འོད་ཟེར་གྱིས་བརྩམས། ལོ་མ་རྒྱལ་གྱིས་བསྒྱུར།
བོད་ལ་མཚོན་ན་ཕྱི་ཟླ་ ༣ པ་ནི་ལོ་གཅིག་གི་ནང་ནས་ཚོར་སྣང་ཆེ་ཤོས་ཀྱི་ཟླ་བ་ཞིག་ཡིན། རྒྱུ་མཚན་ནི་ཟླ་བ་འདིའི་ཉི་མ་མང་པོ་ཞིག་ནི་སྐྱོ་ལྷང་ལྷང་གི་དུས་དྲན་རྐྱང་རྐྱང་ཡིན། དཔེར་ན། ༡༩༨༩ ལོའི་ཟླ་ ༣ ཚེས་ ༥ ཉིན་ནི་ལྷ་སའི་ངོ་རྒོལ་ལ་དྲག་གནོན་བྱས་པའི་ཉིན་མོ་ཡིན། དེ་ནས་ ༡༩༥༩ ལོའི་ཟླ་ ༣ ཚེས་ ༡༠ ཉིན་ནི་ “བོད་མི་སྒེར་ལངས་ཀྱི་ཉིན་མོ་ཡིན།” ༢༠༠༨ ལོའི་ ༣ པའི་ཚེས་ ༡༤ ཉིན་བོད་མི་གྱེན་ལངས་ཀྱི་དུས་དྲན་ཡིན། ༢༠༠༨ ལོའི་ཟླ་ ༣ པའི་ཚེས་ ༡༦ ཉིན་ནི་ཨ་མདོ་རྔ་པའི་མི་མང་ཡར་ལངས་ལ་དྲག་གནོན་དམར་གསོད་བྱས་པའི་ཉིན་མོ་ཡིན།
གཞན་ཡང་། ཕྱི་ཟླ་ ༣ པ་ནི་པེ་ཅིན་དུ་ཚོགས་བཞིན་པའི་ཀྲུང་གོའིི་ཆབ་སྲིད་ཀྱི་གནད་འགག་ཅན་ “ཕྱོགས་གཉིས་ཚོགས་འདུ”ཡི་བར་སྐབས་ཀྱང་ཡིན། དུས་ཚོད་འདི་ལ་ནམ་རྒྱུན་དང་མི་འདྲ་བར་དོན་དག་ཚང་མར་དོགས་ཟོན་ཆེན་པོ་བྱེད་པའི་སྐབས་ཤིག་ཡིན། དཔེར་ན། ནམ་རྒྱུན་དོགས་ཡོད་མི་སྣ་དག་གར་སོང་ཆ་མེད་ཆགས་བཞིན་ཡོད། འདིའི་ཁྲོད་ན་དོན་གྱིས་གསང་བ་གཞན་ཞིག་ཀྱང་ཡོད། དེ་བས། སྐབས་འདིར། ང་ལ་མཚོན་ན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་གནང་བའི་རྒྱལ་སྤྱིའི་ཐོག་ཆེ་མཐོང་ལྡན་པའི་ “རྒྱལ་སྤྱིའི་བུད་མེད་སྙིང་སྟོབས་ཅན་གྱི་གཟེངས་རྟགས”ཞེས་པ་འདིས་ང་ལ་ཚོར་བ་འདྲ་མིན་ཞིག་སྤྲད་སོང་།
ང་ནི་ལྷ་ས་ནས་སྐྱེས་པའི་བོད་མི་ཞིག་ཡིན། ཛ་དྲག་དང་འགྱུར་ལྡོག་ཆེ་བའི་རྒྱ་དམར་སྲིད་ཇུས་འོག་ནས་འཚར་ལོངས་བྱུང་ཞིང་། ཆུང་དུས་ནས་རྒྱ་ཡིག་དགེ་རྒན་དག་གི་སློབ་གསོ་ཐེབས། སློབ་ཆུང་དང་སློབ་འབྲིང་གང་ཡིན་ཡང་ང་ལ་བོད་ཡིག་གི་སློབ་ཚན་གཅིག་ཀྱང་ཁྲིད་མྱོང་མེད། ང་རང་བསྐྱོད་སའི་སློབ་ཆེན་དེར་གྲངས་ཉུང་མི་རིགས་སུམ་བཅུ་ལྷག་ཡོད་ན་ཡང་། ང་ཚོ་ཚང་མས་རྒྱ་ཡིག་སྡེ་ཚན་ནས་སློབ་སྦྱོང་བྱེད་དགོས་ཀྱི་ཡོད།
ང་ནི་རྩོམ་པ་པོ་ཞིག་ཏུ་གྱུར་སོང་། ཁད་ཀྱིས་རིམ་གྱིས་ངའི་རྩོམ་འབྲིའི་འཆར་སོ་ནི་ཇེ་གསལ་ཏུ་གྱུར་ཞིང་། ངས་ཀྱང་དེ་དག་རྒྱུན་སྐྱོང་བྱས་པ་ཡིན། འཆར་སོ་དེ་དག་ “རྩོམ་འབྲི་ནི་འགྲུལ་བཞུད། རྩོམ་འབྲི་ནི་སྨོན་ལམ། རྩོམ་འབྲི་ནི་བདེན་པ་བཅས་སོ།།” ངའི་བསམ་པར་འགྲུལ་བཞུད་དང་སྨོན་ལམ། བདེན་པ་ནི་ཕན་ཚུན་རྒྱུ་འབྲས་ཀྱི་འབྲེལ་བ་གྲུབ་འདུག་སྙམ། མ་ཟད་བདེན་པ་ནི་འབོད་སྒྲ་ཡང་རེད།
བོད་པའི་རབ་བྱུང་བ་ཚོས་ནང་ཆོས་ཀྱི་ཁྲོད་ནས་བདེན་པ་འཚོལ་སྐབས། རྩོད་པའི་ཁྲོད་ནས་ལག་ཟུང་ཤུགས་ཀྱིས་བརྡབ། དེ་ལས་བྱུང་བའི་སྒྲ་དབྱངས་ནི་རླབས་ཆེན་གྱི་ནང་ཆོས་འདི་གསེར་བཙོ་སྦྱང་བྱས་པའི་མེ་ལྕེ་ལ་མི་འཇིགས་པའི་དན་རྟགས་དང་འདྲ། ཡིན་ན་ཡང་ང་ལ་མཚོན་ན། ནང་སེམས་ལས་བྱུང་བའི་སྐད་སྒྲ་འདི་དག་ནི་ང་རང་འཚོ་སྐྱོང་གནང་མཁན་གྱི་ས་གཞིའི་མ་མའི་བརྩེ་སེམས་ལ་དགའ་འབོད་དང་། ངའི་མི་རིགས་ཀྱི་སྙིང་སྟོབས་ལ་བསྟོད་དབྱངས། ད་དུང་མིག་སྔའི་མི་རིགས་ཀྱི་དཀའ་ངལ་དང་གཉའ་གནོན་པ་ལ་ངོ་རྒོལ་གྱི་ཕྱིར་དང་། ལོ་རྒྱུས་ཀྱིས་བཞག་པའི་དྲན་པ་དེ་དབང་ཤུགས་ཀྱིས་གཏིང་བརྗེད་བཟོ་མི་ཐུབ་པའི་ཆེད་དུ་ཡང་ཡིན།
ངས་དང་པོ་སྙན་ངག་བྲིས་པ་ཡིན། སྙན་ངག་གིས་ངའི་ཁྲག་རྒྱུན་གྱི་རྩ་བ་ངོ་མ་དེ་འཚོལ་སྙེག་བྱས། དེ་ནི་དོན་གྱིས་བླ་སྲོག་གི་ལོག་ཕེབས་ཀྱི་འགྲུལ་བཞུད་ཅིག་སྟེ། དེ་ནི་དད་པ་དང་འབྲེལ་ནས་ཡོད། བར་སྐབས་ཤིག་ནས་ངས་ལྷུག་རྩོམ་དང་བརྩམས་སྒྲུང་བྲིས་ཏེ། བོད་མིའི་འཚོ་བ་དང་དངོས་ཡོད་གནས་ཚུལ་སོགས་གཡོལ་དུ་མེད་པའི་གནད་དོན་མང་པོ་ཞིག་ལ་དོ་ཁུར་བྱས་པ་ན། རིམ་གྱིས་བོད་ཀྱི་གཟི་བརྗིད་དང་དཀའ་ཚེགས་རྣམས་མིག་ལམ་དུ་མངོན་བྱུང་། དེ་ནས་ངས་ལོ་རྒྱུས་དང་དངོས་ཡོད་ཀྱི་མིག་དབང་སྤྱད་དེ། ང་རང་སྙིང་ནས་དགའ་བའི་བོད་ཀྱི་ལས་དོན་རྣམས་ཟིན་བྲིས་སུ་བཏབས་ཏེ། དངོས་ཡོད་དང་འབྲེལ་བའི་རྩོམ་འབྲིའི་མགོ་བརྩམས་པ་ཡིན། དེའི་ཁྲོད་ན་རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་བོད་ལ་ཐེབས་པའི་ཤན་ཤུགས་དང་དེའི་སྐོར་གྱི་ཞིབ་འཇུག ད་དུང་། འབྲེལ་ཡོད་མི་སྣའི་ཁ་གྲངས་བཅས་འདུ་བའི་དེབ་གྲངས་གཉིས་བརྩམས། དེ་ལ་རྗེས་ནས་ “བོད་ཕྱོགས་ཀྱི་རིག་གསར་ཞིབ་འཇུག་སྟོང་ཆ་མིན།”ཞེས་པའི་གདེང་འཇོག་ཐོབ།
༢༠༠༨ ལོའི་ཟླ་ ༣ པའི་ནང་ལ་འགྱུར་ལྡོག་འགེངས་ཆེན་ཞིག་ཐེབས་སོང་། སྐབས་དེ་ནི་བོད་ཁུལ་ཡོངས་ཀྱི་ངོ་རྒོལ་ལ་ཁྲག་དྲི་བྲོ་བའི་དྲག་གནོན་བྱེད་བཞིན་པའི་སྒང་རེད། རྒྱ་གཞུང་གིས་བརྒྱུད་ལམ་ཡོངས་རྫོགས་བཅད་དེ་འཛམ་གླིང་མི་མང་ལ་སྐྱུག་བྲོ་བའི་ཁོ་ཚོའི་སྐད་སྒྲ་ཁོ་ན་ཁྱབ་སྤེལ་བྱས། རྩོམ་འབྲི་བདེན་པར་འདོད་མཁན་ངས་དུས་དེ་ནས་བཟུང་། ངའི་དཔེ་སྒམ་དང་ཟིན་བྲིས། (电台专栏节目、Twitter) ངོ་དེབ། སོགས་ཕྱོགས་སྡོམ་བྱས་ཏེ། “ མི་གཅིག་གི་བརྒྱུད་ལམ་དུ་བསྒྱུར” ལོ་འདི་དག་གི་རིང་ལ་མི་གཅིག་གི་བརྒྱུད་ལམ་འདི་རྒྱུན་སྐྱོང་བྱས་པའི་ཉམས་མྱོང་ལ་གཞིགས་ན། དེ་ནི་དབང་ཤུགས་མེད་མཁན་ཚོའི་ལག་ཆ་ཡིན་པའི་ངེས་ཤེས་སྔར་ལས་ཆེ་རུ་ཕྱིན། ལག་ཆ་དེ་ནི་ཡི་གེ་ཡིས་གྲུབ་པ་ཞིག་ཡིན། དེའི་རྒྱུ་ཆའི་ཡོངས་ཁུངས་ནི་བོད་ཀྱི་ཆོས་དང་སྲོལ་རྒྱུན། རིག་གནས། དེང་གི་གནོད་སྐྱོན་ཐེབས་པའི་གནས་སྟངས། བརྒྱ་ལས་བརྒལ་བའི་མེར་སྲེག་མཁན་གྱི་རེ་འདུན། མདོར་ན། འདི་དག་ནི་གཉའ་གནོན་ལ་ངོ་རྒོལ་བྱེད་པའི་སྟོབས་ཤུགས་དང་། ང་རང་ཕྱི་སྣུར་དང་དཔའ་མི་ཞུམ་པའི་གནས་ལུགས་དེ་ཡང་ཡིན།
མཚམས་འདིར། ངས་ “རྒྱལ་སྤྱིའི་བུད་མེད་སྙིང་སྟོབས་ཅན་གྱི་གཟེངས་རྟགས”འདི་ང་ལ་གནང་མཁན་གྱི་ཨ་རིའི་ཕྱི་སྲིད་ལས་ཁུང་ལ་འདི་ལྟར་ཞུ་འདོད་བྱུང་སྟེ། དེང་གི་བོད་ལྗོངས་ན་བདེན་པའི་དཔའ་སྐད་སྒྲོག་མཁན་མང་པོ་ཞིག་དབང་འཛིན་པའི་རས་ཡོལ་ནག་པོའི་འོག་ལ་སྟིམ་བཞིན་འདུག ངས་ཀྱང་རས་ཡོལ་ནག་པོ་དེ་རང་ཉིད་ཀྱི་སྒང་ལ་ཡོང་ངེས་པའི་གྲ་སྒྲིག་བྱེད་བཞིན་ཡོད། ཡིན་ཡང་། འདི་འདྲའི་གནས་སྐབས་ཤིག་ལ་བདེན་པའི་འབོད་སྒྲ་ལ་སྙིང་སྟོབས་དགོས། ད་དུང་ངས་དེ་ལས་རེ་སྙེག་བྱེད་བཞིན་པ་ནི་བདེན་པའི་འབོད་སྒྲ་འདི་གཞན་དབང་དུ་གྱུར་བའི་ཨ་མཆོག་གིས་ཐོས་ན་བསམ། གཞན་དབང་དུ་གྱུར་བའིོ་མིག་དབང་གིས་མཐོང་ན་སྙམ། གཞན་དབང་དུ་གྱུར་བའི་དཔུང་རོགས་ཀྱིས་ཕན་ན་འདོད། ད་དུང་། འཛམ་གླིང་གི་རྒྱུ་འབྲས་བློ་མིག་ལྡན་པའི་མི་རྣམས་ཀྱིས་མཉམ་རུབ་ཀྱིས་ལག་གདང་སྦྲེལ་ཏེ། རྒྱུ་འབྲས་སྣོག་པའི་ལོག་སྤྱོད་རྣམས་ཐེར་འདོན་དང་། མི་ཀུན་གྱི་དཀའ་སྡུག་སེལ་བ། ཚེ་སྲོག་ཀུན་གྱི་རང་དབང་དང་འདྲ་མཉམ། བརྩི་བཀུར་དབང་ཆ་ལོངས་སུ་སྤྱོད་ཐུབ་པའི་རེ་འདུན་བྱེད།
གལ་ཆེན་པོ་གཞན་ཞིག་ནི། ང་ཚོས་མཐའ་ཡས་བའི་མུན་པའི་ཀློང་ནས་ཀྱང་ཁྱེད་ཅག་གིས་བསྲིང་བའི་ཕྱག་ཟུང་གི་དྲོད་ཁོལ་དེ་མྱོང་བཞིན་ཡོད། དེ་ན་ང་རང་གིས་སྙིང་ཐག་པ་ནས་ང་ལ་རྒྱལ་སྤྱིའི་བུད་མེད་སྙིང་སྟོབས་ཅན་གྱི་གཟེངས་རྟགས་འདི་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། གཟེངས་རྟགས་འདི་ནི་འབར་བཞིན་པའི་བོད་ལ་ཐུགས་ཁུར་ཟབ་བཞེས་གནང་བར་འདོད། དྲང་མོར་བཤད་ན། བར་སྐབས་འདིར་ངས་ཆེས་བཤད་ན་འདོད་པའི་སྐད་ཆ་དེ་ནི་ “གཟེངས་རྟགས་འདི་ནི་ངས་མེར་སྲེག་མཁན་གྱི་དཔའ་བོ་དཔའ་མོ་ཚོར་ཕུལ་བ་ཡིན། ”ཞེས་པ་འདི་ཡིན།
མ་རྩོམ་གྱི་འབྲེལ་ཐག http://woeser.middle-way.net/2013/03/blog-post_12.html
ཡོད་ཚད་གཞན་དབང་དུ་གྱུར་ཡོད་ཀྱང་ཡོད་ཚད་མི་རིགས་ལ་འཕོས་བའི་དཔའ་མཛངས་ལྡན་བའི་འོད་ཟེར་ཁྱོད་ཀྱིས་ང་ཚོ་ལ་བཅང་བའི་ལྷག་བསམ་གྱི་གཤོག་ཟུང་གནམ་འཕང་ན་གཅོད་བཞིན། ཁྱོད་དང་ཁྱོད་ལྟ་བའི་མཛངས་མ་ཞིག་ང་ཚོ་ལ་ཅི་ཞིག་དུ་དཀོན་པ་ཡིན་ནམ། ་
མཛངས་ཁྱེད་ཀྱི་ལོ་རྒྱུས་ཡང་གསེར་ཡིག་ཏུ་འབྲི་འོས་ངེས་རེད་་་་་་་་་་་་དཔའ་མོ་ལགས་་རིགས་བཟང་མ་་་རིགས་རྒོད་པ་མ་་་་་་་་ངོ་མ་་་ཁྱེད་ནི་གངས་ཅན་པའི་གཟི་བརྗིད་མིན་ན་གང་ཡིན་་་་་་་་་་
བྱ་དགའ་འདི་མེར་སྒྲོན་པའི་དཔའ་བོ་ཚོར་ཕུལ་བར་ཐུགས་རྗེ་ཆེ།
འཛམ་གླིང་གིས་བོད་གླེང་བཞིན་པ་དང་། ཤར་ནུབ་ཀུན་ཏུ་མེ་དཔུང་ཁྲོད་བོད་འབར་བཞིན་པ། བོད་དེ་འཛམ་གླིང་གི་བརྒྱུད་ལམ་ན་གྲགས་བཞིན་པའི་འཐབ་རྩོད་ནང་། རླབས་ཆེན་གྱི་གསེར་ཡིག་ནང་བོད་འགོད་གནང་མཛད་པར་སྙིང་ནས་གུས་འདུད་ཞུ།
དཔའ་མོ་ཁྱོད་ལོ་རྒྱུས་དང་ངས་ནམ་ཡང་བརྗེད་མི་སྲིད།
མི་རིགས་ཀྱི་དཔའ་བོ་དང་མི་རིགས་ཀྱི་དཔའ་མོ་རྣམས་འདི་ལྟར་བརྟན་བརླིང་གིས་ཡོད་ལ། མི་རིགས་ཀྱི་ཤེས་ཡོན་པ་འདི་ལྟར་འགན་འཁྲིའི་འདུ་ཤེས་ཤིག་སྙིང་ལ་བཅངས་ནས། ཤེས་ཡོན་པ་ཞིག་ལ་ཚང་དགོས་པའི་དཔྱོད་ཤེས་བསམ་བློ་དང་། བྱ་བྱེད་འཇོན་ནུས། ཀུན་སྤྱོད་གཤིས་རྒྱུད་ཀྱི་ལམ་ནས་མི་རིགས་ཀྱི་བདེན་པ་རྩོད་ཅིང་། རང་དབང་གི་མཁའ་ལམ་སྙེག་འདོད་ཀྱི་རེ་བ་སྙིང་ལ་བསྐྱིལ་ནས་ཡོད་པ་རེད།
དུས་ནམ་ཡང་མི་རིགས་ཀྱི་རྒྱལ་ཞེན་པ་དང་། རྒྱལ་ཁབ་ཀྱི་རྩ་དོན་ལ་མོས་པའི་མི་བུ་འདི་དག་འདི་ལྟར། ནང་ཁུལ་ལ་དགོས་མེད་ཀྱི་རྩོད་པ་རང་གནོད་ཀྱི་དུག་རྩྭ་བཞིན་དུ་བལྟས་ཤིང་། ཤེས་ཡོན་པས་བྱེད་དུས་ཀྱི་ཐབས་ལམ་སྤྱད་དེ། ནམ་ཡང་གཞན་གྱི་རྐང་འོག་ལ་རང་ཉིད་ཀྱི་མགོ་བོ་མི་འཇོག་པའི་དམ་བཅའ་ཞིག་བཟུང་ནས་ཡོད་ཡོད་པ་རེད།
མི་རིགས་ཀྱི་ཤེས་ཡོན་ཅན་གྱིས་མི་རིགས་ཀྱི་བདེ་སྡུག་ལ་ལྟ་ཞིང་། མི་རིགས་ཀྱི་ཤེས་ཡོན་ཅན་གྱིས་མི་རིགས་ཀྱི་གནས་བབས་ལ་གཟིགས་པའི་དབང་གིས་ནམ་ཡང་མི་རིགས་ཀྱི་ཤེས་ཡོན་པ་ནི། འཛམ་གླིང་གི་མཐོ་ས་ན་ཉི་འོད་བཞིན་འཚེར་ནས་ཡོད་པ་རེད་ལ། མུན་ནག་གི་མཚན་ལྗོངས་སུ་ཟླ་བ་འཆར་འོང་བ་རེད།
ཚེ་རིང་འོད་ཟེར་གྱི་སྙིང་སྟོབས་དང་། ཚེ་རིང་འོད་ཟེར་གྱི་ཀུན་སྤྱོད་གཤིས་རྒྱུད་ནམ་ཡང་འདི་ལྟར་འགྲོ་བཞིན་ཡོད་ལ། ཚེ་རིང་འོད་ཟེར་དང་ཚེ་རིང་འོད་ཟེར་འདྲ་བའི་རླབས་ཆེན་གྱི་སྐྱེས་བུ་མང་མང་ཞིག་ནམ་ཡང་མི་རིགས་དང་མི་རིགས་ཀྱི་བདེ་སྡུག་སླད་དུ་མིག་མ་བཙུམ་ཞིང་། ཤེས་རབ་ཀྱི་རྣོ་ཁ་སྒེར་གཅོད་པའི་ཕྱོགས་ལ་ནམ་ཡང་གཏད་ནས་ཡོད་ཡོད་པ་རེད། བཀའ་དྲིན་ཆེ།
ཐུགས་རྗེ་ཆེ།
བོད་ཀྱི་མཛངས་མ་ལགས
བསྒྱུར་མཁན་ལོ་མ་རྒྱལ་ལའང་བཀའ་དྲིན་ཆེ་ཞུ།