ཚེ་རིང་རྡོ་རྗེས།
ཉེ་བའི་ཆར་བོད་མི་རེ་ཟུང་གིས་རྒྱ་ནག་དམར་ཤོག་སྒེར་གཅོད་སྲིད་གཞུང་གི་སྐར་ལྔའི་དར་དམར་འཕྱར་འོང་བ་ན། བཙན་བྱོལ་བ་ཚོ་གཞི་ནས་དངངས་སྐྲག་ལངས་ཏེ་ཀུ་ཅོ་སྣ་ཚོགས་སྒྲོག་གིན་འདུག བོད་མིའི་སེམས་ཁམས་ཀྱི་རྙོག་འཛིང་ལས་བྱུང་བའི་རྣམ་འགྱུར་དེ་དག་མཐོང་ན། རང་སེམས་ལའང་ཅི་ཡིན་འདི་ཡིན་མེད་པའི་རྣམ་རྟོག་ཞིག་ལངས། འོན་ཀྱང་སེམས་རྩ་རྣལ་དུ་ཕབ་ནས་མིག་མདུན་གྱི་སྣང་ཚུལ་དག་ལ་བློ་གཟུར་བོས་བལྟས་ཚེ། དགོད་ཡང་བྲོ་ལ་ངུ་ཡུང་བྲོ་བའི་སྣང་བ་ཞིག་འཆར། གང་ཡིན་ཟེར་ན། དབུ་མའི་ལམ་ལས་འཕྲོས་པའི་ལོག་རྟོག་ཚབས་ཆེན་ཞིག་གིས་བཙན་བྱོལ་ཁྲོད་ཀྱི་བོད་མི་མང་པོའི་བློ་མིག་སྒྲིབ་འདུག་པས་སོ།།
ལོག་རྟོག་དེ་ཇི་ལྟར་བྱུང་ངམ་ཞེ་ན། བོད་རྒྱ་བར་ནས་རང་སྲིད་རང་སྐྱོང་གི་གྲོས་གཞི་ཞིག་ཕར་བསྐྱལ་ཚུར་ཟློག་བྱས་པའི་བརྒྱུད་རིམ་ཁྲོད་ནས་བོད་མི་མང་པོ་མགོ་འཐོམས་ཏེ་བྱུང་བ་ཞིག་ཡིན་པར་འདོད། ཏིན་ཞོ་ཕིན་གྱི་ཁ་ནས། རང་བཙན་མ་བརྩད་ན། གནད་དོན་གཞན་གང་ཡིན་ཡང་ཐག་གཅོད་ཐབས་ཡོད་པར་སྨྲས་ཏེ་བོད་ཕྱོགས་ལ་ཉམས་སད་པའི་རྣམ་འགྱུར་ཞིག་བསྟན། སྐད་ཆ་འདིའི་ཕུགས་ལ་བརྟག་ན། ཏིན་གྱིས་བོད་རང་བཙན་རྩོད་པ་ནི་རྒྱ་ནག་གི་བློ་མི་བདེ་བའི་གནད་དོན་ཞིག་ཏུ་ངོས་བཟུང་བ་དང་། ཁོས་བོད་རང་བཙན་ལ་གོང་ཚད་ཅིག་སྤྲད་པ་ཤེས་ཐུབ། སྐད་ཆ་དེ་འདྲ་ཞིག་བཤད་པ་ནི་སྐབས་ཐོག་དེའི་རྒྱ་ནག་གི་སྲིད་བབ་དང་ཕྱི་འབྲེལ་གྱི་ཁོར་ཡུག་ལ་འབྲེལ་བ་ཡོད་སྲིད། ཡིན་ནའང་སྐད་ཆ་དེའི་རྒྱབ་ལྗོངས་ནི་ཚོད་དཔག་ཙམ་ལས་དངོས་སུ་རྟོགས་ཐབས་མི་འདུག གང་ལྟར་ཁོས་བོད་རང་བཙན་མིན་པར་སྒྲུབ་བྱེད་ཁུངས་འཕེར་བ་ཞིག་འདོན་རྒྱུ་མ་རྙེད་པ་ཧ་ཅང་གསལ། གལ་སྲིད་རྙེད་ཡོད་ན། ཁོས་རང་བཙན་མ་བརྩད་ན་ཞེས་བོད་ཀྱི་གནད་དོན་ཐག་གཅོད་པར་སྔོན་འགྲོའི་ཆ་རྐྱེན་ཞིག་བརྗོད་དགོས་དོན་གང་ཡང་མེད་པ་དང་། ཐད་ཀར་རྒྱ་གར་གཞུང་ལ་འབྲེལ་བ་བྱས་ཏེ་༼ཕྱི་སྡོད་བོད་རིགས་སྤུན་ཟླ་རྣམས༽རྒྱ་ནག་རྒྱལ་ཁབ་དུ་ལོག་པའི་གནད་དོན་ཞིག་གླེང་ཆོག
ཏིན་ཤི་བའི་རྗེས་སུ་ཁོའི་སྐད་ཆ་དེའང་ཁ་སང་གི་འདས་དོན་ཞིག་ཏུ་གྱུར། དེ་ནས་རིམ་གྱིས་རྒྱ་ནག་གི་ཕྱི་འབྲེལ་དང་རྒྱལ་སྤྱིའི་ཚོང་འབྲེལ་ལ་འགྱུར་བ་ཆེན་པོ་བྱུང་བས། རྒྱ་ནག་དམར་ཤོག་གཞུང་གིས་རྒྱལ་སྤྱིའི་གནོན་ཤུགས་སྣ་ཚོགས་ནུས་མེད་དང་ཁུ་སུམ་མེར་བཏང་། རྒྱ་གཞུང་གི་མགོ་འཕང་ཇེ་མཐོར་འགྲོ་བའི་བར་སྐབས་ཤིག་ཏུ། བོད་རྒྱ་འབྲེལ་མོལ་སླར་གསོ་བྱུང་བ་དང་གླེང་མོལ་ཐེངས་མང་བྱས། འབྲེལ་མོལ་གྱི་སྐབས་སུ། རྒྱ་ཕྱོགས་ནས་དབུ་མའི་ལམ་གྱིས་རང་བཙན་མི་རྩོད་ཟེར་བ་དེ་ཁ་ཞེ་གཉིས་མེད་མིན་ཚུལ་བཤད་པ་དང་། རྒྱ་ནག་དམར་ཤོག་གི་མགོ་ཁྲིད་གསར་བ་ཚོས་ཏིན་ཞའོ་ཕིན་གྱིས་བོད་རང་བཙན་ལ་སྤྲད་པའི་རིན་ཐང་དེ་ལྟ་བུ་སྤྲོད་རྒྱུ་ཕར་ཞོག ཐ་ན་ལོ་རྒྱུས་སྟེང་དུའང་བོད་རང་བཙན་མིན་པར་ཁས་ལེན་དགོས་པའི་ཧམ་བཤད་ཀྱང་བྱས། དབུ་མའི་ལམ་གྱི་ཕྱོགས་ནས་རྒྱ་གཞུང་གི་མགོ་ཁྲིད་ཚོས་རང་སྲིད་རང་སྐྱོང་ཞིག་གི་སྐད་ཆ་བཤད་སྲིད་པར་ཡིད་ཆེས་ཏེ། བཙན་བྱོལ་མི་མང་ལ་འབྲེལ་མོལ་གྱི་ཁོར་ཡུག་སྐྲུན་དགོས་པའི་རེ་སྐུལ་བྱས། རྒྱ་གཞུང་ལ་ཕོག་ཐུག་འགྲོ་བར་དོགས་ནས་ཚོར་ཤུགས་རྣོ་བའི་ཐ་སྙད་ཁ་ཅིག་ཀྱང་འཇམ་པོར་བསྒྱུར་དགོས་པའི་རེ་བ་བཏོན་པ་སོགས་ཕར་ཕྱོགས་ཀྱི་བསམ་ཚུལ་དང་བསྟུན་ཅི་ཐུབ་བྱས་ཏེ། རང་བཙན་མི་རྩོད་ཟེར་བ་ཁ་ཞེ་གཉིས་མེད་ཡིན་པའི་རྣམ་འགྱུར་བསྟན་ཡང་། རྒྱ་ཕྱོགས་ནས་ཁ་གཡར་ས་ཅི་རིགས་བསྙད་དེ་ཉི་མ་འཁྱོལ་ཐབས་བྱས། མཐའ་མཇུག་ཡིད་ཐང་ཆད་ཅིང་འུ་ཐུག་ནས་ཡིད་ཆེས་ན་མི་ཆེས་འདི་ཡིན་ཞེས་རང་སྲིད་རང་སྐྱོང་གི་གྲོས་གཞིའི་ཡིག་ཆ་རྒྱ་ནག་དམར་ཤོག་གི་མགོ་ཁྲིད་ཚོའི་ལག་ཏུ་བརྫངས།
འབྲེལ་མོལ་ལ་ཕྱིར་མིག་ཅིག་བལྟས་ན། རང་སྲིད་རང་སྐྱོང་མ་རག་སྔོན་དུ་རྒྱ་ནག་དམར་ཤོག་གི་མགོ་ཁྲིད་ཚོར་ཡིད་ཆེས་དང་འབྲེལ་མོལ་གྱི་ཁོར་ཡུག་བསྐྲུན་དགོས་ཟེར་ནས་རང་གི་མ་རྩ་ཡིན་པའི་རང་བཙན་གྱི་རིན་གོང་མར་ཕབ་པའི་བྱེད་སྟངས་ཤིག་བྱུང་འདུག་པ་མཐོང་ཐུབ། དེའི་དབང་གིས་བོད་མི་མང་པོ་ཞིག་མགོ་འཐོམས་པར་གྱུར་བ་དང་། རང་སྲིད་རང་སྐྱོང་གི་གྲོས་གཞི་བཏོན་པའི་ཉིན་ནས་བཟུང་སྟེ་བོད་རྒྱ་ཁོངས་སུ་འཛུལ་ཚར་བསམ་པའི་ལོག་རྟོགས་ཚབས་ཆེན་བྱུང་། ད་ལྟ་བོད་མི་མང་པོ་ཞིག་གི་སེམས་ན་དབུ་མའི་ལམ་གྱི་ལངས་ཕྱོགས་བཟུང་ཕྱིན་ཆད། བོད་རང་གི་མ་རྩ་ཉག་ཅིག་ཏུ་གྱུར་བའི་རང་བཙན་གྱི་ཐོབ་ཐང་བློས་བཏང་ཟིན་པར་འཁྲུལ་བ་དང་། སྔ་ཕྱི་མ་གཏོགས་བོད་རྒྱ་ཁོངས་སུ་འཛུལ་རྒྱུ་ཐག་བཅད་པར་བསམ་འདུག ལོག་རྟོག་འདི་ཇི་འདྲའི་ཚབས་ཆེ་ཨང་། རང་ལ་དགོས་པའི་རང་སྲིད་རང་སྐྱོང་གི་ཁེ་ཕན་ལག་ཏུ་མ་ཐོབ་སྔོན་དུ། རང་གི་མ་རྩ་ཉག་ཅིག་ཡིན་པའི་རང་བཙན་གྱི་ཐོབ་ཐང་དེ་རྒྱ་ལག་ཏུ་སྤྲོད་མི་ཨེ་ཡོད། ངས་བསམ་ན། དབུ་མའི་ལམ་གྱིས་རྒྱ་ཕྱོགས་ལ་སྤྲད་པའི་བརྡ་ལན་ནི། རང་སྲིད་རང་སྐྱོང་དངོས་སུ་ལག་ཏུ་རག་ཟིན་པའི་ཉིན་མོ་དེ་ནས་བཟུང་སྟེ་རང་བཙན་རྩོད་རྒྱུ་མིན་པ་དང་། དེ་མིན་རང་བཙན་རྩོད་པའི་ཐོབ་ཐང་ཡོད་ལ་བརྩད་ཀྱང་ཆོག་ཞེས་པ་འདི་འདྲ་ཞིག་ཡིན་དགོས།
མཇུག་བསྡུས་ཏེ་བཤད་ན། བཀའ་ཤག་སྔ་མས་རང་བཙན་མི་རྩོད་ཟེར་བ་ཁ་ཞེ་གཉིས་མེད་ཡིན་པའི་རྣམ་འགྱུར་སྟོན་སྟངས་ཤིག་གིས་བོད་མི་མང་པོའི་མགོ་བོ་འཐོམས་པར་བྱས་པ་དང་། དེའི་ཤུགས་རྐྱེན་ལས་ཉེ་ཆར་བོད་མི་རེ་ཟུང་གིས་རྒྱ་དར་འཕྱར་བའི་སྣང་ཚུལ་ཞིག་བྱུང་། འདིས་ཅི་ཞིག་མཚོན་ཟེར་ན། དབུ་མའི་ལམ་གྱི་ལངས་ཕྱོགས་བཟུང་བ་ཙམ་གྱིས་བོད་རྒྱ་ཁོངས་སུ་འཛུལ་ཟིན་པར་འདོད་མཁན་གྱི་བོད་མི་གང་མང་མང་ཞིག་གི་ལོག་རྟོག་ཚབས་ཆེན་གྱི་ཟུར་ཙམ་བསྟན་ལ། རྒྱ་ཕྱོགས་ལ་ཡིད་ཆེས་བསྐྲུན་ན་བོད་ལ་རང་སྲིད་རང་སྐྱོང་རག་ཐབས་ཡོད་པར་བསམ་པའི་ལོག་རྟོག་ཚབས་ཆེ་ཞིང་མི་མང་པོར་ཁྱབ་པ་ཞིག་གི་ཟུར་ཙམ་བསྟན། ལོག་རྟོག་ཚབས་ཆེན་འདི་སེལ་དགོས་ན། བཀའ་ཤག་གསར་བས་འགྲེལ་བཤད་གསལ་ཁ་དོད་པོ་ཞིག་གནང་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་མཐོང་། དབུ་མའི་ལམ་བརྒྱུད་ནས་རང་སྲིད་རང་སྐྱོང་རྩོད་པའི་སྐབས་སུ། བོད་ཁྲིམས་མཐུན་གྱིས་རྒྱ་ཁོངས་ལ་དངོས་སུ་འཛུལ་བའི་དུས་མཚམས་གང་ཡིན་པ་དང་། དབུ་མའི་ལམ་གྱི་ལངས་ཕྱོགས་བཟུང་ན་བོད་རྒྱ་ཁོངས་སུ་འཛུལ་ཟིན་པར་ཐག་བཅད་ཡོད་མེད། རང་གི་མ་རྩའི་རིན་གོང་དོན་མེད་དུ་མར་ཕབ་ནས་རྒྱ་ཕྱོགས་ལ་ཡིད་ཆེས་བསྐྲུན་དགོས་མིན་སོགས་ལ་འགྲེལ་བཤད་གནང་དགོས་སོ།།
དཀའ་རྙོག་མེད་སར་དཀའ་རྙོག་བཟོ་དགོས་པ་གང་ཡང་མི་འདུག །སྔར་ཕྱིར་ཡིག་ཆ་གཉིས་ཀྱིས་གོ་དོན་མ་གཏོགས་ནས་བསམ་ཚུལ་ཡིན་ན་ནི་ངས་འདི་ལྟར་འབྲེལ། དང་པོར ་ ༼ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་ཅེས་གསལ་བར༽ འདི་ནི་ད་ལྟའི་བཙན་བྱོལ་བོད་མིའི་སྲིད་བྱུས་རེད། གཉིས་པར་༼ བོད་ཀྱི་བྱུང་རབས་ལོ་རྒྱུས་ཐད་རྒྱ་ནག་གཞུང་གི་ལྟ་ཚུལ་བོད་མིའི་ལྟ་ཚུལ་ལས་ཐ་དད་པ་ཡོད་པ་དང༌། རྒྱ་གཞུང་གི་ལྟ་ཚུལ་ལ་བོད་མིས་མོས་མཐུན་བྱེད་མི་ཐུབ༽ འདི་ལོ་རྒྱུས་ཀྱིས་བདེན་དཔང་གསལ་བཤད་བྱས་པ་ཡིན་པས་དོགས་གནས་དགོས་པ་དང་་་་་ཆེན་པོ་ཞིག་བཟོ་དགོས་དོན་གང་ཡང་མི་འདུག །
འཇིགས་བྲལ་བསྟན་འཛིན་ནས་དྲི་བ་གཏོང་ས་ནོར་ཚར་བ་རེད། སྐལ་རྒྱམ་དང་བློ་བཟང་སེང་གེ་འདི་རིགས་ཀྱིས་འདིའི་གནད་འགག་ག་ལ་ཤེས། དེ་ལས་ཟམ་གདོང་སློབ་དཔོན་དང་ཐུབ་བསྟན་ལུང་རིགས་སོགས་ལ་བཀའ་འདྲི་ཞུས་ན་ཡག་གི་རེད།།
བོད་མིའི་དབུ་ཁྲིད་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་སུ་སྤྲད་པའི་སྔ་ཕྱིའི་ཡིག་ཆ་གཉིས་ཀྱི་ནང་གི་དཀའ་རྙོག་ཏུ་ངོས་འཛིན་དགོས་པའི་རྩ་བ་ར་སྤྲོད་བྱེད་རྒྱུར།
བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆར། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་ཅེས་གསལ་བ་དང༌། དེའི་རྗེས་ཀྱི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད་ཡིག་ཆའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་དབང་དང་ས་ཁྱོན་གཅིག་གྱུར་ལ་ཆ་འཛིན་ཟེར་བའི་དོན་ཚན་ནང་འཁོད་དོན། བོད་ཀྱི་བྱུང་རབས་ལོ་རྒྱུས་ཐད་རྒྱ་ནག་གཞུང་གི་ལྟ་ཚུལ་བོད་མིའི་ལྟ་ཚུལ་ལས་ཐ་དད་པ་ཡོད་པ་དང༌། རྒྱ་གཞུང་གི་ལྟ་ཚུལ་ལ་བོད་མིས་མོས་མཐུན་བྱེད་མི་ཐུབ་ཅེས་གསལ་ཡོད། ཚིག་སྔ་ཕྱི་འདི་གཉིས་ལས་སྔ་མ་བསམ་ཚུལ་དངོས་དང་ཕྱི་མ་བསམ་ཚུལ་གྱི་འགྲེལ་བརྗོད་ཡིན་ཡང༌། ཚིག་སྔ་ཕྱི་འདི་གཉིས་ཀ་རྩ་འཛིན་གྱི་སྒོ་ནས་འདས་དང་ད་ལྟའི་བོད་ཀྱི་བདག་དབང་གི་གནས་བབ་གླེང་སློང་མི་བྱེད་ཐབས་མེད་ཡིན། དེ་ཡང་བོད་ཀྱི་བྱུང་རབས་ལོ་རྒྱུས་ཀྱི་ཐོག་ནས་བོད་ཀྱི་བདག་དབང་རྒྱ་ནག་ལ་ཡོད་པ་ཁས་ལེན་བྱེད་ཀྱི་མེད་པ་དང་། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་པའི་ཁས་ལེན་འདི་གཉིས་ཀྱི་ས་མཚམས་གང་ལ་ངོས་འཛིན་དགོས་ཅེས་པ་ནི་ད་ལྟ་ང་ཚོའི་མིག་མདུན་དུ་ལྷག་པའི་བོད་ཀྱི་དྲི་བ་ཞིག་ཡིན།
དེ་བཞིན་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་རྒྱ་གཞུང་ལ་སྤྲད་རྗེས་དེར། རྒྱ་ནག་གཞུང་གིས་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་ཐོག། རྒྱ་རི་བློ་རྒྱན་ཁོང་ཚོའི་ནོར་བུ་ལྟ་བུའི་དྲན་ཐོ་དེ་ཀྲུང་དབྱང་ལ་སྤྲད་པས་དེ་ནི་གོང་འཕེལ་བྱུང་བ་ཞིག་མ་ཡིན་ནམ། དེས་ན་སླད་ཕྱིན་གྱི་གནས་ཚུལ་འབྲེལ་ཐུག་གྲོས་མོལ་བྱ་རྒྱུར་སྐྱོ་སྣང་ཆེན་པོ་བྱེད་དགོས་དོན་མེད། ཅེས་བརྗོད་པ་འདི་ག་རེ་ཟེར་གྱི་ཡོད་དམ།
གལ་གནད་ཆེ་བའི་དོན་གྱི་དྲི་བ་འདི་ལ་སྐབས་དེའི་འབྲེལ་ཡོད་དབུ་ཁྲིད་ཚོས་བོད་ཀྱི་ལོ་རྒྱུས་ལ་འགན་ཁུར་ཡོད་པའི་འགྲེལ་བཤད་གནང་དགོས་ཀྱི་རེད་བསམ་གྱི་འདུག ངས་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལ་ཐེངས་འགར་དྲི་བ་འདི་ཕུལ་ཡང་བཀའ་ཕན་གསལ་པོ་ཞིག་གནང་མ་སོང་།
་་་་་ ངས་བསམ་ན། དབུ་མའི་ལམ་གྱིས་རྒྱ་ཕྱོགས་ལ་སྤྲད་པའི་བརྡ་ལན་ནི། རང་སྲིད་རང་སྐྱོང་དངོས་སུ་ལག་ཏུ་རག་ཟིན་པའི་ཉིན་མོ་དེ་ནས་བཟུང་སྟེ་རང་བཙན་རྩོད་རྒྱུ་མིན་པ་དང་། དེ་མིན་རང་བཙན་རྩོད་པའི་ཐོབ་ཐང་ཡོད་ལ་བརྩད་ཀྱང་ཆོག་ཞེས་པ་འདི་འདྲ་ཞིག་ཡིན་དགོས། ་་་་་ཟེར།
ད་རེས་ཚེ་རྡོར་ལགས་ཀྱིས་དངོས་ཐོག་བདེན་འཚོལ་གྱིས་གཏམ་ཞིག་སྨྲས་པར་དགའ་ནས་ཡོད།
མ་གཞི་ལོག་རྟོག་གི་འདམ་དུ་བྱིངས་ཟིན་པའི་མི་བུ་ཡ་མ་བརླ་ཅན་དག་ལ་གྲོས་འདེབས་པ་བྱ་བ་ནི་ངལ་བའི་རྒྱུ་ལས་ཅང་མ་མཆིས།
བྱས་ཙང་མི་འདི་ཚོས་རྒྱུ་རྐྱེན་ཅི་ཡང་མི་ཚོགས་པར་འབྲས་བུ་ཟ་འདོད་ཀྱིས་བྲེལ་ཤ་ལངས་བ་ནི་ཅི་འདྲའི་ཡ་མཚན་མ་རེད་པས། འོ་ན་ཏིང་གིས་རང་བཙན་ཕན་ལ་གནས་དོན་ག་རེ་ཡིན་ཡང་སྐད་ཆ་བཤད་ཆོག་ཟེར་བ་དེ་ཀྲུང་དབྱང་སྲིད་གཞུང་གིས་ཏིང་གི་རིག་པའི་གཞུང་ལུགས་ཀྱི་སྒྲུབ་བྱ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་དམ། བྱས་ཙང་རྩིག་ཟུར་གྱི་སྐད་ཆ་འདི་ཏིང་དང་རྒྱལ་ལོ་དོན་གྲུབ་ཕན་ཚུན་ཅི་གྲོས་མིན་གྲོས་གྱི་སྐད་ཆ་ཞིག་མིན་ན་ཅི་རེད།
སྤྱིར་ན་དར་དམར་འཕྱར་བ་ཙམ་གྱིས་ནང་སྲིད་ཀྱི་གནད་དོན་ཞིག་ཏུ་རང་བཞིན་གྱིས་བཟོ་ཡི་ཡོད་པ་རེད། དེ་མིན་ན་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བླ་མེད་ཅིག་ཡོད་པ་མཚོན་ཐུབ།
ཚེ་རྡོར་གྱིས་༼ ཁོས་བོད་རང་བཙན་མིན་པར་སྒྲུབ་བྱེད་ཁུངས་འཕེར་བ་ཞིག་འདོན་རྒྱུ་མ་རྙེད་པ་ཧ་ཅང་གསལ། གལ་སྲིད་རྙེད་ཡོད་ན། ཁོས་རང་བཙན་མ་བརྩད་ན་ཞེས་བོད་ཀྱི་གནད་དོན་ཐག་གཅོད་པར་སྔོན་འགྲོའི་ཆ་རྐྱེན་ཞིག་བརྗོད་དགོས་དོན་གང་ཡང་མེད་་་༽ཞེས་དཔྱད་འདུག དེས་ན་”བོད་རང་བཙན་ཡིན་པའི་སྒྲུབ་བྱེད་དུ་ཏིན་ཞའོ་ཕེན་གྱིས་བོད་རང་བཙན་མ་བརྩད་ན་ཞེས་གསུངས་ཡོད་པ་རེད་”ཅེས་ངག་ནས་སྒྲོག་མཁན། ལག་ནས་འབྲི་མཁན་མེད་དོན་ཅི་རེད། ཚིག་འདི་ལ་བསམ་བློས་འདི་ལྟར་དཔྱད་པ་གཏོང་རྒྱུ་མ་དྲན་པ་རེད་དམ། ངས་བལྟས་ནས་གཏན་ནས་མ་རེད། དཔྱད་པ་གཏོང་སྟངས་འདི་དངོས་གནས་རང་འུ་ཐུག་ཐབས་ཟད་ཅེས་པ་དེ་ཡིན་པར་སྙམ། གང་ཡིན་ཞེ་ན་སྐབས་དེར་ཡོངས་གྲགས་ཐོག་བཙན་བྱོལ་གཞུང་གིས་རང་བཙན་རྩོད་ཀྱི་ཡོད་པ་རེད། དེའི་ཁ་གཏོད་ས་རྒྱ་ནག་གཞུང་རེད། ཏིང་ཞའོ་ཕེན་རེད། ཁོས་དེ་ལྟར་ལོས་གསུངས། ཁོང་རང་གི་ཁ་གཏད་བོད་མིའི་ཕྱོགས་ཀྱི་རང་བཙན་གྱི་འདོད་ཚུལ་ཡིན་པ་དེ་ངོས་འཛིན་ལོས་བྱེད། འོན་ཀྱང། ཏིང་ཞའོ་ཕེན་ནས་ཀྱང་ངས་དེ་ལྟར་བཤད་ན་བོད་ལོ་རྒྱུས་ཐོག་རང་བཙན་ཡིན་པ་སྒྲུབ་བྱེད་དུ་འགྱུར་འགྲོ་མིན་གསལ་བོར་ལོས་མཁྱེན་བསམས། དེས་ཆ་ནས་སྐད་གསུམ་གཏོགས། སྐད་དྲུག་སྨྲ་ནའང་འདྲ་ལ། མིག་གཅིག་མ་གཏོགས། མིག་དྲུག་ཡོད་ནའང་འདྲ་ལ། དཔྱད་པ་བྱ་སྟངས་ལ་དབང་རྟུལ་གྱི་རྗེས་སུ་སོང་བ་ནི་མངོན་སུམ་ཚད་མ་རང་རེད།།
རྡོ་རྗེ་རྒྱ་གྲམ་ལགས་སུ་ཁོམ་པ་ཡོད་ན། གནས་ཚང་ལའང་ཡོད་དགོས་ནི་རེད།
༡ མི་སྒེར་བར་མཚན་སྨོད་མི་གནང་བར་ཞུ།
༢ ཁྱེད་ལ་དྲིས་ལན་ཕུལ་ཚར་ཙང་། ཁ་བཏོགས་སྣེ་བཏོགས་མི་གནང་བར་ཆ་ཚང་ལ་དབྱེ་ཞིབ་གནང་རོགས་མཁྱེན།
གནས་ཚང་ལ།
༡ སྐད་གསུམ་སྨྲ་མི་སྨྲ་དང་ཤེས་ཡོན་པ་ཡིན་མིན་གྱི་གང་ཟག་ལ་རྟོན་པ་དེ་སྐབས་འདིར་གཙོ་བོ་མ་རེད། གང་བཤད་ཡོད་པ་དེ་གཙོ་བོ་རེད། ད་འོ་ན། ཚེ་རྡོར་དང་གཙང་ཕྲུག་སྟོབས་སོགས་ཀྱིས་ཏིན་རྒད་པོའི་སྔོན་ནས་༧གོང་ས་མཆོག་ལ་རང་སྐྱོང་གི་གྲ་སྒྲིག་ཡོད་པ་དེ་རྫུན་མར་མཐོང་གི་ཡོད་དམ། ཡོད་ན། མིག་ཡ་གཅིག་མཁན་དེ་ཚོའི་ནང་༧གོང་ས་མཆོག་ཀྱང་ཚུད་མི་འདུག
༢ པཎ་ཆེན་བླ་མར་གསུངས་པ་དེ་དཔང་རྟགས་ག་རེ་ཡོད། ལར་ནས་གཙང་ཕྲུག་སྟོབས་ལྟ་བུས་པཎ་ཆེན་ལ་ཞིབ་འཇུག་ཅིག་མི་འཁྱོངས་པ་ཀུན་གསལ་མ་རེད་དམ། ཉེ་སྔོན ༡༩༨༦ ལོར་བལ་ཡུལ་གྱི་རྙོག་གླེང་ཡར་བཤད་མར་བཤད་སྐབས་ཞིབ་འཇུག་པ་གང་དུ་ཡིབ་ནས་བསྡད་པ་མ་རེད་དམ། ད་འོ་ན་དེ་སྔོན་གྱི་ལོ་རེའི་མཛད་རྣམ་བྲིས་པ་དེར་མ་བཀོད་དོན་ཅི་ཞིག་རེད་དམ། མི་འདི་རིགས་ལ་ཞིབ་འཇུག་གི་ཁྱད་ནུས་མེད་སྟབས། ཞིབ་འཇུག་བྱ་གཞི་ལས་བྱ་མཁན་གང་ཟག་གི་ཁེ་ཕན་གཙོ་བོར་འཛིན་པ་མིག་མཐོང་ལག་ཟིན་ཡིན་སྟབས་འདི་རིགས་ཁུངས་སུ་འདྲེན་ན་ཁྱེད་སྙིང་རྗེ། ཕུང་བའི་རྒྱུ་ལས་ཕུང་བ་ལས་གཞན་མེད་དོ།
༣ དེས་ན་ཁུངས་མེད་པ་ལས་སྐད་ཆ་འཕྲོས་པ་ནི་ཕན་ལས་གནོད་དུ་འགྲོ་སྟབས། ཁ་པར་གྱི་སྐད་ཆ་དེའང་གསུངས་མཁན་༧གོང་ས་མཆོག་ལ་བཀའ་འདྲི་ཞུས་ནས་བདེན་རྫུན་འཁྲུན་ཐག་གཅོད་རྒྱུ་མ་གཏོགས། གཙང་སྟོབས་ཀྱི་ཡིག་ཉོག་ཙམ་ལ་གཞི་བྱས་ན་ཁྱེད་དང་ཚེ་རྡོར་གྱི་༧རྒྱལ་བ་རིན་པོ་ཆེའི་ཡིད་ཆེས་དེའང་གང་དུ་འཇོག་གམ།
ད་རྡོ་རྗེ་རྒྱ་གྲམ་ལགས་སུ་དྲིས་ལན་ཕུལ་གྱི་ཡིན།
༡ ཚེ་རིང་རྡོ་རྗེ་ཞུ་བ་འདི་ཨ་མདོའི་སྤྱི་འཐུས་ལངས་མཁན་དེ་ཡིན་ན། སྐད་གསུམ་སྨྲ་བའི་ཤེས་ཡོན་པ་ཞིག་རེད་ལ། ད་དུང་རྒྱ་འོག་ནས་ལས་ཀའང་སྒྲུབ་མྱོང་བས། ཏིན་གྱི་སྐད་ཆར་དབྱེ་ཞིབ་གཞན་ལས་གཏིང་ཟབ་པ་དང་མདོ་དོན་རྡོག་རྡོག་ཅིག་གསུང་ཐུབ་ཀྱི་ཡོད་པ་ནི་མིག་ཡ་གཅིག་མ་གཏོགས་མེད་མཁན་ཚོས་ཁས་ལེན་གནང་འོས་པ་ཞིག་རེད།
༢ ཡིག་ཆ་དེའི་ཁུངས་གཏུགས་ས་རྒྱ་ནག་གཞུང་གི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ཁག་རེད། དེའང་ཟམ་གདོང་རིན་པོ་ཆེ་ཡིས་བོད་འགྱུར་བཅའ་ཁྲིམས་ཁག་ལ་ཞིབ་གཟིགས་བརྒྱུད་ནས་གཏན་འབེབས་དང་། མཐར་གོང་ས་མཆོག་ལ་སྤྱན་འབུལ་ཞུས་ནས་བོད་རྒྱ་འབྲེལ་མོལ་བ་ཚོས་ཁུར་ནས་ཕར་སྒོ་བརྡུང་བ་ཞིག་རེད།
༣ ལོག་རྟོག་ཚབས་ཆེན་དེ་བོད་མི་དང་རྒྱ་མི། ཕྱི་མི་གསུམ་ལ་བྱུང་ཡོད་པ་རེད། དཔེར་ན། རྒྱ་མིས་གོང་ས་མཆོག་ལའང་ཁྱེད་རང་རྒྱ་ནག་གི་མི་སེར་ཡིན་ནམ་ཞེས་དྲི་བ་འཕེན་བཞིན་པའང་གནད་དོན་འདིར་ཐུག་ཡོད་པ་རེད། གཞན་ཕྱི་མི་ཚོས་རྒྱ་ནག་གི་འོག་ལ་འགྲོ་བཞིན་ཡོད་ན། དེ་ནི་ནང་སྲིད་ཡིན་པས། ང་ཚོར་རོགས་པ་རྒྱག་འདུན་ཡོད་ཀྱང་རྒྱག་ཡུལ་མི་འདུག་སྨྲ་བཞིན་པའང་གནད་དོན་འདིར་ཐུག་ཡོད་པ་རེད།
དེ་འཕྲོས་རྩོམ་པ་པོ་རང་ངོས་ནས་ལན་རྒྱག་བྱར་གྱུར་འདུག
བཀའ་ཤག་གསར་བས་འགྲེལ་བཤད་གསལ་ཁ་དོད་པོ་ཞིག་གནང་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་མཐོང་། ཞེས་མི་སྒེར་ཀྱིས་ལས་འགུལ་སྤེལ་སྟངས་ཐོག་ནས། སྲིད་སྐྱོང་རྗེ་བློན་ལྷན་རྒྱས་འདེད་འདོད་ནི་ཧམ་པ་ཚ་དྲག་པས་མིན་ན་མགོ་རྨོངས་ཤིག་ཡིན་རྟགས་རེད། དེ་ནས་གསལ་བཤད་གནང་དགོས་འགའ་བཏོན་འདུག་པ་མཐོང་དུས་སུ་་་་་། ཤོ་་་་ཧེ་་་།་་་་་་་་
ལོག་རྟོག་དང་ལོག་རྟོགས་གཉིས་ལ་གནམ་སའི་བར་ཁྱད་ཡོད་པ་རེད། དེ་གཅིག་ཡིན།
གཞན་ཉེ་ཆར་པར་བསྐྲུན་གནང་བའི༼༸པཎ་ཆེན་ཨེར་ཏི་ནི་ཞིབ་འཇུག༽ཀློག་མྱོང་མཁན་ཞིག་ཡིན་ན། ཕྱི་ལོ ༡༩༨༦ལོའི་ཡས་མས་ཤིག་ལ་པཎ་ཆེན་རིན་པོ་ཆེ་ཡིས་ཨོ་སི་ཁྲི་ལི་ཡ་ནས་གོང་ས་མཆོག་ལ་ཞལ་པར་ཕུལ་སྐབས། གོང་ས་མཆོག་གིས་ཞལ་གསལ་བོའི་ལམ་ནས་ཁྱོད་རང་གིས་རང་སྐྱོང་རྩོད། ངོས་ཀྱིས་རང་ཐག་རང་གཅོད་རྩོད་ཀྱི་ཡིན་ཞེས་པ་ལས་ག་རེ་བསྟན་འདུག་གམ།
གཞན་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་རྒྱ་ནག་ལ་བསྐྱོད་ཐེངས་རེ་ཡི་དོས་འདུན་ལས་ཀྱང་གོང་གི་ལོ་རྒྱུས་རང་བཞིན་གྱི་ཞལ་མོལ་དེ་བདེན་པ་ཡིན་པ་སྒྲུབ་ཡོད། དེ་བས། ཏིན་གྱི་ཡར་སྔོན་ནས་དབུ་མའི་ལམ་བྱུང་ཟིན་ཞེས་པ་དེ་ཡང་དག་ཅིག་མ་རེད། སྲིད་དོན་གྱི་བཤད་སྟངས་ཤིག་རེད།
ཧཧཧཧ མི་འདི་འང་གད་མོ་ཞིག་རེད་འདུག ཆབ་སྲིད་ལ་མཁས་མདོག་ཚ་ལ།
ད་འོ་ན་ངས་དྲི་བ་ཁ་ཤས་གཏོང་ཡ།
༡ ཏིན་གྱི་སྐད་ཆ་ལ་ཁྱེད་ལས་གོ་བ་ལོན་མཁན་གཞན་མེད་པར་འདོད་དམ། ཡང་ན་ཁྱེད་ཀྱིས་ཏིན་སྐད་ལ་འགྲེལ་བ་དེར་རྒྱུ་མཚན་ཅི་ཞིག་ཡོད།
༡ བཀའ་ཤག་སྐབས་སྔོན་མའི་འབྲེལ་མོལ་དང་འབྲེལ་བའི་སྲིད་བྱུས་ཅི་བཟུང་ལ་ཁྱེད་རང་རྒྱུས་ཡོད་དམ། ཡོད་ན། རང་སྐྱོང་བསམ་འཆར་༼ མཐའ་མཇུག་ཡིད་ཐང་ཆད་ཅིང་འུ་ཐུག་ནས་ཡིད་ཆེས་ན་མི་ཆེས་འདི་ཡིན་ཞེས་རང་སྲིད་རང་སྐྱོང་གི་གྲོས་གཞིའི་ཡིག་ཆ་རྒྱ་ནག་དམར་ཤོག་གི་མགོ་ཁྲིད་ཚོའི་ལག་ཏུ་བརྫངས།༽ཞེས་པ་འདིའི་ཁུངས་གཏུགས་ས་གང་ཡིན་ནམ།
༣ ཡང། ༼ རང་སྲིད་རང་སྐྱོང་གི་གྲོས་གཞི་བཏོན་པའི་ཉིན་ནས་བཟུང་སྟེ་བོད་རྒྱ་ཁོངས་སུ་འཛུལ་ཚར་བསམ་པའི་ལོག་རྟོགས་ཚབས་ཆེན་བྱུང། ༽ཟེར། ཁྱེད་ལ་བྱུང་བ་རེད་དམ། སུ་ལ་བྱུང་བ་རེད། བོད་དོན་ལ་དོ་སྣང་ཁྱོན་ནས་མེད་པ་ཞིག་གིས་ཀྱང་རང་སྐྱོང་གི་གྲོས་མགོ་བཏོན་པ་ནས་རྒྱ་ཁོངས་སུ་འཛུལ་ཚར་བར་ངོས་འཛིན་མི་བྱེད་ན། ཁྱེད་ནས་དེ་ལྟར་བྱེད་སྲིད་དམ།
༤ ཁྱེད་ཀྱི་ལོག་རྟོགས་ཀྱི་སྐད་ཆ་དེ་སུ་ལ་བཤད་ཀྱི་ཡོད་དམ། འོ་ན་གྲོས་མོལ་ཞེས་ཚིག་འདི་སྦྱར་དགོས་དོན་གང་དུ་འདུག་གམ།
༥ ཁྱེད་ནས་རང་གི་བསམ་ཚུལ་ཚད་མར་རློམ་ནས་གཞན་ལ་ནག་འགེལ་བྱས་པས་ཁུངས་ག་ནས་འཁྱོལ། ཚེ་བརྟན་རྡོ་རྗེ་དང་ཤར་ཕྱོགས་ཁུག་རྟ་སོགས་ཀྱིས་རྒྱལ་དར་འཕྱར་བ་དང་རྒྱབ་སྐྱོར་བྱེད་པར་རྒྱ་ཁོངས་སུ་འཛུལ་ཟིན་པའི་ངོས་འཛིན་ཐོག་བྱུང་བར་དཔང་རྟགས་ར་སྤྲོད་ག་རེ་ཡོད་དམ།
མཇུག་མཐར། གལ་སྲིད་ཁྱེད་ལ་ལན་མེད་ན་མ་སྨྲས་ན་ཆོག་ཀྱང། མི་ཤེས་ན་མ་བཤད་ཅེས་པའི་གཏམ་འདི་ཁྱེད་ལ་ཆེད་དུ་བསྐུར་བ་ཡིན།། ཧཧཧཧ
དོན་ངོ་མར་ལོག་རྟོགས་བྱུང་ས་ནི་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་ཕྱོགས་དང་འབྲེལ་མོལ་སྐབས་ཀྱི་གནས་ཚུལ་ལ་རྒྱུས་མེད་པ་དག་ལ་བྱུང་འདུག་པའི་གྲས་སུ་ཚེ་རིང་རྡོ་རྗེའང་ཚུད་པ་འདི་ལས་ཤེས།
རང་བཙན་ཕུད་གནད་དོན་གཞན་ཐོག་གྲོས་མོལ་བྱེད་ཆོག་པའི་སྐད་ཆ་དེ་ལ་བརྟེན་ནས་དབུ་མའི་ལམ་གྱི་སྲིད་བྱུས་བྱུང་བ་དང། སྲིད་བྱུས་དེ་བྱུང་བའི་ཉེར་ལེན་ལ་བརྟེན་ནས་ལོ་རྒྱུས་ཐོག་གི་རང་བཙན་གྱི་གནས་བབ་རྩིས་མེད་དམ་མཇུག་བསྡུས་ཟིན་པར་ངོས་འཛིན་བྱེད་པ་ནི་རྒྱུས་མེད་ཀྱི་རྒྱུས་གཏམ་རང་རེད། ཅི་ལྟར་ཞེ་ན། གཅིག དབུ་མའི་ལམ་གྱི་སྲིད་བྱུས་ནས་རང་སྐྱོང་ཐོབ་རྒྱུའི་དགོངས་འཆར་ཏིན་གྱི་སྒོ་ཚུར་རྡུང་གི་འབོད་སྐུལ་མ་བྱུང་བའི་སྔོན་ནས་ཡོད་པ་དེ་༧རྒྱལ་བས་ཐེངས་དུ་མར་གསལ་སྟོན་གནང་བ་བཀའ་སློབ་ཁག་ཏུ་ཞིབ་རྒྱས་ཡོད་པ་དང། གཉིས། དབུ་མའི་ལམ་གྱི་ཕྱག་རྒྱ་གསུམ་སྟེ། ལོ་རྒྱུས་ཀྱི་གནས་བབ་རང་སོར་འཇོག་པ་དང་དེ་མ་འོངས་མདུན་ལམ་ཆེད་བེད་སྤྱོད་མི་བྱེད་པ། ནང་དོན་ཆོལ་གསུམ་གཅིག་སྒྲིལ་ལ་འགྱུར་བ་ནམ་ཡང་མེད་པ། ཐབས་ཚུལ་འཚེ་མེད་ཞི་བ་ནམ་ཡང་འདོར་ཐབས་མེད་པ་བཅས་ཡིན་སྟབས། དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱུས་ཡོད་མཁན་ཞིག་ཡིན་ན། འདི་འདྲའི་ལོག་རྟོགས་ཀྱི་སྐད་ཆ་ནམ་ཡང་བརྗོད་ཐབས་བྲལ་བ་གསལ་བོ་རེད།
དེ་དང་འབྲེལ་ནས། དར་དམར་འཕྱར་མཁན་ཚོས་ཀྱང་རྒྱ་ནག་གི་མངའ་འོག་ཡིན་ཤག་གིས་དར་དམར་འཕྱར་གྱི་མེད་པ་ཟུར་ལྟོས་ལེབ་མཐོང་ཡིན་ཡང། རང་གི་དྲན་ཚོད་ཡིན་པར་རློམ་པ་དག་གི་ངོར་ནམ་ཡང་གཞན་ཕྱོགས་ཀྱི་རྒྱུ་མཚན་འགྲོ་ས་མེད་པ་ནི་ཚེ་རྡོར་ཙམ་མིན་སྟབས། ལན་ལྡོན་རྒྱུའང་དགེ་བའི་གནས་སུ་མ་མཆིས་ཀྱང། ལོག་རྟོགས་ཀྱི་སྤྲིན་ནག་བརྟོལ་ཆེད་ཟུར་ཙམ་སྨྲས་པ་ཡིན་ལ།
ནམ་ཞིག་རྒྱ་གཞུང་མཉམ་གྲོས་མོལ་ནས་རང་སྐྱོང་གི་གནས་བབ་དངོས་སུ་གཏན་འབེབས་བྱུང་མཚམས་ཀྱང་མཐའ་མའི་ཐག་གཅོད་བོད་གཞིས་བྱེས་མི་མང་གིས་བྱེད་རྒྱུ་ནི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཁྱད་ཆོས་ཡིན་སྟབས། རི་བོང་གནམ་རྡིབ་དང་ཀླད་པ་གུ་དོགས་ཀྱི་བསམ་ཚུལ་འདི་འདྲ་ལར་ནས་རློམ་སེམས་དང་བཅས་མ་བཏོན་ན་ཤེས་བྱའི་ནང་ཁོག་གི་རང་ཚང་སྟོན་མཁན་ག་ནས་ཡོད་ཅེས་ཀྱང་ཞུའོ།།
འདི་གནད་དོན་ངོ་མ་དེ་རེད། བོད་ལ་རྒྱབ་བསྐྱོར་རྒྱག་མཁན་ཡིན་ཟེར་མཁན་རྒྱ་ནག་པ་མང་བོས་ཀྱང་བོད་རྒྱ་ཁོངས་སུ་ཏཱ་ལའི་བླ་མས་དབུ་ཁྲིད་ནས་འཛུལ་ཟིན་པར་ངོས་འཛིན་གནང་བཞིན་འདུག