་དེ་ཚོ་ལས་ཤེས་ནུས། དེ་བཞིན། དབུ་མའི་ལམ་བཏོན་པ་ལ་བརྟེན་ནས་༸གོང་ས་མཆོག་ལ་མཛད་དཀའ་ཅི་ཙམ་བྱུང་བའང་ང་ཚོས་ཤེས་དགོས་པ་ཡིན།
    ༤) ང་རང་དད་མོས་ཡོད་མཁན་ཞིག་མིན། ཡིན་ནའང་། ཏཱ་ལའི་བླ་མ་མཆོག་ལ་གུས་བཀུར་ཞུ་མཁན་ཞིག་ཡིན། ཁོང་གི་མཁྱེན་རྒྱ་དང་ཉམས་མྱོང་དེ། ང་ཚོ་ལས་ལྷག་པ་ཞིག་ཡིན་པ་དེ། ངས་སྐད་ཆ་ཅི་དང་གང་བཤད་ནའང་སེམས་ནང་དྲན་དྲན་པ་ཞིག་ཡིན་ལ། ཁོང་གིས་བོད་མི་རིགས་ལ་བཅངས་པའི་བརྩེ་བ་དེ། ང་ཚོ་ཀུན་ལས་ཆེ་བ་ཞིག་ཡིན་པའི་ཡིད་ཆེས་ཡོད། ཡིད་ཆེས་འདི་ནི་མིག་གིས་དངོས་སུ་མཐོང་ཐུབ་པའི་ཁོང་གི་མཛད་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེར་བརྟེན། འདི་ལ་འགྱུར་བ་ཡོང་མི་སྲིད། ཁོང་གི་སྐོར་ལ་ཅི་དང་གང་བཤད་ནའང་བསམ་བློའི་རྨང་གཞི་དེ་ཡོད་ངེས་པ་དེ་གསལ་པོ་ཡིན།
    ༥) རང་རེའི་སྤྱི་ཚོགས་ནང་སྲིད་དོན་གྱི་དཔྱད་གླེང་བྱ་རྒྱུ་ཧ་ཅང་དཀའ། གཅིག་ནས་བོད་པར་དེ་ཚོར་ཉན་པ་དང་བསམས་ཐུབ་པའི་གོམས་གཤིས་འཇགས་ཡོད་མ་རེད། གཉིས་ནས་ཆོས་ལུགས་ཀྱི་འདུ་ཤེས་ཀྱིས་ཐམས་ཅད་ལ་འགྲེལ་བཤད་རྒྱག་གི་ཡོད་རེད། གསུམ་ནས། བླ་ཆེན་མི་ཆེན་མང་པོར་ཐུག་ཡོང་གི་ཡོད། ལྷག་པར་ང་རང་བོད་དང་རྒྱ་ནག་ཏུ་འཚར་བ་ཞིག་ཡིན་སྟབས། ཁ་གྲགས་པ་དང་རྒྱ་ནག་གི་མྱུལ་མ་རེད་མདོག་མདོག་གི་སྐད་ཆ་དེ་སྤེལ་ཡོང་གི་ཡོད་རེད། ཡིན་ནའང་། ད་ལྟའི་དུས་ཚོད་འདིར། རང་ཟོན་སྤངས་ཏེ་བསམ་འཆར་འགའ་བཤད་ཐབས་བྱེད་ཀྱིན་ཡོད། ང་ལ་གདེང་ཚོད་མེད། དྲང་པོ་བཤད་ན་མི་མི་དགའ་བ་དེ་ཆོས་ཉིད་ཡིན་པའི་འདུན་ས་ན། ངས་འདི་ལྟར་མུ་མཐུད་བཤད་དགོས་མིན་དང་། བཤད་ན་ཅི་ཞིག་འབྱུང་མིན་སོམ་ཉི་ཆེ། སོམ་ཉི་ཧ་ཅང་ཆེ།། །།

    Reply
  27. གནས་ཚང་། says:
    ལོ་ 10 སྔོན།

    མ་གཞི་དབྱེ་ཞིབ་ལ་ཁ་གཡར་ནས་ནང་ཁུལ་ཟིང་ཟིང་བཟོ་སྟངས་འདིའང་འཐབ་ཕྱོགས་གཅིག་གྱུར་ཁང་གི་བྱེད་ཐབས་གཙོ་བོ་གཅིག་ཡིན། དེའི་ཁར་མི་འདིས་ཁ་ཡར་གྲགས་མར་གྲགས་ལ་ཀྲུང་དབྱང་སྲིད་གཞུང་འབོད་སྟངས་ལས་ཀྱང་ར་གསལ་བོ་འཕྲོད་ཡོད།

    དེ་མིན་སྐུ་ཕྲེང་བཅུ་གསུམ་དང་བཅུ་བཞི་བའི་བར་ལ་དཀྲུགས་ཤིང་ཞེས་པའི་སྐད་ཆ་འདི་ནང་ཆོས་ངོས་ལེན་མེད་མཁན་ཞིག་གིས་མགཏོགས་བཤད་མི་སྲིད།

    Reply
  28. གྲྭ་ལོག says:
    ལོ་ 10 སྔོན།

    ༡ རང་བཙན་དང་དབུ་མའི་རྩོད་གཞི་ཡོང་ཁུངས་དང་པོ་སྤྱི་འཐུས་ལྷན་ཚོགས་ཡིན། སྤྱི་འཐུས་དེ་ཚོའི་ནང་ནས་སྤྱི་འཐུས་བཅུ་གྲངས་ཤིག་རྒྱལ་ཡོངས་རང་བཙན་ལྷན་ཚོགས་འཛུགས་རྒྱུའི་ཚོགས་འདུར་ཞུགས་པ་རེད། རྩ་ཁྲིམས་གསར་བཟོ་དང་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་པའི་བོད་མིའི་སྒྲིག་འཛུགས་འཇམ་དབྱངས་ནོར་བུའི་བཀའ་ལྟར་མགོ་རྟིང་སློག་གི་ཡིན་མདོག་བསྟན་པ་རེད། སྐབས་དེར་ཀླུ་མཁར་བྱམས་སོགས་ཀྱིས་མངོན་གསལ་དོད་པོས་དབང་བསྒྱུར་གྲལ་རིམ་༼ བཙན་བྱོལ་ནང་གི་སྐུ་དྲག་ཚོ་༽ལ་ངོ་རྒོལ་བྱེད་མཁན་ཡིན་ལབ་པ་རེད། དེ་ནས་བཟུང་བཙན་བྱོལ་མི་མང་ལ་ཐུགས་ཕམ་བྱུང་བ་དང་སྤྱི་འཐུས་དེ་ཚོར་མི་མང་སྐྱུག་མེར་ལངས་པ་རེད།

    ༢ དེ་ནས་སྲིད་སྐྱོང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ཁ་ནས་བསྒྲགས་པ་ཙམ་མ་གཏོགས། དོན་དངོས་ལག་བསྟར་ཁྲོད་མི་མང་ནང་དོགས་པ་མང་པོ་བྱུང་བ་རེད། དེ་ལ་ཤར་ཁུག་གིས་རང་སྐྱོང་༼ བསམ་འཆར ༽མཇུག་སྣོན་མི་བྱེད་པར་སྐྱོན་བརྗོད་བྱས་པ་རེད། ད་དུང་ཡང་སྲིད་སྐྱོང་གིས་རང་སྐྱོང་བསམ་འཆར་སྐོར་ཚིག་གཅིག་གསུངས་མེད་པ་རེད། དེས་རྐྱེན་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཁ་ཞེ་གཉིས་མེད་ཡིན་པ་མི་མངོན་པ་དེས་མི་མང་ནང་རང་བཞིན་གྱིས་དོགས་པ་བྱུང་བ་འབྲེལ། རང་བཙན་ཕྱོགས་ཁག་གིས་གོ་སྐབས་རྩོད་ལེན་གྱིས་བརྒྱུད་ལམ་ཁག་ཏུ་འདྲ་མི་འདྲ་ལབ་པ་རེད།

    ༣ དེའི་རྗེས་གླིང་ཚའི་དར་དམར་གྱི་ལས་འགུལ་བྱུང་བ་དང། གཞོན་ལྷན་ནས་རྒྱ་ཕོག་ཟ་མཁན་དང་རྒྱ་ཡི་སྐུ་མགྲོན་ཚོར་གཤེ་གཤེ་ཡེ་ནས་མེད་པར། གླིང་ཚས་ལོ་རྒྱུས་ནང་ནག་པོ་བཟོས་ཚུལ་གྱིས་མི་མང་དང་ཤེས་ཡོན་ཅན་མང་པོར་བློ་ཕམ་བྱུང། དེ་མ་ཐག་དབུ་མའི་ལས་ཁང་ནས་གླིང་ཚའི་ལས་འགུལ་ལ་དབུ་མའི་སྲིད་བྱུས་དང་མཐུན་པ་མ་ཟད་ད་དུང་མི་མང་པོ་ཡོང་བར་འབོད་སྐུལ་བྱས། གླེང་ཕྱོགས་དེས་བཀའ་སྤྱི་གཉིས་ཀའང་འགུལ་ནས། སྤྱི་འཐུས་རང་བཙན་པའི་གྲངས་འབོར་མཐོ་བའི་སྤྱི་འཐུས་རྒྱུན་ལས་དར་ཆ་འཕྱར་མི་ཆོག་པར་ཐག་བཅད། དེའི་ཤུགས་བཀའ་ཤག་ལ་ཕོགས་ནས། བཀའ་དྲུང་གིས་བསྲེགས་པ་དང་འཕྱར་བ་གཉིས་ཀར་ངོ་རྒོལ་ཡོད་ཟེར། ཡིན་ནའང། ཤར་ཁུག་གིས་སྲིད་སྐྱོང་གི་ཞི་བ་དང་ཁྲིམས་མཐུན། ཆེ་མཐོང་ལྡན་པ་བཅས་ལ་དར་དམར་འཕྱར་བ་མཐུན་ཚུལ་གྱི་རྒྱུ་མཚན་ཆེན་པོ་བཅུ་གཉིས་བཀོད།

    དེ་ནས་སྤྲུལ་དབང་༼ མནར་མེད་དམྱལ་བའི་མདོ་༽འབྲི་མཁན། བདེ་སྲུང་ལས་ཁུངས་ཀི་ནག་ཐིག་ནང་ཟགས་པ་དེས་གཞི་རྩ་མེད་པའི་འཆལ་གཏམ་ལུང་པ་གང་བྲིས། དེའི་ནང་དབུ་མའི་ལམ་འདོན་དགོས་པ་ནི་རྒྱལ་བ་རིན་པོ་ཆེའི་གཏམ་གྲགས་ཀྱི་ཆེད་དུ་རེད་ཅེས་སྤྱི་ཚོགས་བདེ་འཇགས་ལ་གཏོར་སྐྱོན་དང། དམངས་སེམས་ལ་ཞེ་འཁོན་ཚད་མེད་བསྐྲུན། ཡིན་ནའང། བདེ་སྲུང་གིས་གཞུང་འབྲེལ་ཐོག་མི་འདིའི་ངོ་བོ་ད་དུང་གསལ་སྟོན་བྱས་མ་སོང། དེ་དང་མཉམ་དུ་བལ་ཡུལ་ནས་རང་བཟོ་བླ་མ་བྱས་པ་ཀླུ་སྨྱོན་ཧེ་རུ་ཀ སྐྱ་མིན་སེར་མིན་ཞིག་ཡོད་པ་དེས་ཀྱང་དྲང་མོར་ཞུས་ན་གླེན་བཤད་འགའ་ཞུས་འཕྲལ། ཧོར་གཙང་འཇིགས་མེད་ཀྱིས་ཤ་ཚ་བའི་གཏམ་རིང་ཞིག་བྲིས།

    དེ་ལྟར་དབུ་རང་གི་རྩོད་པ་ལྟ་བུའམ། ཡང་ན་བདེན་པ་དང་རྫུན་མའི་རྩོད་པ་རྒྱས་སྟབས་འབྲོང་དཀར་པོས་ཅིག་མི་ཤེས་ན་ཤེས་མདོག་གིས་རྩོམ་འདི་བྲིས་པ་རེད། ཧཧཧཧཧཧ

    Reply
  29. ketaka says:
    ལོ་ 10 སྔོན།

    ལུང་རྟོགས་་་་བདེན་ཁ་དང་སྐྱོན་བརྗོད་བྱེད་པར་གནས་ལུགས་དངརྒྱུ་མཚན་དགོས་མོད། འགྲེལ་བརྗོད་དང་གསལ་སྟོན་ཅི་ཡང་མེད་པར་ཉེས་སྐྱོན་བཀལ་བ་ཙམ་གྱིས་ཇི་ལྟར་འཐུས། ཤར་ཁུག་དང་སྤྲུལ་དབང་གཉིས་གང་གི་ཆ་ནས་གཅིག་མཚུངས་སུ་གྱུར་བ་རེད། གཏམ་བཤད་ཀྱི་ཆ་ནས་བཤད་ཀྱི་ཡོད་ཡང་ན་རྩོམ་ཡིག་ཐོག་ནས་རེད་ལབ་ཀྱི་ཡོད། ཁྱོད་ཀྱི་སྐད་ཆ་དེ་རང་ག་བའི་སྐད་ཆ་ཞིག་མ་རེད་དེ་ནི་ངས་ཁྱོད་ལ་གསལ་སྟོན་བྱེད་མི་དགོས་པར་ཁྱོད་ཀྱིས་རྟོགས་ལོས་ཡོད། སྐད་ཆ་སྦོམ་བཤད་ཙམ་གྱིས་འཐུས་པར་བྱས་ན་སོ་སོ་ཕུང་དཀྲུག་མཁན་ཞིག་ཏུ་གྱུར་བ་མ་ཡིན་ནམ་་་་་་

    Reply
  30. བསོད་ནམས། says:
    ལོ་ 10 སྔོན།

    འབྲོང་དཀར་པོ་ཟེར་བ་འདིས་སྔོན་མའང་རྩོམ་ཡིག་ཡག་པོ་འགའ་ཞིག་སྤེལ་སོང་། རིམ་པ་བཞིན་ཀློག་གི་ཡོད་ལ། རྩོམ་ཡིག་གི་བརྗོད་བྱ་རྗོད་བྱེད། རྗོད་སྟངས་གང་ཐད་ནས་མོས་མཐུན་བརྒྱ་ཆའི་བརྒྱ་ཡོད། ཞིབ་ཚགས་མོས་ཐོག་ནས་བལྟས་ཡོང་བ་ཡིན་ན་རང་བཙན་ཤོད་མཁན་འདི་དག་མང་ཆེ་བ་རྒན་པ་སེམས་ཤུགས་ཅན་སྐོར་ཞིག་དང་། མཁས་འདོད་གྲགས་འདོད་ཅན་ཆབ་སྲིད་པ་སྐོར་ཞིག དེ་ནས་ནང་ཁུལ་ལ་ལྟ་ཕྱོགས་མཐོང་ཕྱོགས་དང་ཞེ་འཁོན་ཡོད་པའི་དམིགས་ཡུལ་ཅན་འགའ། དེའི་འཕྲོས་དག་ཤེས་ཡོན་དང་བསམ་བློ་གང་ཡང་མེད་པའི་གླེན་པ་འགའ་ཡིན། དེ་ང་སྒེར་གྱི་ལྟ་ཚུལ་ཙམ་མིན་སྤྱི་ཚོགས་ནང་སྔོན་མ་ནས་འདིའི་མཐོང་ཚད་ཡོད་པ་ཞིག་རེད།

    Reply
  31. ལུང་རྟོགས། says:
    ལོ་ 10 སྔོན།

    དངོས་གནས་སྤྱི་དོན་སྙིང་བཅང་གི་སྐད་ཆ་ཞིག་རེད། དགའ་བསུ་ཞུ། ཕུང་དཀྲུག་འདི་སློངས་མཁན་ནི་ཤར་ཁུག་དང་སྤྲུལ་སྐུ་དབང་ཆེན་ཞེས་པ་དེ་གཉིས་རེད། ལྟ་གྲུབ་རྩོད་གླེངས་འདིས་བཙན་བྱོལ་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཅི་ཞིག་ཐེབ་ཀྱང་མི་འདི་གཉིས་ལ་འགན་ཡོད།

    Reply
  32. འཇམ་གཅེས ། says:
    ལོ་ 10 སྔོན།

    དེང་སང་བོད་མི་ཁག་གཅིག་གིས་སོ་སོས་བརྡ་དག་གི་འགྲོ་སྟངས་འདྲ་ཅུང་ཟད་ཤེས་ཚེ་འགན་ཁུར་གང་ཡང་མི་དགོས་པར་སེམས་ནས་གང་དྲན་དྲ་ལམ་ཐོག་སྤེལ་ཤག་ཤག་འདི་ཡང་རང་ཉིད་བསམ་བློ་རྗེས་ལུས་ཡིན་པར་ངོས་འཛིན་མ་ཐུབ་པའི་ནོངས་པ་ཁོ་ན་ལས་དགེ་མཚན་གང་ཡང་མིན། ལྷག་པར་དུ་ཡང་ད་ལྟའི་བོད་པའི་གནས་བབ་མ་མཐོང་པ་འམ་མ་དཔྱད་པའི་རྟགས་གསལ་པོ་ཡིན། ཡིད་གཟབ་བྱོས་ཤིག །

    Reply
  33. ཟླ་བ་བསོད་ནམས། says:
    ལོ་ 10 སྔོན།

    འབྲོང་དཀར་ལགས། སྐད་ཆ་བསམ་ནས་ཤོད། བདེན་དཔང་སྟོན་ནས་རྩོད། གནས་སྟངས་ལ་རྒྱུས་ལོན་མེད་པར་ཚོད་དཔག་གི་སྐད་ཆ་འདི་རིགས་ཕུང་དཀྲུགས་ཀྱི་ལས་ངོ་མ་ཞིག་ཏུ་གྲུབ་འགྲོ་བ་རེད། ཁ་སང་དེ་རིང་དབུ་རང་གཉིས་ཁ་རྩོད་ཤོར་བསྡད་ཡོད་པ་མངོན་གསལ་རེད། སུ་གང་ཞིག་རྒྱ་ནག་གི་ལག་གཡོག་པ་རེད། སྐད་ཆ་འདི་རིགས་བཤད་ཡོང་དུས་ལས་འགན་ཞིག་ཡོད་དགོས་བ་འདུག ལས་འགན་དེ་ནི་མི་བུ་འདི་དང་འདི་ཡིས་རྒྱ་ནག་གི་ལས་ཀ་བྱེད་ཀྱིན་འདུག་ལབ་ནས་གདོང་ལ་མཛུབ་མོ་འཛུགས་ཐུབ་པ་དགོས་རྒྱུ་རེད། དེ་མ་གཏོགས་སྐད་ཆ་འདི་རིགས་དཀྲོགས་གཏམ་ཆགས་རྒྱུའི་ཉེན་ཁ་འདུག མི་མང་མང་ཚོགས་ཀྱི་གྲས་སུ་མགོ་མཇུག་མི་གསལ་བའི་བརྡ་ལན་འདི་འདྲ་བཏང་ཡོང་དུས། དངོས་ནས་འགན་ཞིག་འཁུར་ནས་ཕྱི་གསལ་ནང་གསལ་བཟོ་མ་ཐུབ་ཚེ། བློ་ཕམ་འགྲོ་མཁན་དག་མི་མང་མང་ཚོགས་རེད། དེར་བརྟེན་སྐུ་ཉིད་ཀྱི་བསམ་ཚུལ་འདི་ལ་བདག་སྤྲོད་ཀྱིས་ཁུངས་བཙན་གང་ཡོད་ཕྱི་ལ་འདོན་ཐུབ་པ་གྱིས། དེ་མ་གཏོགས་སྐུ་ཉིད་ཀྱི་བསམ་ཚུལ་འདི་ཕུང་དཀྲུགས་དང་འཆལ་གཏམ་གྱི་གྲས་སུ་འཇོག་གི་ཡིན།

    Reply
  34. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 10 སྔོན།

    རྩོམ་པོ་ལགས་ཀྱིས་རྩོམ་ཡིག་ཡག་པོ་ཞིག་སྤེལ་འདུག ང་ངེས་པར་དུ་གཟབ་གཟབ་བྱེད་དགོས་ངེས་རེད། འོན་ཀྱང་འདི་དག་ནི་རྒྱལ་ཁབ་ཅིག་གི་ལོ་རྒྱུས་ཀྱི་རྒྱུད་རིམ་ཞིག་ཡིན་སྲིད་པས་མཐར་བབ་ས་དེ་བཟང་པོ་ཞིག་ཏུ་འབབ་པའི་རེ་བ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist