མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ཉིད་ལ་ལངས་ཕྱོཊ་ཡང་དག་ཅིག་དང་རྒྱ་གཞུང་ལ་ལྟ་སྟངས་གསལ་བོ་ཞིག་དགོས།

བོད་ཀྱི་དུས་བབ།
༢༠༡༣/༠༣/༡༤
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ཟུར་བསྟན་འཛིན་མགོན་པོ་ལགས་སུ།  རྒྱ་ནག་གི་དཔོན་རིགས་གསར་རྙིང་གི་འགྱུར་བ་དང་བོད་རྒྱལ་འབྲེལ་མོལ་གྱི་གནས་སྟངས། བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་ཡོན་འཐུས་ཤོར་བཅས་ཀྱི་ཐད་བཅར་འདྲི་ཞུས་ཡོད།

            དྲི་བ། ལོ་སྔོན་མའི་ནང་རྒྱ་གཞུང་དཔོན་རིགས་གསར་རྙིང་གཉིས་བརྗེ་བོ་བརྒྱབ་ཚར་པ་རེད།  རྒྱ་གཞུང་གི་དཔོན་རིགས་གསར་པ་ཚོར་ཁྱོད་ལ་ལྟ་སྟངས་ག་རེ་ཡོད།  

ལན། སྤྱིར་རྒྱ་ནག་འགྱུར་བ་འགྲོ་མིན་དེ་དཔོན་པོ་རེ་གཉིས་ཀྱི་བསམ་བློ་ཁོ་ནར་ཐུག་མེད་པར་རྒྱུ་རྐྱེན་མང་པོ་ཞིག་ལ་རག་ལས་ཡོད་པ་རེད། ཞིས་ཅིན་ཕེན་དང་ལི་ཁི་ཆཱིང་གཉིས་ནི་གཞི་རིམ་གྱི་གྲོང་སྡེ་ནས་ལས་ཀ་མགོ་བཙུགས་ཏེ་ཡོང་མཁན་གྲས་རེད། གྲོང་གསེབ་ཀྱི་དཀའ་སྡུག་ཆ་ཚང་མཐོང་མྱོང་ཡོད་ལ། ལྷག་པར་དུ་ཞིས་ཅིན་ཕེན་ལ་མཚོན་ན། ཁོ་རང་ལོ་ ༩ སྐབས་ཕ་རྒན་གོ་ས་ནས་གཡུགས་ཏེ་བཙོན་འཇུག་བྱས་པ་སོགས་སྡུག་བསྔལ་སྣ་ཚོགས་མྱངས་པ་རེད།  གུང་ཁྲན་ཏང་གི་སྤྱི་ཚོགས་ལམ་ལུགས་ཡག་པོ་མེད་པའི་མྱོང་ཚོར་ཡོད་བསྡད་མཁན་གྱི་མི་ཞིག་ཆགས་ཡོད།  ཡིན་ནའང་། རྒྱ་ནག་ལ་སྒྱུར་བཅོས་གཏོང་བའི་དབང་ཆ་ཁོ་རང་གཅིག་པུའི་ལག་ན་ཡོད་པ་མ་རེད། ད་སྐབས་ཀྱི་ཞིས་ཅིན་ཕེན་དང་ལི་ཁི་ཆཱང་གཉིས་ཀྱི་གནས་སྟངས་ནི། ཧུའུ་ཡའོ་ཕང་དང་ཀྲའོ་ཙི་ཡང་གཉིས་ཀྱི་གནས་སྟངས་དང་འདྲ་བོ་རེད། དེ་སྔོན་རྒན་ཡོལ་བྱས་ཟིན་པའི་དཔོན་རིགས་བརྒྱད་ཀྱིས་རྒྱ་གཞུང་གི་ཆབ་སྲིད་ཁ་ལོ་སྒྱུར་ཏེ། ཀྲའོ་ཙི་ཡང་དང་ཧུའུ་ཡའོ་པང་གཉིས་གོ་གནས་ནས་མར་གཡུགས་པ་རེད། ད་སྐབས་ཀྱང་ཅཱང་ཙེ་མིན། ལི་ཕིན། ཀྲུའུ་རུང་ཅི་སོགས་རྒན་ཡོལ་བྱས་ཟིན་པའི་དཔོན་རིགས་ཁག་ཅིག་གིས་རྒྱ་གཞུང་གི་ཆབ་སྲིད་ལ་སྟངས་འཛིན་བྱས་ཡོང་གི་ཡོད་པ་རེད། རྒྱ་གཞུང་གི་གནས་སྟངས་ཤེས་མཁན་རྒྱ་རིགས་ཉམས་ཞིབ་པ་དག་གིས་ཀྱང་ཉུང་མཐར་ཡང་ལོ་གཉིས་ཀྱི་ནང་དུ།  ཞིས་ཅིན་ཕེན་དང་ལི་ཁི་ཆཱིང་གཉིས་འཕག་འཚག་རྒྱག་ཐུབ་ཀྱི་མིན་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད། 

            དྲི་བ། དེང་སྐབས་ཨ་རབ་དང་ཨེ་ཤ་ཡའི་ནང་ཆབ་སྲིད་དང་དཔལ་འབྱོར་གང་ཐད་ནས་འགྱུར་བ་སྣ་ཚོགས་ཤིག་ཡོང་གི་ཡོད་པ་རེད། མ་འོངས་པར་རྒྱ་ནག་ནང་འགྱུར་བ་བསླེབས་ཐུབ་རྒྱུར་ཁྱེད་ཀྱིས་རེ་བ་ག་རེ་མཐོང་གི་འདུག 

ལན།  རྒྱ་ནག་ལ་འགྱུར་བ་ཡོང་རྒྱུའི་ཐད་རེ་བ་གཅིག་ག་རེ་འདུག་ཟེར་ན།   རྒྱ་གཞུང་ཚོགས་ཆེན་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ ༦ པའི་ཐོག་མོ་ཙེ་ཏུང་གི་སྐོར་ལ་གྲོས་ཆོད་ཅིག་ཡོད་པ་རེད། ༡༩༩༣ ལོར་ཧྲང་ཧེ་ནས་ཆབ་སྲིད་ཅུའུ་རྒྱས་འཛོམས་ཚོགས་འདུའི་ཐོག  སྐབས་དེར་རྒན་ཡོལ་དུ་ཕྱིན་ཡོད་པའི་ཏིན་ཞོ་ཕིན་གྱིས། མའོ་ཙེ་ཏུང་གི་གནད་དོན་དེ་རྒན་པ་ཚོ་ཡོད་པའི་སྐབས་ཐོག་ལ་གླེང་སློང་མི་བྱེད་པར། དུས་རབས་རྗེས་མའི་ནང་མགོ་ཁྲིད་གསར་བ་ཚོ་བསླེབས་སྐབས་ལག་བསྟར་བྱེད་དགོས་པའི་སྐོར་བརྗོད་དེ།  དེ་དུས་ཧུའུ་ཅིན་ཐའོ་ཀྲུང་དབྱང་གི་རྒྱུན་ལས་ནང་ལ་གསར་དུ་བསླེབས་པའི་སྐབས་རེད།  ཧུའུ་ཅིན་ཐའོ་འགན་ཁུར་མཁན་བྱས་ཏེ་ཏིན་ཞོ་ཕིན་གྱི་སྐད་ཆ་དེ་མ་འོངས་པར་ལག་ལེན་བསྟར་བྱ་རྒྱུའི་གྲས་སུ་བཞག་ནས་གསང་བའི་ཐོག་ནན་བཞག་ཡོད་འདུག  ༢༠༠༤ ལོར་ཝན་ལཱི་ཡིས་ཧུའུ་ཅིན་ཐའོ་ལ་གྲོས་ཆོད་དེ་ལག་བསྟར་བྱེད་དགོས་སྐོར་ལབ་པར་ཧུའུ་ཅིན་ཐའོ་ཡིས་ཀྱང་མིན་ལབ་ཡོད་པ་མ་རེད། འོན་ཀྱང་། སྐབས་དེར་ཧུའུ་ཅིན་ཐའོ་ལ་དམག་ཁུལ་ཀྱི་དབང་ཆ་རག་མ་ཐག་ཡིན་སྟབས་འཕག་འཚག་རྒྱག་ཐུབ་ཡོད་པ་མ་རེད། དེ་བཞིན། ༢༠༠༩ ལོར་རྒྱ་ནག་ཏང་གི་སློབ་གྲྭས་རྒྱ་ནག་དབུས་གཞུང་ལ་སྙན་ཞུ་ཞིག་ཕུལ་ཏེ།  མའོ་ཙེ་ཏུང་གི་དགོངས་པ་རྩིས་མེད་གཏོང་དགོས་ཀྱི་འདུག  དེ་ནི་རྒྱ་ནག་གི་དངོས་ཡོད་གནས་ཚུལ་མི་མཐུན་པར་རྒྱ་ནག་ཡར་རྒྱས་འགྲོ་རྒྱུར་འགོག་རྐྱེན་ཐེབས་ཀྱི་ཡོད་སྐོར་བྲིས་ཡོད་པ་རེད།  སྐབས་དེར་སྙན་ཞུ་དེའི་ཐོག་རྒྱུན་ལས་བརྒྱད་ཀྱི་མཆན་བཀོད་ཐུབ་མི་འདུག ཧུའུ་ཅིན་ཐའོ་གཅིག་པུས་མཆན་བཀོད་འདུག  ཡིན་ནའང་། ཧུའུ་ཅིན་ཐའོ་ཡིས་དེ་ཡོངས་གྲགས་བྱས་ན་སྤྱི་ཚོགས་ནང་རྙོག་ཟིང་ཡོང་ཉེན་ཡོད་པར་བརྗོད་དེ་གསང་བའི་ཐོག་ནན་བཞག་ཡོད་པ་རེད་ཟེར། སྤྱིར་རྒྱ་ནག་ལ་འགྱུར་བ་འགྲོ་དགོས་ན་མའོ་ཙེ་ཏུང་རྩིས་མེད་གཏོང་དགོས་པ་དང་། དེ་རྩིས་མེད་གཏོང་བར་ཐོག་མར་ཏིན་ཞོ་ཕེན་རྩིས་མེད་གཏོང་དགོས་ཆགས་ཀྱི་ཡོད་པ་རེད།

དྲི་བ།  རྒྱ་གཞུང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྐབས་སུའང་མའོ་ཡི་དགོངས་པ་དང་ཏིན་གྱི་རིག་པའི་གཞུང་ལུགས་བསྐྱར་ཟློས་བྱས་ཡོད་པ་རེད།  མ་འོངས་པར་ཏིན་གྱི་གཞུང་ལུགས་རྩིས་མེད་གཏོང་ཐུབ་རྒྱུར་རེ་བ་ཞིག་མཐོང་ཐུབ་ཀྱི་འདུག་གམ།    

ལན།  ཏིན་ཞའོ་ཕེན་རྩིས་མེད་གཏོང་རྒྱུའི་རྟགས་མཚན་གཅིག་ནི།  ༢༠༠༨ ལོ་རྒྱ་ནག་བསྒྱུར་བཅོས་བཏང་སྟེ་ལོ་ ༣༠ འཁོར་བའི་དུས་དྲན་སྐབས་ལ།  ཏིན་ཞོ་ཕིན་གྱི་བུ་མོ་ཆེ་བས་ཀུང་ཀྲིག་ཉིན་རེའི་ཚགས་པར་གྱིས་བཅར་འདྲིའི་སྐབས། ཁོ་མོའི་ཨ་ཕ་ལྷ་མ་རེད་ནོར་འཁྲུལ་ཡོང་སྲིད་པ་རེད། ངའི་ཨ་ཕ་ལྷ་འཇོག་སའི་ནང་མ་འཇོག་རོགས།  དབང་བོ་རྣམ་ལྔ་ཚང་བའི་སྤྱིར་བཏང་གི་མི་ཞིག་ཡིན་པའི་ངོས་ཐད་ནས་བསམ་བློ་གཏོང་དགོས་སྐོར་བཤད་ཡོད་ལ། ཧུའུ་ཅིན་ཐའོ་ཡིས་ཏིན་ཞོ་ཕིན་གྱི་བུ་ཆེ་བ་ཏིན་པུའུ་ཧྥང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བསྐོ་འཐེན་བྱས་ཡོད་པ་རེད། ཏིན་པུའུ་ཧྥང་ནི་རྒྱལ་སྲས་ཚོགས་པའི་ཁྲོད་ཀྱི་བསམ་བློའི་དབུ་འཁྲིད་མཁན་གྱི་ཚབ་མཚོན་མི་སྣར་ངོས་འཛིན་བཞིན་ཡོད་ལ། དེ་སྔོན་ཐཱེན་ཨན་མཱེན་ཐང་ཆེན་དུ་ཏིན་ཞོ་ཕིན་གྱིས་སློབ་ཕྲུག་དམར་གསོད་གཏོང་སྐབས། ཁོའི་བུ་ཏིན་པུའུ་ཧྥང་ཡིད་འཐད་བྱུང་ཡོད་པ་མ་རེད། ཏིན་ཞོ་ཕིན་གྱི་བུ་ཕྲུག་ཚོས་ཏིན་ཞོ་ཕིན་མཐའ་གཅིག་ཏུ་རྩིས་མེད་གཏོང་སྲིད་ཀྱི་མ་རེད། ཡིན་ནའང་།  ཏིན་ཞོ་ཕིན་གྱི་གཞུང་ལུགས་སྐོར་ཅིག་རྩིས་མེད་བཏང་བ་ཡིན་ན།  ཧུའུ་དང་ཝུན་གཉིས་ཀྱིས་བཏོན་པའི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་ཤུགས་ཆེ་རུ་ཡོང་ཐུབ།  དེ་ལྟར་ཏིན་ཞོ་ཕིན་གྱི་གཞུང་ལུགས་རྩིས་མེད་གཏོང་ཐབས་ཀྱི་ཆ་རྐྱེན་གཅིག་སྒྲིག་གི་ཡོད་པ་རེད། འོན་ཀྱང་། རྒྱབ་ལོགས་ན་ཡོད་པའི་རྒྱ་གཞུང་གི་དཔོན་རིགས་རྒན་པ་ཚོ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཚང་མར་ལྟ་དགོས་པ་རེད། 

            དྲི་བ། ཆབ་སྲིད་དབྱེ་ཞིབ་པ་མང་པོ་ཞིག་གིས་ཞིས་ཅིན་ཕིན་ལ་རྒྱ་ནག་འགྱུར་བ་གཏོང་འདོད་ཀྱི་བསམ་བློ་དང་ནུས་པ་ཡོད་པར་ངོས་འཛིན་བྱེད་ཀྱི་འདུག  དེའི་ཐད་ཁྱེད་ལ་ལྟ་ཚུལ་ག་རེད་ཡོད།

ལན། ཧུའུ་ཅིན་ཐོ་དང་བསྡུར་བ་ཡིན་ན།  ཁོའི་ཕ་རྒན་ཞིས་ཀྲུང་ཞོན་དང་། ཁོའི་ཆུང་མ་ཕིན་ལིས་ཡཱོན། ཁོ་རང་ཉིད་ཚང་མ་དམག་ཁུལ་ནས་ལས་ཀ་བྱེད་མྱོང་མཁན་རེད། རྒྱ་ནག་དམག་ཁུལ་ནང་ཞི་ཅིན་ཕེན་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པ་རེད། ཡིན་ནའང་། དམག་མིའི་ནང་མོ་ཙེ་ཏུང་དང་སྤྱི་ཚོགས་རིང་ལུགས་རྩིས་མེད་གཏོང་དགོས་སྐོར་བརྗོད་པ་ཡིན་ན། དེར་དམག་མིས་ནང་རྒྱབ་སྐྱོར་བྱེད་མཁན་དང་ངོ་རྒོལ་བྱེད་མཁན་ག་འདྲ་ཞིག་ཡོང་གི་ཡོད་མིན་དེ་དྲི་བ་ཞིག་རེད། ཡིན་ནའང་། ཞིས་ཅིན་ཕེན་དཔོན་པོར་མ་བསྡད་པའི་ཡར་སྔོན་གྱི་གནས་ཚུལ་ཞིག་ལ། ཞིས་ཅིན་ཕེན་གྱི་ཨ་ཅེ་ཞི་ཆོ་ཆོ་པེ་ཅིན་དུ་ཡོང་ནས། ཞིས་ཅིན་ཕེན་གྱི་ཚབ་བྱས་ཏེ་ཧུའུ་ཡོ་པང་ཚང་ལ་འབྲེལ་བ་བྱས་ཡོད་འདུག དེ་ནི་ཞི་ཡི་ཕ་རྒན་དང་ཀྲའོ་ཙི་ཡང་གཉིས་འབྲེལ་བ་དམ་པོ་ཡོད་པ་དང་། ཀྲའོ་ཙི་ཡང་དང་ཧུའུ་ཡའོ་པང་མི་ཚང་གཉིས་བར་ཕན་ཚུན་འགྲོ་འོང་མེད་པའི་འགལ་བ་ཡོད་པ་རེད།  དེར་བརྟེན།  ཞི་ཆོ་ཆོ་ཡིས་ཕན་ཚུན་བར་འབྲེལ་བ་བྱས་ཏེ་ཧུའུ་ཡོ་པང་ཚང་གི་སྐུ་ཚབ་ཏུ་ཧུའུ་ཏིག་ཧྭ་དང་ཀྲོ་ཙི་ཡཱང་ཚང་གི་སྐུ་ཚབ་ཏུ་ཝང་ཡཱང་ནཱན་གཉིས་བྱས་ཏེ།  ཁྱིམ་ཚང་གཉིས་ཞི་འགྲིག་ཡོང་འཇུག་གི་ཡོད་པར་བཤད། དེའི་དམིགས་ཡུལ་ནི་རྒྱལ་སྲས་ཚོགས་པའི་ནང་ནས་ཁོ་ཚོ་ཁྱིམ་རྒྱུད་གསུམ་གཙོ་བྱས་ཏེ། མའོ་ཙེ་ཏུང་གི་སྐབས་སྡུག་པོ་བཏང་བཞག་པ་དང་། ཏིན་ཞོ་ཕིན་གྱི་སྐབས་ལའང་གྱོང་རག་བསྡད་མཁན་གྱི་བཅོས་སྒྱུར་ཤོག་ཁག་ཅིག་འཛུགས་བཞིན་ཡོད་པ་རེད་ཟེར། ཡིན་ནའང་། དེ་ཚོའི་ཁ་གཏད་དུ་ཁྲིན་ཡོན་དང་ཧུའུ་ཆོ་མུའུ། ཏིན་ལའེ་ཆོན་བཅས་བུ་ཕྲུག་ཚོས་སྣེ་ཁྲིད་པའི་མཁྲེགས་འཛིན་ཤོག་ཁག་ཅིག་ཡོད་པ་དང་། དེར་ཀྲིག་ཨན་ལའེ་དང་ཏུང་པའེ་ཝུ་གཉིས་ཀྱི་ནང་མིས་ཀྱང་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་རེད་ཟེར།  གནས་ཚུལ་དེ་དག་རྒྱ་ནག་ནང་ཡོངས་གྲགས་ལྟ་བུ་ཆགས་འདུག 

            དྲི་བ། བོད་མི་སྐོར་ཅིག་གིས་ཞིས་ཅིན་ཕེན་མགོ་ཁྲིད་ཆགས་རྗེས།  བོད་དོན་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཐེབས་རྒྱུར་རེ་བ་རྒྱག་བཞིན་པའི་ཐད་ཁྱེད་ལ་དགོངས་ཚུལ་ཅི་ཞིག་ཡོད། 

ལན།  རྒྱ་ནག་ལ་བཟང་ཕྱོགས་ནས་འགྱུར་བ་མ་འགྲོ་བའི་སྔོན་ལ། བོད་ཐོག་འཛིན་པའི་སྲིད་ཇུས་ཇེ་སྡུག་ཏུ་འགྲོ་སྲིད་པ་རེད་མ་གཏོགས། བོད་གཅིག་པུར་སྲིད་ཇུས་ཡག་པོ་ཞིག་རྩ་བ་ཉིད་ནས་གཏོང་ཤེས་ཀྱི་མ་རེད། རྒྱ་ནག་གི་ནང་ནས་མཁྲེགས་པོ་བྱེད་མཁན་ཚོས་ག་རེ་བྱེད་ཀྱི་འདུག རྒྱ་ནག་ལ་སྒྱུར་བཅོས་གཏོང་འདོད་ཡོད་མཁན་ཚོར་ནུས་པ་དང་སྟོབས་ཤུགས་ག་འདྲ་ཞིག་འདུག རྒྱ་ནག་མི་དམངས་ནང་གོ་རྟོགས་སད་བསྡད་མཁན་མི་མང་ག་ཚོད་འདུག དེ་ལྟར་རྒྱ་ནག་གི་ཕྱོགས་མང་པོའི་འགྱུར་བ་ལ་བལྟས་ཏེ་རེ་བ་རྒྱག་དགོས་པ་རེད་མ་གཏོགས། ཞིས་ཅིན་ཕེན་གྱིས་སྐད་ཆ་ཡག་པོ་ཞིག་གཅིག་བཤད་པ་ཙམ་ལ་མགོ་འཁོར་བསྡད་ན་འགྲིག་གི་མ་རེད། ད་བར་དུ་བཙན་བྱོལ་སྤྱི་ཚོགས་ནང་ནས་ནོར་འཁྲུལ་ཆེ་ཤོས་ཤིག་ནི་རྒྱ་དཔོན་རེ་ཟུང་གི་སྐད་ཆར་མགོ་འཁོར་ནས་བསྡད་པ་དེ་རེད། གསར་ལམ་ཁག་ལ་མཚོན་ན་གནས་ཚུལ་བཟོས་ཏེ་ལྟ་མཁན་བྱུང་བ་ན་འགྲིག་གི་ཡོད་རེད། འཛམ་གླིང་གི་གསར་འགྱུར་བཤད་མཁན་ཚོའི་རྗེས་ལ་བརྒྱུགས་ཏེ། གསར་ལམ་ཁག་ནས་དགའ་སྐྱིད་བཤད་ན་དགའ་བ་སྒོམ་པ་དང་། སྡུག་སྤྱད་བཤད་ན་སྡུག་བསྔལ་བྱེད་པ་དེར་སྙིང་བོ་ཡོད་པ་མ་རེད། རྒྱ་ནག་གི་ལག་ནས་ཚུར་བརྒྱ་ཆ་ག་ཚོད་ཅིག་ལེན་ཐུབ་ཀྱི་འདུག གོ་སྐབས་ག་རེ་འདུག་མིན་གསལ་བོ་རྟོགས་པའི་སྒོ་ནས། ང་ཚོ་རང་ཉིད་ལ་ལངས་ཕྱོགས་ཡང་དག་ཅིག་དང་། རྒྱ་གཞུང་ལ་ལྟ་སྟངས་གསལ་བོ་ཞིག་དགོས་ཀྱི་འདུག 

            དྲི་བ། བོད་རྒྱ་འབྲེལ་མོལ་ལ་གྲུབ་འབྲས་ཐོན་ཡོད་མེད་ཐད་བཙན་བྱོལ་སྤྱི་ཚོགས་ནང་གླེང་སློང་འདྲ་མིན་ཡོང་གི་ཡོད་པ་རེད། ཁྱེད་ཀྱིས་བོད་རྒྱ་འབྲེལ་མོལ་ཐོག་ལྟ་སྟངས་གང་འདྲ་འཛིན་གྱི་ཡོད་དམ།

ལན། བོད་རྒྱ་འབྲེལ་མོལ་ལ་བསྐྱར་ཞིབ་བྱེད་དགོས་པ་རེད། སྤྱིར་བཏང་བོད་རྒྱའི་བར་འབྲེལ་ལམ་བཙུགས་པ་ལ་བརྟེན་ནས་ང་ཚོར་ཕན་ཐོགས་བྱུང་ཡོད་པ་རེད། ཐ་ན། རིག་གསར་རྗེས་སུ་༸པཎ་ཆེན་རིན་པོ་ཆེ་དང་ཕུན་ཚོགས་དབང་རྒྱལ་རྣམ་གཉིས་དཀར་འདོན་ཡོང་ཐབས་ཐད་ལའང་ནུས་པ་ཐོན་ཡོད་པ་རེད། ཡིན་ནའང་། ད་ལྟའི་བོད་རྒྱ་འབྲེལ་མོལ་ཚོགས་པས་རྒྱ་ནག་དང་འབྲེལ་བ་བྱེད་བཞིན་པ་འདིར། རྒྱ་ནག་གི་ངོས་ནས་འབྲེལ་གཏུག་དང་ང་ཚོའི་ངོས་ནས་འབྲེལ་མོལ་ཞེས་ལབ་ཀྱིན་ཡོད་ལ། འབྲེལ་མོལ་གྱིས་ཚད་མཐོན་པོ་ཞིག་དང་བྲེལ་གཏུག་གི་ཚད་དམའ་བོ་ཞིག་སྟོན་གྱི་ཡོད་རེད།  གང་ལྟར་ད་ལྟའི་འབྲེལ་མོལ་དེ་བརྒྱུད་ནས་དམིགས་བསལ་འདི་ཕན་ཐོགས་སོང་ཟེར་བ་ཞིག་སྟོན་རྒྱུ་ཡོད་པ་མ་རེད། ལྷག་པར་དུ་ ༢༠༠༢ ལོར་ནས་བཟུང་རྒྱ་གཞུང་ཇེ་མཁྲེགས་སུ་གྱུར་ཏེ། རྒྱ་ནག་ལ་འགྱུར་བ་གཏོང་དགོས་ཟེར་མཁན་གྱི་རྒྱ་རིགས་ཧྥང་ཆའོ་དང་ཝེ་ཅིན་ཧྲིན། ཝང་ཏཱན་སོགས་ཚང་མ་ཨ་རིར་ཕྱིར་འཕུད་གཏོང་བཞིན་ཡོད་པ་རེད། ད་དུང་། སྐབས་དེའི་ཀྲིན་ཧྥ་ཝེ་ཡི་ཧྲུའུ་ཅུ་ལོ་ཀཱན་དང་ཀྲུའུ་ཝེ་ཆོན་སོགས་ཚོགས་འདུ་ཚོགས་ཏེ། ༸གོང་ས་མཆོག་བཙན་བྱོལ་དུ་དགོངས་པ་རྫོགས་འཇུག་རྒྱུའི་འཆར་གཞི་བཏང་ཡོད་པ་རེད། སྐབས་དེ་འདྲ་ཞིག་ལ་ང་ཚོ་བཙན་བྱོལ་གཞུང་དང་སྐུ་ཚབ་ཚོས་༸གོང་ས་མཆོག་བོད་ནང་དུ་ཕེབས་འཇུག་རྒྱུ་ཡིན་ཟེར་ནས་འབྲེལ་མོལ་བྱེད་བཞིན་ཡོད་པ་རེད། རྒྱ་གཞུང་གིས་ཝང་ཏན་ལྟ་བུའི་ན་གཞོན་ཕལ་བ་ཞིག་ཀྱང་རྒྱ་ནག་ནང་འདུག་འཇུག་གི་མེད་དུས། དེ་ལས་ལྡབ་བརྒྱ་འགྱུར་སྟོང་འགྱུར་གྱི་ནུས་པ་ལྡན་པའི་༸གོང་ས་མཆོག་བོད་དུ་ཕེབས་འཇུག་རྒྱུ་དེ་མི་སྲིད་པ་ཞིག་རེད།  ཡིན་ནའང་། ང་ཚོས་རེ་བ་མེད་ས་དེར་རེ་བ་བརྒྱབ་སྟེ་མི་མང་ཁྲོད་ལས་འགུལ་རིགས་མ་སྤེལ་བ་ཡིན་ན། ཅིག་རེག་གི་ཡོད་མདོག་གི་བཟོ་བཏོད་དེ་ ༢༠༠༨ ལོའི་གོ་སྐབས་ཡག་ཤོས་དེའང་འཕྲོ་བརླག་བཏང་ཚར་བ་རེད།  དེ་ནི་ང་ཚོས་རྒྱ་ནག་གིས་བོད་ཐོག་འཛིན་པའི་དངོས་ཡོད་གནས་ཚུལ་མ་ཤེས་པར་རེ་བ་རྒྱག་སྟངས་ནོར་བ་རེད།

            དྲི་བ། བོད་ནང་རང་ལུས་མེར་བསྲེགས་གཏོང་བཞིན་པའི་ཐད།  བཙན་བྱོལ་བ་ཁག་ཅིག་གིས་དེ་མཚམས་འཇོག་དགོས་མིན་དང་ཆོས་དང་འགལ་མིན་གྱི་གླེང་སློང་ཡང་གི་འདུག  དེའི་ཐད་ཁྱོད་ལ་བསམ་ཚུལ་ག་རེ་ཡོད།

ལན། རྒྱ་ནག་གིས་འཇིགས་སྐུལ་རིང་ལུགས་པ་སོགས་ག་རེ་བཤད་ཀྱང་རུང་། བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ནི་བླ་ན་མེད་པའི་དཔའ་བོ་རྐྱང་རེད། འཛམ་གླིང་འདིའི་སྒང་དེ་ལས་ལྷག་པའི་བློས་གཏོང་ཞིག་ཡོད་པ་མ་རེད།  ང་ཚོའི་ངོས་ནས་དེར་འགྲིག་གི་ཡོད་མེད་དང་མཚམས་འཇོག་དགོས་མིན་གྱི་སྐད་ཆ་བཤད་ས་ཡོད་པ་མ་རེད། ངས་དེ་སྔོན་རྒྱ་རིགས་ཁ་ཤས་ཤིག་ལའང་འདི་ལྟར་བཤད་པ་ཡིན།  གལ་སྲིད་བོད་པ་ཞིག་གིས་སོ་སོའི་ལུས་སྟེང་དུ་འགད་རྫས་བཅིངས་ཏེ་མེ་འཁོར་དང་རླངས་འཁོར་འབབ་ཚིགས་ནས་འགས་གཏོར་བྱས་པ་ཡིན་ན།  དེ་འཆི་བདེ་བོ་འདུག་གམ། ཡང་ན། སོ་སོའི་ལུས་སྟེང་ལ་སྣུམ་བླུགས་ཏེ་མེ་སྒྲོན་ན་དེ་འཆི་བདེ་བོ་འདུག  ཁྱོད་ཚོ་རྒྱ་རིགས་ཚོས་ཀྱང་བསམ་བློ་གཏོང་དགོས་པ་རེད་ཅེས་བཤད་པ་ཡིན།  མི་གཞན་ལའང་གནོད་པ་མ་བྱས་པར་སོ་སོར་སྡུག་སྦྱོང་མནར་གཅོད་གཏོང་མཁན་ཚོའི་བསལ་བློ་ལེགས་ཕྱོགས་སུ་འགྱུར་བ་གཏོང་ཆེད།  རང་ཉིད་བློས་བཏང་བྱས་པ་དེ་ཆོས་དང་མི་མཐུན་ན་ཆོས་དང་མཐུན་པ་ཞིག་ཅི་ལྟར་སྒྲུབ་དགོས་པ་རེད། སྔོན་ཆད་ཡིན་ནའང་། ང་ཚོས་ཆོས་བཤད་ས་ནས་སྲིད་བཤད། སྲིད་བཤད་ས་ནས་ཆོས་བཤད། ཚང་མ་དཀྲུགས་དཀྲུགས་བཏང་བ་ལ་བརྟེན་ནས། མཐའ་མར་སོ་སོར་གཅིག་ཀྱང་མེད་པ་ཆགས་བསྡད་ཡོད་པ་འདི་རེད། སྤྱིར་ང་ཚོའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་དེ་ཆོས་ལ་ཁག་འགེལ་རྒྱུ་ཡོད་པ་མ་རེད།

            དྲི་བ། དེང་བཙན་བྱོལ་སྤྱི་ཚོགས་ནང་རང་བཙན་གླེང་མཁན་རྣམས་ནི།  བོད་མིའི་སྒྲིག་འཛུགས་དང་དབུ་མའི་ལམ་ལ་ངོ་ལོག་རྒྱག་མཁན་གྱི་ལྟ་སྟངས་ཤིག་ཡོང་གི་ཡོད་པའི་ཐད་ཁྱེད་ལ་ལྟ་ཚུལ་ག་རེ་ཡོད།

ལན། ལྟ་སྟངས་དེ་ནོར་བ་རེད། བཙན་བྱོལ་སྤྱི་ཚོགས་ཀྱི་བྱེད་སྟངས་དེ་ནི་ཏག་ཏག་རྒྱ་གཞུང་ལ་དགོས་པ་དེ་ཆགས་ཀྱིན་ཡོད་པ་རེད། རྒྱ་གཞུང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་འགན་གཙོ་ཡང་དཀྲུགས་ཤིང་རྒྱག་རྒྱུ་དེ་རེད། སྔོན་ཆད་གོ་མིན་ཏང་ལ་དཀྲུགས་ཤིང་བརྒྱབ་སྟེ་གོ་མིན་ཏང་ལོག་སྤྱོད་ཤོག་ཁག་དང་། གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཟེར་བ་གཉིས་བཟོས་པ་རེད། ༸གོང་ས་མཆོག་གིས་རང་བཙན་རྩོད་མཁན་ཚོར་འཆར་གཞི་དང་གོ་རིམ་མི་འདུག་གསུང་གི་ཡོད་པ་རེད་མ་གཏོགས། རང་བཙན་རྩོད་ཆོག་གི་མ་རེད་གསུང་ཡོད་པ་མ་རེད། རང་བཙན་བཤད་ན་དབུ་མའི་ལམ་ལ་གནོད་འགྲོ་བ་ཞིག་ཡིན་སྐོར་རྗོད་ཀྱིན་པ་དེ་ནི། དབུ་མའི་ལམ་ལ་འགྲོ་མཁན་ཡིན་ཟེར་བ་ཚོའི་སྐད་ཆ་རེད། ༸གོང་ས་མཆོག་གི་དབུ་མའི་ལམ་གྱི་དོན་ཚན་ཆེ་ཤོས་གཅིག་ནི་ཆོལ་ཁ་གསུམ་ཟླ་སྒྲིལ་གཏོང་རྒྱུ་དེ་རེད། ༢༠༠༨ ལོར་ཆོལ་ཁ་གསུམ་ཟླ་སྒྲིལ་གཏོང་བའི་གོ་སྐབས་ཤོར་འཇུག་མཁན་རྣམས་ཀྱང་དབུ་མའི་ལམ་ཡིན་ཟེར་མཁན་ཚོ་རེད།  ང་རང་ངོས་ནས་རང་བཙན་བཤད་མཁན་ཚོ་ལས་དབུ་མའི་ལམ་བཤད་མཁན་དེ་ཚོར་ཉེན་ཁ་མཐོང་གི་འདུག   ༸གོང་ས་མཆོག་གི་དགོངས་པ་ཁ་ལ་ཁྱེར་མི་མང་གི་མགོ་སྐོར་ནས་སོ་སོར་འོས་ཤོག་ཐོབ་ཐབས་བྱེད་བཞིན་ཡོད་པ་རེད།  དེ་བཞིན། རང་བཙན་འདོད་མཁན་ཚོར་མཚོན་ནའང་། སོ་སོའི་ངོས་ནས་འཆར་གཞི་དང་གོ་རིམ་ལྡན་པ་ཞིག་དགོས་པ་རེད་མ་གཏོགས།  ཁ་ནང་ནས་རང་བཙན་རྩོད་དགོས་པ་རེད་ཅེས་ཚིག་སྐམ་པོ་ལབ་བསྡད་ན་དེས་ནུས་པ་གང་ཡང་འཐོན་གི་མ་རེད། 

            དྲི་བ། རྒྱ་གཞུང་གིས་བོད་ནང་འབྲོག་པ་གྲོང་རྡལ་ཅན་དུ་གནས་སྤོར་བྱེད་བཞིན་པའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དེར་ཉེན་ཁ་ག་རེ་མཐོང་གི་འདུག 

ལན། འབྲོག་པ་རྒྱ་གྲོང་དུ་ཕབ་སྟེ་གཞི་རིམ་བོད་མིའི་གཏན་འཇགས་ཀྱི་འཚོ་བའི་གོམས་གཤིས་སྒྱུར་གྱིན་པ་དེ་ནི་ཧ་ཅང་ཉེན་ཚབས་ཅན་ཞིག་ཏུ་མཐོང་སོང་། མང་ཚོགས་ཁྲོད་རང་ཚིགས་ཐུབ་པའི་དེང་དུས་ཀྱི་སློབ་སྦྱོང་ཤུགས་ཆེན་པོ་མེད་པ་མ་ཟད། སོ་སོའི་ཆོས་དང་རིག་གནས་ཀྱི་སློབ་སྦྱོང་ཡང་གཏིང་ཟབ་མོ་མེད་པར་བརྟེན། བོད་མི་རིགས་ཀྱི་མི་ཚེ་སྐྱེལ་སྟངས་གཡུགས་ཏེ་གྲོང་ཁྱེར་ལ་ཡོང་ནས་མི་ཚེ་སྐྱེལ་སྐབས། གྲོང་ཁྱེར་གྱི་ལས་ཀ་དེ་དག་ལ་རྩ་བ་ནས་རྒྱུས་མེད་སྟབས།  འཚོ་བའི་ཐད་ཕྱོགས་མང་པོ་ནས་རང་བཞིན་གྱིས་དཀའ་ངལ་འཕྲད་ཡོང་གི་རེད། དེ་བཞིན།  སོ་སོའི་ཆོས་དང་རིག་གཞུང་གསལ་བོ་མ་ཤེས་པར་མང་ཚོགས་ཁྲོད་དད་ལོག་ཡོང་རྒྱུའི་ཉེན་ཁའང་ཡོད་པ་རེད། གྲོང་ཁྱེར་ལ་བསླེབས་རྗེས་གཞོན་སྐྱེས་མང་པོ་ཞིག་གིས་མིག་གིས་མཐོང་བཞིན་པ་དངོས་ཡོད་གནས་ཚུལ་དང་།  སྔོན་ཆད་ཕ་མས་བཤད་པའི་སྒྲུང་ལྟ་བུའི་ཆོས་གཉིས་མཐུན་གྱི་མེད་པར་བརྟེན། ཆོས་ངོ་མ་དེ་གསལ་བོ་མ་ཤེས་པར་ཆོས་ལ་ཡིད་ཆེས་མེད་པ་ཆགས་ཡོང་གི་ཡོད་པ་རེད། ད་དུང་མི་རིགས་འགྱུར་རྒྱུའི་ཉེན་ཁ་ཞིག་ཀྱང་འཕྲད་ཡོང་གི་འདུག  བོད་ནང་ཁྱིམ་ཚང་གི་ཕྱི་ལོགས་ལ་བུད་མ་ཐག་བོད་ཡིག་བོད་སྐད་བེད་མེད་ཆགས་འགྲོ་གི་ཡོད་དུས། སྤྱི་ཚོགས་ནང་འཚོ་བ་རོལ་བྱེད་ཀྱི་སྐད་ཡིག་གང་ཤུགས་ཆེ་བ་ཡོད་པ་ཡིན་ན།   དེས་རང་བཞིན་གྱིས་སྐད་ཡིག་གཞན་ལ་དབང་སྒྱུར་ཐེབས་ཡོང་གི་ཡོད་པ་རེད། རྒྱ་མང་པའི་གྲོང་ཁྱེར་ནང་བོད་ཡིག་གིས་ལྟོ་གོས་སྤྲོད་ཐུབ་ཀྱི་མེད་པར་བརྟེན། རྒྱ་ཡིག་རྒྱ་སྐད་ལ་དོ་སྣང་དང་ཤུགས་རྒྱག་དགོས་ཆགས་ཏེ།  རིམ་པས་བོད་ཡིག་ལ་དོ་སྣང་མེད་པ་ཆགས་འགྲོ་བ་རེད། སྤྱིར་མི་རིགས་རྩ་མེད་དུ་འགྲོ་བ་དང་མི་རིགས་ཤིག་དབང་སྒྱུར་འོག་ཚུད་མིན་དེ། མི་རིགས་དེའི་ཤ་ཁྲག་རིགས་རྒྱུད་རྩ་མེད་དུ་འགྲོ་མིན་ལ་ཐུག་ཡོད་པ་མ་རེད། སོ་སོའི་སྐད་ཡིག་རིག་གཞུང་དང་ཡུལ་གོམས་གཤིས་ལུགས། བསམ་བློ་གཏོང་སྟངས་བཅས་འགྱུར་འགྲོ་མིན་ལ་རག་ལས་ཡོད་པ་རེད།

            དྲི་བ། རྒྱ་གཞུང་གིས་བོད་ནང་ཚོང་ལས་ཀྱི་ཁེ་ཕན་བསྐྲུན་ཏེ་རྒྱ་རིགས་མང་པོ་གནས་སྤོར་ཐབས་བྱེད་བཞིན་ཡོད་པ་རེད།  བོད་ནང་གི་བོད་མི་ཚོས་དེར་གདོང་ལེན་ཅི་ལྟར་བྱ་དགོས་ཀྱི་འདུག་གམ། 

ལན།  གཅིག་ང་ཚོ་བོད་ཀྱི་ས་ཆར་གཏོར་སྐྱོན་ཐེབས་ཚེ། རྒྱ་ནག་མི་དམངས་ལའང་རང་བཞིན་གྱིས་གྱོང་རག་ཡོང་གི་ཡོད་པ། རྒྱ་ནག་ནང་ཆུ་ལོག་དང་ས་འགུལ་མང་པོ་འབྱུང་བཞིན་པ་དེ་ནི།  བོད་ཀྱི་ས་ཆར་གཏོར་སྐྱོན་ཐེབས་པའི་རྐྱེན་ཡིན་པའི་སྐོར།  ས་ཁམས་ཚན་རིག་དང་མཐུན་པའི་ཐོག་ནས་རྒྱ་མི་རིགས་ལ་འགྲེལ་བཤད་རྒྱག་དགོས་ཀྱི་འདུག  རྒྱ་གཞུང་གིས་བོད་ནང་བོད་མིའི་དགོས་མཁོར་མ་བལྟས་པར།  རྒྱ་གཞུང་གིས་བོད་ནང་དུ་གང་འདོད་གཏེར་ཁ་སྔོག་འདོན་དང་འཛུགས་སྐྲུན་བྱེད་པ་རྣམས་མཚམས་འཇོག་བཅུག་པ་ཡིན་ན། རྒྱ་མི་རིགས་བོད་ཀྱི་ས་ཐོག་ནས་རང་བཞིན་གྱིས་ལོག་འགྲོ་བ་རེད། གཉིས་པ། བོད་ནང་བོད་མི་རང་ངོས་ནས་འགྲོན་ཁང་དང་། ཚོང་ཁང་། ཟ་ཁང་སོགས་བཟུང་སྟེ། སོ་སོའི་ས་ཁོངས་ཀྱི་དཔལ་འབྱོར་ཁེ་ལས་རང་གིས་འཇུ་ཐུབ་པ་བྱ་དགོས་ཀྱི་འདུག  དེང་སྐབས་བོད་ནང་གི་བོད་མི་ཚོར་དཔལ་འབྱོར་ཏོག་ཙམ་ཡོད་ཚེ། རླངས་འཁོར་རྫིག་པོ་ཉོ་བར་འགྲན་སྡུར་བྱེད་པ་སོགས་དགོས་མེད་ཀྱི་རིགས་ལ་མགོ་འཁོར་ནས་སྡོད་ཉན་གྱི་མི་འདུག  ང་ཚོ་བོད་པ་ཚང་མས་རྒྱ་མིའི་ཆང་འཐུང་སྲོལ་དང་མཱ་ཅང་རྒྱག་སྟངས་ཤེས་བསྡད་ཡོད་པ་རེད། རྒྱ་མིས་ཟ་མ་བཟོ་སྟངས་དང་ཚོང་ལས་གཉེར་སྟངས་ཤེས་ཡོད་པ་མ་རེད།  སྤྱིར་ཚད་མཐོ་བའི་ཚན་རིག་གི་སྐོར་རྒྱ་གཞུང་གིས་བོད་མི་ཚོར་ལམ་ཁ་སྤྲད་མེད་སྟབས། སོ་སོས་རང་སྦྱོང་བྱས་ནས་ཤེས་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། ཡིན་ནའང་། ཟ་མ་བཟོ་སྟངས་དང་ཚོང་རྒྱག་སྟངས་ནི་སྦྱོང་ཐུབ་པ་ཞིག་རེད། དེ་དག་ལ་སློབ་སྦྱོང་བྱས་ཏེ་རང་ཡུལ་ནས་ས་ཟིན་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད།

            དྲི་བ། ༸གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་འཐུས་ཤོར་ལ་འགྲོ་བཞིན་ཡོད་པའི་སྐོར་ཡང་ཡང་གསུངས་ཡོད་པ་རེད། ཁྱོད་ཀྱི་ངོས་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་ཡོན་འཐུས་དེ་གང་ལ་ངོས་འཛིན་བཞིན་ཡོད།

ལན།  ངས་བསམ་ན་བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་རང་གི་ཐོག་ནས་ཤེས་ཡོན་གྱི་མ་ལག་ཅིག་བསྐྲུན་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་རེད། དེར་བྱིས་པ་ཚོའི་མ་འོངས་པའི་ལས་ཀའི་ཕྱོགས་ནས་ཀྱང་བསམ་བློ་གཏོང་དགོས་པ་རེད། ཚན་རིག་སོགས་སློབ་ཚན་ཚང་མ་བོད་ཡིག་ཐོག་སྦྱང་བ་ཡིན་ན། བོད་པའི་སྤྱི་ཚོགས་ཀྱིས་ལས་རིགས་དེ་དག་གོ་སྒྲིག་བྱེད་ཐུབ་དགོས་པ་རེད། དབྱིན་ཇིས་སྐད་ཡིག་ཤེས་པ་ཙམ་གྱིས་ང་ཚོར་ཕན་ཆེན་པོ་ཐོགས་གི་མ་རེད།  སྤྱིར་བོད་ཡིག་གི་ཐོག་ནས་བོད་ནང་ལ་དོ་གི་མ་རེད། ཡིན་ནའང་། མ་འོངས་པར་བོད་ནང་འཛུགས་སྐྲུན་ཐད་ཞིང་ལས་དང་འབྲོག་ལས། ཚན་རྩལ་སོགས་རིག་གཅིག་རྐང་འཛིན་པ་ང་ཚོས་སྐྱེད་སྲིང་བྱེད་ཐུབ་དགོས་པ་རེད། མ་འོངས་པར་བྱིས་པ་ཚོ་ག་འདྲ་ཞིག་ཏུ་སྐྱེད་སྲིང་བྱེད་མིན་ཐད་འཆར་གཞི་གཅིག་ཀྱང་ཡོད་པ་མ་རེད།  ངས་བཙན་བྱོལ་གྱི་ཤེས་ཡོན་འཐུས་ཤོར་ཡང་འདི་ལ་ངོས་འཛིན་བྱེད་བཞིན་ཡོད། བཙན་བྱོལ་སྒྲིག་འཛུགས་ལ་མདུན་ལམ་སློབ་སྟོན་པ་གཅིག་ཡོད་པ་རེད། མདུན་ལམ་སློབ་སྟོན་པས་བོད་ལ་ཅི་ཞིག་མཁོ་མིན་ཀྱང་ཤེས་ཀྱི་ཡོད་པ་མ་རེད། བོད་ལ་ཅི་ཞིག་དགོས་མིན་དེ་ཤེས་པའི་ཐོག་ནས་དེར་འཆར་གཞི་ཡག་པོ་བཟོས་ཏེ། རྒྱ་གར་གཞུང་དང་ཨ་རི། ཡུ་རོབ་རྒྱལ་ཁབ་སོགས་ལ་འབོད་སྐུལ་ཞུས་པ་ཡིན་ན། དེའི་ཐད་ང་ཚོར་རོགས་པ་བྱེད་མཁན་ཏན་ཏན་རག་གི་རེད་བསམ། 

            དྲི་བ། གཞན་དབང་སྟབས་བསྟུན་འོག་ཡོད་པའི་བཙན་བྱོལ་སྤྱི་ཚོགས་ནང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་བྱ་ཕྱོགས་ཐད་ཐབས་ཤེས་གང་དང་གང་འདུག

ལན།  བོད་ཡིག་ལ་ཉེན་ཁ་གཉིས་པ་རེད། བེད་སྤྱོད་གཏོང་ཐུབ་ཀྱི་མེད་པ་དེ་ཆབ་སྲིད་ཀྱི་གནད་དོན་རེད། དེར་ཉིན་ཞིག་རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་ཕྱིན་པ་ཡིན་ན་འགྲིག་འགྲོ་བ་རེད། གཞན་དེ་བོད་ཡིག་ཐོག་དེང་རབས་ཀྱི་རིག་པའི་གཞུང་ལུགས་སྣ་ཚོགས་དང་ཐ་སྙད་ཀྱིས་འདང་གི་ཡོད་པ་མ་རེད། ལོ་ཙྭ་ཁང་བཙུགས་ཏེ་བཙན་བྱོལ་སྤྱི་ཚོགས་ནང་ཁྲིམས་དང་དཔལ་འབྱོར། ཚན་རིག་སོགས་འཛམ་གླིང་གི་རིག་པའི་གཞུང་ལུགས་རྣམས་བོད་ཡིག་ཐོག་ཚུར་ཡིག་སྒྱུར་བྱེད་དགོས་ཀྱི་འདུག དེ་སྒྱུར་བ་ལ་རིག་ཚན་དེ་དག་ལ་ཆེད་ལས་སློབ་སྦྱོང་ཐོན་མཁན་སྐྱེད་སྲིང་བྱ་དགོས་པ་རེད། གཞུང་ལུགས་མ་ཤེས་པར་བོད་ཡིག་ཤེས་པ་ཙམ་གྱིས་སྒྱུར་ཐུབ་ཀྱི་མ་རེད། ལས་དོན་འདིའི་རིགས་བཙན་བྱོལ་སྤྱི་ཚོགས་ནང་སྒྲུབ་ཐུབ་པའི་ལས་ཀའི་རིགས་རེད། དེ་ལྟ་བུའི་ལས་ཀ་མང་པོ་ཞིག་འཐུས་ཐོར་འགྲོ་བཞིན་ཡོད་པ་རེད། མ་གཞི་གཞུང་ལ་བརྩི་བཀུར་དང་རྒྱབ་སྐྱོར་བྱེད་དགོས་པ་རེད། ཡིན་ནའང་། གཞུང་གི་ནོར་འཁྲུལ་བཟོ་བཞིན་པ་དང་འཐུས་ཤོར་འགྲོ་བཞིན་པ་རྣམས་མ་མཐོང་མདོག་མདོག་བྱས་བསྡད་པ་ཡིན་ན། དེ་བོད་སྤྱི་བར་འགན་མ་ཁུར་བ་རེད། དམངས་གཙོའི་སྤྱི་ཚོགས་ཀྱི་ཁྱད་ཆོས་ཆེ་ཤོས་གཙོ་བོ་ཡང་གཞུང་གི་ནོར་འཁྲུལ་ཐེར་འདོན་གྱིས་ལེགས་བཅོས་གནང་ཐུབ་པ་དེ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

ཆུ་ཚོད་ ༨ སྔོན་ལ།
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

ཆུ་ཚོད་ ༡༠ སྔོན་ལ།
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧
Mobile App

ཕུན་ཚོགས་ཕོ་བྲང་ནས་འཕྲོས་པའི་ཉི་འོད།

༢༠༢༦/༡༠/༢༧

མཆན། 4

  1. རོ་བདག says:
    ལོ་ 14 སྔོན།

    ད་རུང་ཐུགས་རྗེ་ཆེ་ཞུ་ས་གཅིག་བརྗེད་འདུག གསར་འགོད་པ་ཚེ་རིང་རྒྱལ་ལ།
    སྔོན་མ་ནས་ང་དུས་བབ་ཚང་ལ་རེ་བ་ཆེན་པོ་ཡོད། དེ་རིང་འདི་ནས་རེ་འབྲས་ཤིག་སྨིན་སོང་། བཀའ་དྲིན་ཆེ། རྗེས་ཕྱོགས་ནས་ཀྱང་འདིའི་རིགས་ལ་རེ་བ་ཆེན་པོ་ཡོད།

    Reply
  2. རོ་བདག says:
    ལོ་ 14 སྔོན།

    ཨ་མའི་བུ། མི་ཐོག་རྒན་པ་ཟེར་ནོ་འདི་འདྲ་རྒྱུ་ཞིག་མི་འདུག་ངོ་མ་གསུང་བཤད་མ་འདྲ་བ་ཞིག་གསུང་འདུག ཐུགས་རྗེ་ཆེ། ཉམས་ཞིབ་ཡག་པོ་གནང་འདུག ཁ་སང་དེ་རིང་གི་དུས་ཚིགས་འདིར་མཁོ་བའི་མི་རེད་འདུག འོས་མི་ཞིག་གིས་ཉིད་ཀྱི་གོ་ས་གནོན་མེད་པ་ཤེས་ཐུབ། གང་ལྟར་ངས་ཁྱེད་ལ་དགོངས་དག་ཞུ རྗེས་ཕྱོགས་ནས་མུ་འཐུད་ནས་སློབ་སྟོན་རེ་གནང་རྒྱུ་མ་བརྗེད། ངོ་མ་དོན་སྙིང་ཡོད་ཁུ། ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་མཁས་པར་རློམ་པའི་མི་བུ་འདི་དག་ལ།

    Reply
  3. ཚེ་རིང་རྡོ་རྗེ says:
    ལོ་ 14 སྔོན།

    གནད་ལ་འཁེལ་བའི་སྐད་ཆ་མང་པོ་ཞིག་བཤད་འདུག མངོན་པར་བསྟོད་དོ།།

    Reply
  4. རི་བོང། says:
    ལོ་ 14 སྔོན།

    སྤྱི་འཐུས་གྲོས་ཚོགས་ཀྱི་རྙོག་དྲའི་སྐབས་སུ་བཤད་པའི་སྐད་ཆ་དེས་འོས་བསྡུ་ཐེངས་གཉིས་ཀྱི་སྐབས་སུ་འཕངས་པའི་འོས་ཤོག་དེའང་འཕྲོ་བརླག་ལ་ཕྱིན་སོང་བསམ་ཏེ་ཡིད་ཐང་ཆད་སོང་ཡང་། དེ་རེ་ལན་ཡག་པོ་ཞིག་བརྒྱབ་འདུག་ན་རྟོན་བཞི་རྩ་དོན་དུ་འཛིན་དགོས་པ་དཔྱོད་ལྡན་ཞིག་གི་འོས་འགན་ཡིན་པས་ཡི་རངས་བསྔགས་བརྗོད་དང་བཅས་བཀྲ་ཤིས་བདེ་ལེགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese