མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་གི་རང་སྲེག་སྲིད་བྱུས་ལ་བསྐྱར་བལྟ་བྱས་པ།

བོད་ཀྱི་དུས་བབ།
༢༠༡༣/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཤར་ཕྱོགས་ཁུག་རྟ། 

བཟང་ངན་གང་དུ་གཏོགས་མིན་མ་ཤེས་ཀྱང་། བཀའ་ཤག་གསར་པའི་དུས་སྐབས་ནི་རང་སྲེག་གི་དུས་སྐབས་ཤིག་ཡིན་ཞེས་བཤད་མཁན་མང་པོ་བྱུང་ཡོད། རང་སྲེག་གི་དུས་སྐབས་འདིར་ཕྱིར་བལྟས་ཤིག་བྱས་པ་ཡིན་ན། ད་གཟོད་ང་ཚོའི་གཞུང་འཛིན་བཀའ་ཤག་དང་། གྲོས་ཚོགས། མི་མང་། ཐ་ན་མི་སྒེར་རེ་རེ་ནས་རང་སྲེག་ལ་ངོས་འཛིན་གང་འདྲ་ཞིག་བྱས་ཡོད་མེད་དང་། དེའི་མཐའ་སྣེར་ཚོད་དཔག་སྡོམ་ཚིག་གང་འདྲ་ཞིག་བཀོད་པ་མཐའ་དག་ཤོག་བུ་དཀར་པོར་ནམ་མཁའི་སྐར་ཚོགས་བཞིན་ཕྲ་ལམ་མེར་གསལ་འདུག  

ད་ལྟ་ཡི་གེ་འབྲི་མཁན་གྱི་གང་ཟག་ཁོ་བོར་མཚོན་ན། རང་སྲེག་དང་འབྲེལ་བའི་གླེང་སློང་ཐད་བཙན་བྱོལ་ནང་གི་སྨྱུག་འཛིན་པའི་སྡེ་ནས་ཆེས་མང་ཤོས་ལྟ་བུར་ཆགས་ཡོད་ལ། རང་སྲེག་དང་འབྲེལ་བའི་ཚོགས་ཆེན་བསྡུ་སྐོང་བྱས་པ་སོགས། མདོར་ན་ཁོ་བོའི་རང་སྲེག་ངོས་འཛིན་དང་མདུན་ལམ་ལྟ་ཕྱོགས་ཐད་དགག་རྒྱག་བྱ་མཁན་མང་པོ་བྱུང་ཁར། ”ང་ཚོར་མཚམས་འཇོག་ལབ་རྒྱུའི་ཐོབ་ཐང་མེད་”ཅེས་པའི་ཚིག་འདི་འཕྱར་ནས་བསྲེགས་ཚད་ལ་བསྲེགས་སུ་བཅུགས་པ་མ་ཟད། “དཔའ་བོ་དེ་ཚོས་ཀྱང་ཚེ་སྲོག་རྩ་ཆེན་ཡིན་པ་ལོས་ཤེས། ཤི་རྒྱུ་བདམས་ཟིན་རྗེས་དེ་གྲུབ་འབྲས་ཡོད་པའང་གདེང་ཚོད་ཡོད་པ་རེད་”ཟེར་བ་སོགས། གང་ལྟར་མེ་མུ་མཐུད་དུ་འབར་འཇུག་པའི་བསམ་ཕྱོགས་འདི་ག་རེ་ཡིན་ན་བསམ་པའི་དངན་པ་དང་དབུགས་རིང་ཡང་ཡང་བཏང་མྱོང་མཁན་ཞིག་ཡིན།  

དམིགས་བསལ་རང་རེའི་གཞུང་འཛིན་ཕོ་བྲང་སྔོན་པོ་ནས་རང་སྲེག་ཐད་སྲིད་བྱུས་ཁ་གསལ་གནང་དགོས་ཀྱི་འདུག བོད་ནང་དུ་རང་སྲེག་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་དང་ངོས་འཛིན་གང་འདྲ་ཞིག་བྱུང་ཡོད་མེད་ཉུང་མཐར་གསལ་བཤད་མ་གནང་དུས་ལོ་རྒྱུས་ཀྱིས་གང་ནས་གུ་ཡངས་ལ་གཏོང་གི་རེད། གཏན་ནས་གཏོང་གི་མ་རེད་ཅེས་རང་སྲེག་གཏོང་མཁན་གྱི་ཨ་ཕ་ཞིག་ལ་སེམས་གསོའི་ཁ་བརྡ་བྱས་རྗེས་ཀྱི་ཚོར་བ་དམར་བརྗོད་བྱས་ཡོད། ”མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་” སོགས་ལ་༧གོང་ས་མཆོག་གིས་དེ་སྔ་བསྩལ་བའི་བཀའ་ཡིག་དགོངས་དོན་”བསྐྱར་ནན་”བྱས་ཡོད་ཅེས་བཀའ་ཤག་གིས་གསུངས་ཡོད་ལ། ”ཉེན་འཚབ་ཆེ་བའི་ལས་འགུལ་རིགས་མ་སྤེལ་”ཞེས་ཀྱང་གསུངས་ཡོད། ཕྱིས་སུ་”ཉེན་འཚབ་ཆེ་བའི་རང་སྲེག་ལས་འགུལ་སོགས་མ་སྤེལ་ཞུས་ཀྱང་མུ་མཐུད་དུ་རང་སྲེག་བཏང་བས་”ཞེས་གསུངས་མགོ་བརྩམས་ཡོད། ཕྱི་མ་འདི་ཐ་ན་”བོད་ཀྱི་བརྙན་འཕྲིན་གསར་འགྱུར་”ནང་མདོ་འཛིན་པས་མ་ཎི་སྐྱོར་སྐྱོར་ཡང་ཡང་ནས་ཡང་དུ་ཟློས་ཡོད།  

ཁོ་བོས་༼ བཀའ་ཤག་གིས་བཀའ་དེ་དྲངས་པ་མ་གཏོགས་བརྩི་ཡི་མི་འདུག་༽སོགས་རྩོམ་ཡིག་སྣ་ཚོགས་བྲིས་ཏེ། སྲིད་དོན་པས་ཚོད་བགམ་རང་བཞིན་གྱིས་མིའི་ཚེ་སྲོག་རྩེད་ཆས་བྱེད་མི་རུང་། གདེང་འཁེལ་བའི་མདུན་ལམ་འཁྲིད་སྟོན་གྱི་མཁས་མཛངས་མེད་ན་སོ་སོའི་མི་མང་གི་ཚེ་སྲོག་ལ་བདག་པོ་རྒྱག་དགོས། གནས་སྟངས་ཛ་དྲག་སྐབས་དབུ་འཁྲིད་ཚོས་མི་མང་ལ་སྐད་ཆ་དྲང་མོར་བཤད་དགོས་སོགས་ཡང་ནས་བསྐྱར་དུ་བཤད་ཀྱང་། དྲ་འབུ་ཚོའི་གླེང་ཕྱོགས་དེ་ལ་བསྟུན་པ་ཡིན་ནམ། གང་ལྟར་དོ་སྣང་ཅན་གྱི་བཀའ་ཤག་གིས་རྣམ་འགྱུར་གསར་པ་གང་ཡང་བསྟན་མ་སོང་། སྐབས་དེ་ཤེད་དུ་བཀའ་ཤག་རྙིང་པས་ས་བྱི་ཞི་རྒོལ་ཆེན་པོའི་ཐད་འཛིན་པའི་སྲིད་བྱུས་དང་བསྒྲགས་གཏམ་སོགས་ལ་ཡང་ནས་བསྐྱར་དུ་ཞིབ་ཅིང་གཟབ་མནན་གྱིས་བལྟས་ཏེ། ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོའི་གོ་སྒྲིག་གཏམ་བཤད་ནང་”དབུས་བོད་མིའི་སྒྲིག་འཛུགས་ནས་རང་སྲེག་གི་མདུན་ལམ་དང་འཕེལ་རིམ། རྒྱབ་ལྗོངས་བཅས་ལ་གཞིགས་ཏེ་ལངས་ཕྱོགས་གསལ་བོ་ཞིག་བོད་དང་རྒྱ་ནག་ནང་དུ་གསལ་གཏོང་བྱ་དགོས་བསམས། དེ་ནི་ས་བྱི་ཞི་རྒོལ་ཆེན་པོའི་སྐབས་ཀྱི་དབུ་ཁྲིད་ཀྱི་གནང་ཕྱོགས་ལ་བལྟས་ཏེ་ཞུས་པ་ཡིན་”ཅེས་ཞུས་ཡོད།  

༢༠༡༢ ལོའི་དམིགས་བསལ་ཚོགས་སྐབས་སྲིད་སྐྱོང་གིས་རང་སྲེག་ཐད་” མི་ཡིན་པ་དང་། ནང་པ་ཡིན་པ། བོད་མི་ཡིན་པ”་ཞེས་པའི་སྲིད་བྱུས་ཤིག་བསྒྲགས་ཤིང་། དེ་ལ་རྒྱལ་སྤྱིའི་གཞུང་སྒེར་མང་པོས་ཀྱང་རྒྱབ་སྐྱོར་བྱས་སོང་ཞེས་སྤོབས་པ་ཆེན་པོས་གསུངས་སོང་། གཟིགས་ཕྱོགས་འདིས་༧གོང་ས་མཆོག་གི་”འགན་འཁུར་ཆེན་པོ་གསུམ་”ལ་མཚན་ཤོས་ཆགས་ངེས་པ་ཞིག་འདུག གང་ཡིན་ཞེ་ན། དྲང་བདེན་དང་ལྷག་བསམ་རྣམ་དག མཁས་མཛངས་ཆེན་པོ་བཅས་ཀྱིས་འཇིག་རྟེན་འདིར་སྲི་ཞུ་སྒྲུབ་པའི་འགན་འཁུར་ཆེན་པོ་གསུམ་ལ་དཔེར་བླངས་ཏེ། གདེང་ཚོད་དང་སྤོབས་པ་མེད་པའི་ཆབ་སྲིད་ཀྱི་བློ་མིག་དོགས་པོས་སྲིད་བྱུས་འདི་ལྟར་བཏོན་པ་ཡིན་ན། རྒྱལ་སྤྱིའི་ནང་དུའང་མིག་དཔེ་ངན་པ་ཆགས་སྲིད་ཁར། གལ་སྲིད་གདེང་ཚོད་ཁྱོན་ནས་མེད་པ་གཏན་འཁེལ་ན་༧གོང་ས་མཆོག་གི་”འགན་འཁུར་ཆེན་པོ་གསུམ་”ལ་སྲིད་སྐྱོང་གི་སྲིད་བྱུས་འདི་སྦྱར་ནས་ནག་འགེལ་བྱེད་རྒྱུ་ནི་ཡོང་ངེས་པ་རེད་ཅེས་ཁོ་བོས་དེ་དུས་ནས་བཤད་ཡོད། སྐབས་དེའི་ཁོ་བོའི་རྩོམ་ཡིག་ནང་”སྲིད་བྱུས་གསར་པ་འདི་༧གོང་ས་མཆོག་གིས་གསན་ན་ག་རེ་དགོངས་ཀྱི་ཡོད་དམ་”ཞེས་བློ་འཚབ་ཧ་ལས་པ་བྱུང་།  

ཉིན་འགའི་སྔོན་ལས་བྲེལ་གྱིས་གྲོས་ཚོགས་ལ་ཟུར་ཉན་བྱེད་ཁོམ་མ་བྱུང་ཡང་། དེ་རིང་གཟའ་ཉི་མར་གྲོས་ཚོགས་བསྐྱར་སྟོན་ལ་ལྟ་སྐབས། ”བཀའ་ཤག་གི་གསལ་བཤད་”ཆ་ཚང་མཇལ་སྐལ་བྱུང་། གཏམ་གྱི་སྙིང་དོན་རང་ལུས་མེར་སྲེག་དང་དབུ་མའི་ལམ། ཞིས་ཅིན་ཕིན་གཙོས་མགོ་ཁྲིད་གསར་པ་ཚོ་དང་། བོད་སློབ་འཛིན་ཚོགས་བཅས་ཀྱི་སྐོར་རེད། སྲིད་སྐྱོང་གི་བཀའ་མོལ་འདིར་བཙན་བྱོལ་བོད་མི་དོ་སྣང་ཅན་དང་ཤེས་ལྡན་པ་ཚང་མར་དམིགས་བསལ་དོ་སྣང་བྱུང་ཡོད་པ་ངས་ཐག་བཅད་ནས་ཞུ་ཐུབ་ཀྱི་འདུག གང་ཡིན་ཞེ་ན། རང་སྲེག་དང་འབྲེལ་བའི་བོད་མི་རིགས་ཀྱི་མདུན་ལམ་ལ་དྲང་པོར་ཞུས་ན་ང་ལྟར་གཉིད་ ཁུག་གི་མེད་པའི་རང་དོན་དོར་ནས་བསམ་བློ་གཏོང་མཁན་གྱི་གླེན་པར་བརྩི་བ་གྲངས་ཀྱིས་མི་ཟིན་པ་ཞིག་ཡོད་པར་ང་རང་ཡིད་ཆེས་གཙང་མ་ཡོད།  སྲིད་སྐྱོང་གིས་དོན་དངོས་གདེང་ཚོད་ཁྱོན་ནས་མེད་པའི་ཐོག རང་སྲེག་ཐད་འཛིན་པའི་སྲིད་བྱུས་ལ་རྟེན་གཞི་ཚད་ལྡན་མེད་པ་དང་། མདུན་ལམ་ལ་ཚོད་དཔག་མ་ཐུབ་པའི་ནོངས་འགྱོད་ཡོད་པ་ཁོང་གི་རྣམ་འགྱུར་ནས་ཚོར་ཀྱང་། ཕྱག་གིས་དཔྲལ་བའི་རྔུལ་ནག་ཐེངས་དུ་མར་འཕྱི་བཞིན། ༢༠༡༢། ཟླ ༡༢། ནས་བཀའ་ཤག་གི་རང་སྲེག་སྲིད་བྱུས་འགྱུར་ཟིན་པ་དང་། འགྱུར་བའི་རྒྱུ་མཚན་བཅས་གསུངས་སོང་།  

ཕྱོགས་ལྷུང་དད་པ་ཅན་རྣམས་ལ་སྲིད་སྐྱོང་གི་རྒྱུ་མཚན་འདིའང་རྒྱུ་མཚན་དུ་འགྲོ་སྲིད་མོད། རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་པ་བོད་ཁུལ་དུ་བསྐྱོད་རྗེས་ཀྱི་བསྒྲགས་གཏམ་སོགས་ཀྱི་ཚིག་” འཇིགས་སྣང་ཅན་གྱི་གྲངས་ཀ་དང་། འཇིགས་སྣང་དང་ཉེན་འཚབ་ཅན་གྱི་ལས་འགུལ་”ཟེར་བ་དག་ལ་གཞི་བྱས་ཏེ། རང་སྲེག་ལ་རྒྱ་ནག་གིས་ཡ་ལན་བྱེད་ཀྱི་ཡོད་མེད་ཅི་ལྟར་ཡང་། རྒྱལ་སྤྱིའི་ནང་གནས་བབ་ལ་འགྱུར་གཞི་ཡོང་དོགས་ཀྱིས”ད་ནི་ང་ཚོ་ཚང་མས་བསམ་བློ་ཞིག་གཏོང་དགོས་ཀྱི་འདུག”་ཅེས་པ་དངོས་བདེན་ཡིན་དུ་ཆུགས་ཀྱང་། རྒྱལ་སྤྱིའི་ནང་གི་གཟུགས་བརྙན་གནད་འགག་ཡིན་པའི་བོད་དོན་ལ་མཚོན་ན་གནད་དོན་འདི་གཟབ་དགོས་ས་ཞིག་ཡིན་ཡང་། རྒྱལ་སྤྱི་དང་རྒྱ་ནག་གཉིས་ཀའི་ནང་རང་སྲེག་གི་མདུན་ལམ་གང་དུ་འགྲོ་མིན་གྱི་ གྲ་སྒྲིག་དང་བསམ་ཚུལ་གཟབ་ནན་ཞིག་མེད་པ་ནི་རང་བཞིན་གྱིས་གསལ་བཤད་བྱས་ཡོད་པས། འདི་ནི་སྤྱི་འཐུས་མཁན་པོ་ནོར་བུ་ཚེ་རིང་གིས་གསུངས་པ་ལྟར་རྔ་ལ་དཔགས་པའི་འཆམ་མིན་པར་དབུ་འཁྲིད་ཅིག་ཡིན་ན་ལེ་བར་ཁ་ཤས་ཀྱིས་མདུན་དུ་བསྐྱོད་ནས་སྣེ་འཁྲིད་དགོས་པ་རེད་ཅེས་པའི་རྩ་དོན་འདིའི་ཡོང་ཁུངས་ཀྱང་རེད་འདུག་པས། རང་སྲེག་བྱུང་མ་ཐག་ནས་རྒྱལ་སྤྱིར་རྒྱ་བསྒྲགས་སྟོང་བསྒྲགས་བྱ་བཞིན་པའི་རྣམ་འགྱུར་དམིགས་བསལ་བསྟན་མྱོང་བའི་སྲིད་སྐྱོང་མཆོག་དང་། བཀའ་ཤག་ནས་འགན་ཡོངས་རྫོགས་འཁུར་དགོས་པ་སུས་ཀྱང་ནག་བསུབ་གཏོང་བའམ་ཁ་རྩ་བ་ནས་བསྒྱུར་མི་ཐུབ་པ་ཁོ་བོས་སྡོམ་ཚིག་རྡོ་རྗེ་ཚིགས་སུ་བཀོད་འདོད་བྱུང་།  

༧གོང་ས་མཆོག་གིས་”རང་སྲེག་ཐད་ངོས་རང་ཤི་བ་ནང་བཞིན་འདུག་གི་ཡིན།” ཞེས་དང་། ཡང་”ད་ངས་སྲིད་འགན་རྩིས་སྤྲོད་ཟིན་པ་དང་འགན་འཁུར་མཁན་ཡོད་དུས་ངས་ཅིག་བཤད་ཀྱི་བསྡད་ན་དེ་ཕྱི་ནང་མི་མཚུངས་པའི་རྟགས་རེད། ཁྱེད་ཚོར་དྲི་བ་ཡོད་ན་བཀའ་ཤག་ལ་ཕེབས་”ཞེས་གཟིམ་མཇལ་སྐབས་ཐེངས་མང་གསུངས་འདུག སློབ་དཔོན་ཟམ་གདོང་རིན་པོ་ཆེས་ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོར་བསྩལ་བའི་གསུང་འཕྲིན་ནང་”ཁོང་ཚོའི་བློས་གཏོང་ཆུད་ཟོས་སུ་མི་འགྲོ་བར་ཐབས་ལམ་ཇི་ཡོད་དང་། ་་་་་ཁོང་ཚོའི་རེ་འདུན་སྒྲུབ་ཐབས་ཇི་ཡོད་སྐོར་ཟབ་ཡངས་དཀྱེལ་ཆེའི་རྣམ་དཔྱོད་ཀྱི་ལམ་ནས་ཞིབ་འཇུག་བགྲོ་གླེང་གཏིང་ཟབ་ངོས། བྱེས་འབྱོར་བོད་རིགས་ཡོངས་ལ་ལམ་སྟོན་ཐུབ་པ་ཞིག་བྱུང་ན”་ཞེས་ཕེབས་པ་དང་། གསོག་སྒར་སློབ་གྲྭར་ཁོ་བོས་གདན་ཞུ་བྱ་སྐབས་ཀྱང་” ཁོང་ཚོའི་རེ་འདུན་ཆུད་ཟོས་སུ་མི་འགྲོ་བའི་སྤོབས་པ་དང་གདེང་ཚོད་གཉིས་ཀ་ང་ཚོར་ཡོད་དགོས། མེད་པ་རྣམས་ཀྱིས་ཡོད་པ་བྱེད་དགོས་”ཞེས་ཕེབས་སོང་།  བཀའ་སློབ་འདི་དག་ལ་གོ་བ་ཟབ་མོ་ལོན་ཕྱིར་སྐབས་དེ་དུས་ནས་བློས་གྲོགས་རེ་འགའི་མཉམ་བགྲོ་གླེང་ཐེངས་མང་བྱས་པས། གོ་བ་དེ་དག་གི་མཐིལ་དེ་རིང་སྲིད་སྐྱོང་གི་གདེང་ཚོད་མེད་པའི་རྣམ་པ་འདིས་དེ་བས་ཀྱང་གསལ་བོ་འདྲ་ཞིག་བཟོས་སོང་།  

སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་གྲོས་ཚོགས་ནང་གི་གཏམ་བཤད་ལ་གཞིགས་ན། རང་སྲེག་ཐད་ཀྱི་སྲིད་བྱུས་དང་པོར་བཀའ་སྤྱི་ལྷན་འཛོམས་གནང་ནས་གཅིག་གྱུར་གྱི་ཚིག་བརྗོད་ཅིག་གཏན་འབེབས་གནང་འདུག་ལ། སྐབས་དེར་མ་གཏོགས་”མཚམས་འཇོག་ཞུ་རྒྱུར་འབོད་སྐུལ་ཞུ་བའི་ཐོབ་ཐང་མེད་”ཅེས་པ་དེའང་གྲོས་བསྡུར་བྱས་ནས་ཐག་བཅད་པ་ཞིག་ཡིན་པ་གང་ནས་ཤེས། གྲོས་བསྡུར་ལོས་བྱེད། ཐག་གིས་ཀྱང་ལོས་གཅོད། ཡིན་ནའང་།  སྲིད་བྱུས་འཛིན་ཕྱོགས་དེ་ལམ་སེང་གྲོས་བསྡུར་གྱིས་ཐག་ག་ནས་ཆོད། མི་ཆོད་པའི་རྒྱུ་མཚན་ཡང་དེར་རྒྱ་ནག་གིས་ཡ་ལན་ཅི་ལྟར་གནང་རྒྱུར་ཚོད་དཔག་དང་དཔྱད་ཞིབ་གནང་ཐུབ་མཁན་ག་ཚོད་བྱུང་ཡོད་དམ། ངས་བལྟས་ན་བོད་ཀྱི་སྲིད་སྐྱོང་གིས་བཀའ་ཤག་གི་གསལ་བཤད་སྐབས་ཞིས་ཅིན་ཕིན་གྱི་ སྐོར་དཔྱད་པ་གནང་བ་དེ་ནི་གླེན་པ་ང་ལྟ་བུས་ཀྱང་མཐོང་ཟིན་པ་ཞིག་ཡིན་སྟབས། སྐབས་དེའི་ལྷན་འཛོམས་ནང་རང་སྲེག་གི་ཁ་གཏད་ནས་རྒྱ་ནག་གི་གདུག་རྩུབ་ཅི་འགྱུར་ལ་དཔྱད་ཞིབ་ཐོལ་བ་ཞིག་གནང་རྒྱུའི་གནས་བབས་དང་དུས་ཚོད། གྲ་སྒྲིག་གསུམ་ཀ་མེད་པ་གསལ་བོ་རེད། གཅིག་བྱས་ན་སྤྱི་འཐུས་རྒྱ་ནག་ཉམས་ཞིབ་པ་དེ་ཚོར་མཁྱེན་པ་རྒྱས་དྲག་ཙང་ལུང་བསྟན་འདྲ་རྒྱབ་ཡོད་སྲིད་པ་རེད།  

འོན་ཀྱང་ཁོ་བོས་བལྟས་ན། རྒྱལ་སྤྱིའི་སྒང་དུ་བློ་འཚབ་ཞེ་དྲག་ཡོད་མཚམས། རྒྱ་ནག་གཞུང་གིས་ཀྱང་གཞི་ནས་ཁ་གཏད་ལས་འཆར་འདིང་སྐབས། རང་རེའི་བོད་མི་རྣམས་ལའང་སྙིང་རླུང་སྟོད་ལ་འཚིང་ནས་གཉིད་ཀྱང་མ་ཁུགས་པའི་གནས་སྐབས་དེ་ཤེད་དུ། “རང་སྲེག་མཚམས་འཇོག་ལ་འབོད་སྐུལ་ཞུ་རྒྱུའི་ཐོབ་ཐང་ཡོད་པར“གྲོས་ཐག་བཅད་དེ། ཚོད་བགམ་དང་རེ་བ་ཁོ་ནས་ཚེ་སྲོག་རྩེད་སྤྱད་མ་བྱས་པར། རང་ལུས་མེར་སྲེག་མ་གཏོང་རོགས། སྒེར་གཅོད་སྲིད་གཞུང་ལ་ཚེ་སྲོག་གིས་ཞུ་འབོད་ཞུས་ཀྱང་གནས་སྐབས་འགྱུར་བ་ཡོང་གཞི་མི་མཐོང་སྟབས། རང་སྲེག་མཚམས་བཞག་སྟེ་རང་སྐྱོང་༼ བསམ་འཆར་༽གྱི་དགོངས་དོན་བཞིན། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འབྲུ་དོན་བཞིན་བོད་མིའི་ཐོབ་ཐང་འཚེ་མེད་ཞི་བའི་ལམ་ནས་རྩོད་ཐུབ་ན་ད་ལྟའི་གནས་སྟངས་དང་འཚམས་པོ་འདུག་གསུངས་ཡོད་ན། དེ་རིང་གི་ནོངས་འགྱོད་ཅན་གྱི་”བཀའ་ཤག་གི་གསལ་བཤད་”འདི་འདྲ་གནང་དགོས་དོན་ཡོད་པ་མ་རེད་ལ། དབུ་མའི་ལམ་མུ་མཐུད་རྒྱུར་ཆོད་སེམས་བརྟན་པོ་ཡིན་ཞེས་ཡང་ནས་བསྐྱར་དུ་གསུངས་དགོས་དོན་ཀྱང་ཡོད་པ་མ་རེད། དེ་བཞིན་བཀའ་ཤག་ནས་འཁྱེར་ཡོང་བའི་ཁྲིམས་འཆར་”སྲིད་སྐྱོང་”ཞེས་པའི་རླབས་ཆེན་མཚན་ཉིད་འདི་ལའང་གཟི་འོད་ཇེ་འཕྲོས་སུ་སོང་ཡོད་པ་ཐེ་ཚོམ་ནེམ་ནུར་གང་ཡང་མེད་པར་ཞུ་ཆོག་པ་ཞིག་ཡིན་ནའང་། བོད་ཀྱི་ཆབ་སྲིད་པ་ཞིག་གིས་རྩེད་མཚར་ངང་”དབུ་ཁྲིད་ཅིག་ཡིན་ན་མི་མང་གི་རྗེས་སུ་ཕར་རྒྱུག་དགོས་དུས་ད་ཚར་ཚར་བ་རེད་”ཅེས་བཤད་པ་དེའང་ལུང་བསྟན་ཞིག་གི་ཚུལ་དུ་དེ་རིང་བཀའ་ཤག་ལྷན་རྒྱས་དང་སྲིད་སྐྱོང་གི་སྤྱི་བོར་ཟགས་ཡོད་པ་འདྲ།།

 

༢༠༡༣། ༣། ༢༤། གཟའ་ཉི་མའི་ཉིན་ཤར་མར་བྲིས།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 20

  1. ཨ says:
    ལོ་ 12 སྔོན།

    རང་སྲེག་ཞི་རྒོལ་ལྟ་བུའི་འགང་ཆེན་གྱི་དོན་དག་ཐད། སུ་ཞིག་ལ་སྨྲ་སྒྲུབ་སེམས་གསུམ་གོ་ཆོད་ཅིག་ཡོད་ན། དེ་ནི་དུས་རབས་འདིའི་བོད་མིའི་ཚབ་མཚོན་ངོ་མ་བོ་ལོས་ཡིན། རང་རེའི་ཚོས་ཀྱང་ཡི་རངས་དང་ཁ་མིག་ཡར་ལྟ་ཐུབ་དགོས་ལ། དེ་ཇི་ལྟར་ཐུབ་ན་དེ་ལྟར་ང་ཚོར་བཟང་ཕྱོགས་རྗེ་འགྱུར་མྱུར་དུ་ཐོན་པར་འདོད།

    Reply
  2. གཟུ་དཔང། says:
    ལོ་ 12 སྔོན།

    ཀརྨ་ཆོས་འཕེལ་འདྲ་བོར་ཉན་འཇོག་བྱེད་དགོས་དོན་ཨེ་ཡོད། ཁོ་ལ་བཙན་དབང་གིས་རྒྱབ་སྐྱོར་བྱེད་བཅུགས་པ་རེད་པཱས། སྣང་བ་མི་འགྲོ་བའི་སྐད་ཆ་རང་རེད། གནས་དུས་ཚོད་རྩིས་ལབ་ན་འདི་རེད། སོང་ཙང། ཚོགས་གཙོས་རྨེག་མེད་བཏང་བ་དེ་ཡག་བྱུང། ཐུགས་རྗེ་བཀའ་དྲིན་ཆེ་ཞུ་བ་ཡིན།

    དེ་དང་མཉམ་དུ་སི་ཏུ་རིན་པོ་ཆེ་ནས་དགོངས་པ་ཞིག་བཞེས་དགོས་ཀྱི་འདུག ཁྱེད་ལ་འཇུ་ཆེན་གྱིས་བཀོད་མངགས་གནང་སྟེ་སྤྱི་འཐུས་སུ་ཐོན་པའི་ཀརྨ་ཆོས་འཕེལ་གྱི་བྱེད་ཕྱོགས་ལ་གཟིགས་རོགས། བོད་གཞུང་དང་བོད་མི་མང་ཁྱེད་སི་ཏུ་དང་ཀརྨ་པ་ལ་དྲིན་མི་ཆེ་ན་མི་ཆུང་བ་གསལ་བོ་རེད། ༧རྒྱལ་བ་ཡེ་ཤེས་ནོར་བུ་དང་རང་གཞུང། མི་མང་དང་བཅས་པས་ཅི་ཙམ་ཀརྨ་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལོས་ཤེས། དྲིན་ལན་ལོག་པར་མཇལ་ན་ལས་རྒྱུ་འབྲས་འགྲོ་ཡི་མ་རེད་ལ། བཀའ་བརྒྱུད་པ་ཞེས་མཚན་བྱིན་རླབས་ཅན་འདིའི་འཐུས་མི་འདི་འདྲ་ཞིག་དགོས་རྒྱུར་ཁྱེད་ཀྱིས་བཀོད་མངགས་གནང་སྟེ་ཐོན་པ་ཡིན་ན། བཀའ་བརྒྱུད་པ་ལ་ཕན་གི་འདུག་གམ། བོད་སྤྱི་ལ་ཕན་གྱི་འདུག་གམ། ཀརྨ་ཆོས་འཕེལ་ཁྱེད་ཀྱིས་མི་མཐོང་བ་མ་རེད། ཁོང་གི་བསམ་སྤྱོད་ཚང་མས་ཤེས་ཤེས་པ་རེད། སོང་ཙང། ཁྱེད་ནས་ཁོང་སྤྱི་འཐུས་སུ་བླུགས་ཞེས་གསུངས་པ་དེ་ནི་དོན་དམ་ཁྱེད་ནས་༧རྒྱལ་བ་ཡེ་ཤེས་ནོར་བུ་དང་རང་གཞུང། ལས་རྒྱུ་འབྲས་བཅས་ལ་ཅི་ཙམ་གཙིགས་ཆེན་འཛིན་གྱི་ཡོད་མེད་ལ་དོགས་པ་བྱུང་ལ། ཀརྨ་པ་ཨྱོན་འཕྲིན་ལས་འགྲོ་འདུལ་རྡོ་རྗེ་མཆོག་གི་མཛད་པ་འཕྲིན་ལས་ལའང་འདི་འདྲས་གནོད་ངེས་པ་ནི་རིགས་པས་ལམ་ནས་ཐག་བཅད་ཆོག་པ་ཞིག་རེད། སོང་ཙང། དགོངས་བཞེས་གནང་རོགས།། དགོངས་བཞེས་གནང་རོགས།། ག་དུས་ཡིན་ནའང། དཔལ་འབྱོར་དང་སྙན་གྲགས་ཀྱིས་འཇིག་རྟེན་ལ་ཁ་ལོ་བསྒྱུར་བསམས་པ་ནི་རྦད་དེ་ནོར་འཁྲུལ་ཅན་གྱི་བསམ་བློ་ཞིག་རེད། བདེན་པ་ནི་ག་དུས་ཡིན་ནའང་བདེན་པ་རང་རེད་ཅེས་ཀྱང་ཞུ་འདོད་བྱུང། སྐད་འདི་སུ་གོ་ན། ཏ་ཡི་སི་ཏུ་རིན་པོ་ཆེར་སྙན་གསེང་ཞུ་རོགས།།

    Reply
  3. གྲྭ་ལོག says:
    ལོ་ 12 སྔོན།

    ཤར་ཁུག་གི་ནག་འདེད་དང་རང་ངོ་རང་ལ་སྤྲོད་པ་འདི་རིགས་ལ་རྒྱབ་སྐྱོར་ཡོད། ཆབ་སྲིད་པ་དེ་ཚོ་ངོ་ཚ་ཡ་མེད་ཙང་མཐའ་མར་རང་གིས་བྱས་པའི་ལས་དོན་ལ་གྲུབ་འབྲས་མ་ཐོན་པ་ཤེས་མཚམས་མི་མང་གི་མགོར་ཕར་གཡོག་ཐུབ་བྱེད་སྲིད་པས། ཏག་ཏག་རེད། བཤད་སྐབས་ཤིག་ལ་བཤད་འདུག

    Reply
  4. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    ཤར་ཁུག་ཤར་ཁུག། ཁྱོད་གཡོ་བྱུས་འཁྲབ་དགོས་མ་རེད། ཁྱོད་ཀྱི་བྱ་བྱེད་ལས་གསུམ་ཚང་མ་གསལ་གསལ་ཐིང་ཐིང་ཤེས་ཀྱི་ཡོད་ལ། སྲིད་སྐྱོང་མཆོག་ལ་ནད་རྙིང་གིས་འཁོན་འཛིན་བཅངས་དགོས་མ་རེད། ཁྱོད་བདེ་ལེགས་སྨན་ཁང་ནང་རྒྱ་ནད་ཐེབས་བསྡད་ཡང་ན་བོད་ནད་ཐེབས་བསྡད་ཡོད།

    Reply
  5. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    དོགས་གཞི་ཅན་གྱི་”སྤྱི་འཐུས་སྒེར་གྱི་གསལ་བཤད།”

    སྤྱི་འཐུས་སྒེར་གྱི་གསལ་བཤད་ནི་སྤྱི་འཐུས་རང་ཉིད་ཀྱིས་གཞུང་གི་ལས་དོན་ཐོག་གལ་ཆེའི་སྤྱི་སྨན་དགོངས་ཚུལ། མཁས་མཛངས་འཕྲུལ་གསུམ་ལྡན་པ་གནང་རྒྱུ་སོགས་ཀྱི་ཆེད་ཆ་རྐྱེན་བསྐྲུན་པ་ཞིག་ཡིན་ཡང། ཚིག་སྦྱོར་སྙན་མོ། ཁ་བདེ་བོས་བོད་སྤྱིའི་རྩ་དོན་གྱི་གནས་བབ་ངོ་མར་རྒྱབ་འགལ་འགྲོ་གཞིའི་དགོངས་ཚུལ་བཏོན་པ་ཡིན་ན། དེ་ལ་སྤྱི་འཐུས་སྒེར་གྱི་གསལ་བཤད་ཅེས་པའི་མིང་ཐོག་གི་མེད་པ་ནི་གསལ་བོ་ཡིན་པ་ལྟར། དེ་རིང་གྲོས་ཚོགས་ནང་ཀརྨ་ཆོས་འཕེལ་གྱིས་སྤྱི་འཐུས་སྒེར་གྱི་གསལ་བཤད་ལ་ཁ་གཡར་ནས་༧གོང་ས་ཆེན་པོར་སྐུར་འདེབས་དང། རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་ཐུགས་འདུན་འགྱུར་མེད་སྟེང་ཆེད་མངགས་སྐྱོན་བརྗོད་ཡོང་ཆེད་བཏོན་པ་ཞིག་རེད་ལ། ༧གོང་ས་མཆོག་ཞལ་ཞེ་མི་མཚུངས་བར་གསུངས་པ་འདི་སྐྱག་རྫུན་ཡིན་པ་མ་ཟད། སྐད་ཆ་འདིས་ཀརྨ་ཆོས་འཕེལ་ཟེར་བ་འདི་ནི་བོད་ཀྱི་རྩ་དོན་ལ་སེམས་པ་དཀར་མིན་ཧ་ཅང་དོགས་གཞི་ཅན་ཞིག་ཡིན་པ་གསལ་བོ་རེད། ཁོང་གི་སྐད་ཆ་འདི་དག་གིས་བོད་མིའི་ཆིག་སྒྲིལ་ལ་གནོད་ཅིང། གཞུང་འཛིན་སྲིད་སྐྱོང་གི་འབྲེལ་མོལ་ཆོད་སེམས་ལ་བར་ཆད་དུ་བཟོ་བ། དབུ་མའི་ལམ་ནས་རང་དབང་བདེན་མཐའ་གསལ་རྒྱུར་ཐད་ཀར་གནོད་པ་བཅས་རེད་འདུག་ན། ཚོགས་གཙོ་མཆོག་གིས་མང་གཙོ་དང་ཐོབ་ཐང་ཁྲིམས་སྒྲིག་གི་ཕྱི་ཐུམ་ཅན་གྱི་ཀུན་སློང་ངན་པའི་གསལ་བཤད་འདི་རིགས་གཏན་འགོག་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་དང། ཕྲན་རང་གྲོས་ཚོགས་ཀྱི་འགྲོ་ལུགས་ཤེས་པའི་ཟུར་ཉན་མཁན་ཞིག་གི་ཆ་ནས་ཞུས་ན། དེ་རིང་ཚོགས་གཙོའི་ཐག་གཅོད་འདི་ནི་གྲོས་ཚོགས་ཀྱི་དེབ་ཐེར་ནང་གསེར་ཡིག་གིས་འཕྲོ་བཞིན་པ་སྨྲས་མ་དགོས་པ་ཞིག་རེད་འདོད།

    སྤྱི་འཐུས་སྒེར་གྱི་གསལ་བཤད་ཟེར་བར་ཁ་གཡར་བ་འདི་དང་འབྲེལ་ནས། དབུ་མའི་ལམ་ལ་ཤེས་ནས་འཇུག་པ་ཁོ་བོས་རྒྱ་གཞུང་ལ་དང་པོ་ནས་འབོད་སྐུལ་ཞུ་འདོད་པ་ཞིག་ནི། རང་བཙན་གཙང་མར་ཁ་གཡར་སྟེ་དབུ་མའི་ལམ་གྱི་འདྲེན་མཆོག་༧གོང་ས་མཆོག་དང། སྲིད་བྱུས་འདིར་ཤེས་ནས་ཡིད་ཆེས་བློ་གཏོད་ཞུ་མཁན་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་ཚེགས་ཁ་ཤས་ཀྱི་ཆོད་སེམས་ལ་ནག་འགེལ་མི་བྱེད་པའི་རེ་བ་ཞུ་བཞིན་ཡོད་ལ། གལ་སྲིད་སྐད་ཆ་འདི་རིགས་བེད་སྤྱོད་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་སྐྱོན་འདོགས་བྱས་པ་ཡིན་ནའང། བོད་མི་མང་གིས་དུས་གཏན་དུ་ཆེ་མཐོང་དང་ཉན་འཇོག་བྱེད་མི་སྲིད་པས། སྐུ་ཞབས་ཞིས་ཀྱི་གཞུང་གསར་པའི་མགྲིན་ཚབ་པ་རྣམས་ནས་སྔ་མའི་ཅོལ་ཆུང་གི་གཞི་མེད་སྐྱོན་འདོགས་དེ་རིགས་ཅི་ནས་ཀྱང་བསྐྱར་འཁྲབ་མི་བྱེད་པར། རྒྱ་ནག་གི་དོན་དམ་གྱི་རྨི་ལམ་མངོན་འགྱུར་ཡོང་བར་རྒྱ་བོད་གཉིས་སྨན་གྱི་ཕྱག་ལས་གནང་སྐྱོང་ཡོད་བའི་རྨི་ལམ་བཅངས་བཞིན་ཡོད།།

    ཤར་ཕྱོགས་ཁུག་རྟས། ༢༠༡༣། ༣། ༢༧། ཉིན་བདེ་ལེགས་སྨན་ཁང་ནས་སྤེལ།།

    Reply
  6. གཟུ་དཔང། says:
    ལོ་ 12 སྔོན།

    ཤར་ཕྱོགས་ཁུག་རྟ་ལགས།

    ད་འོ་ན་རང་ལུས་ཞུགས་འབུལ་སྐོར་བཀའ་ཤག་གིས་ཀིརྟི་རིན་པོ་ཆེ་ཕྱོགས་ཕེབས་ཞུ་གཏུག་ལྟ་བུར་གདན་ཞུ་གནང་བཞིན་པ་དེ་ཁྱེད་ལ་དགོངས་ཚུལ་ག་རེ་ཡོད།།

    Reply
  7. ཀེ་ཏ་ཀ says:
    ལོ་ 12 སྔོན།

    ཡང་ངས་སྲིད་སྐྱོང་གི་གཡོག་པོ་ཁ་ཤས་ལ་གྲོས་ཚོགས་ནང་སྐྱོར་རྒྱུའི་དམངས་གླུ་ཞིག་སྐབས ༡༥ པའི་ཚོགས་དུས་ལྔ་པར་ཉན་སྟེ་བྲིས་ཡོད།

    བསྟོད་རན་མེད་དུས་བསྟོད་པ།། ཡེ་ཤེས་ནོར་བུས་བསྟད་སོང།།
    འདོགས་རན་མེད་དུས་བཏགས་པ།། ཟམ་གདོང་མཁས་པས་བཏགས་སོང།།

    ཟླ་བ་གཅིག་འགྲོ་གཉིས་འགྲོ།། ལོ་ཁ་བཀང་ནས་ཤོར་སོང།།
    སྲིད་སྐྱོང་དམ་བཅའ་ཁ་ཡི།། ཁ་ལ་སེར་ག་གས་འདུག

    སྔོན་རྩིས་ནག་ཁུང་སྦུག་རེད།། དྲིས་ལན་འདར་མ་འདར་རེད།།
    ཁ་ཕོ་སྒྲོག་རྒྱུ་མ་གཏོགས།། སེང་གེ་གཡུ་རལ་མི་འདུག།

    དགོངས་དག་དགོངས་དག་མང་བ།། གྲོས་ཚོགས་འདི་ལ་མང་མང།།
    གནའ་ནས་དེ་རིང་བར་དུ།། མང་བའི་གཏམ་རྒྱུད་མི་འདུག།

    བོད་ཆས་ངོ་དགའ་སྤྲེལ་ལད།། འོས་ཤོག་ཐོབ་རྒྱུ་ཡིན་ཡང།།
    ཐུབ་བསྟན་ལུང་རིགས་རྣོན་པོས།། རྦད་དེ་རྐུབ་ནས་རལ་སོང།།

    སྒྲོལ་མས་དཀར་འདོན་བྱས་སོང།། སེང་གེས་གསར་གཏོད་ཡིན་ཟེར།།
    བདེ་དཔལ་འབྲོང་ཆུང་གཉིས་ཀས།། དཔྲལ་བ་སྐྱོར་ནས་བསྡད་སོང།།

    བཀའ་ཤག་གོར་གོར་ཚོགས་དུས།། ཨིན་སྐད་བྲག་ཅ་འཁྱིལ་སོང།།
    མ་ཡིག་ཨིན་ཇིར་བྲིས་པས།། སྨོན་མཐར་ཚོགས་ནས་ངར་སོང།།

    དྲིལ་བསྒྲགས་ཁང་ཆེན་ནང་སྟོང།། དྲུང་ཆེ་དྲུང་འཕར་མེད་པས།
    དབང་ལྡན་འགན་འཛིན་ལྷ་མོ།། སེང་གེས་སྐྱབས་ཐབས་མ་བྱུང།།

    སྔོན་རྩིས་ཚོགས་ཆུང་བཙུགས་ཡང།། རྩིས་དོན་ནག་ཁུང་སྦུག་རེད།།
    སྨོན་ལམ་མཐར་ཕྱིན་མེད་ན།། རྩིས་ཀྱི་སྐྱག་པ་ཤོར་ཡོད།།

    Reply
  8. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 12 སྔོན།

    དྲང་མོ་བཤད་ན་རང་ལུས་མེ་མཆོད་འབུལ་བའི་རྒྱལ་གཅེས་དཔའ་བོ་རྣམས་ལ་བཙན་བྱོལ་ནང་གདུང་སེམས་མཉམ་བསྐྱིད་ཡིན་ཁུལ་གྱི་དགྲ་བོར་དགོས་པའི་བྱེད་སྟངས་མ་འདྲ་བ་ཞིག་བྱུང་ཡོད་པ་དེ་ཡོངས་གྲགས་སུ་རྩོམ་ཡིག་ཅིག་དང་དགྲ་དར་འཕྱར་བ་དེ་གཉིས་རེད་། ཡིན་ཡང་ཁ་དཔེ་ནང་ཕ་བསད་བུ་ལ་བཤད་རྒྱུ་ཡོད་གསུངས་བ་བཞིན་ཁོང་རྣམ་གཉིས་ནས་གླེང་ཉོག་མང་པོ་བསྒྲགས་སོང་། དོན་ངོ་མ་འདི་རྡ་སར་ཡོད་པའི་དབུ་མའི་ལམ་ཚོགས་པས་དགོས་དབང་གི་ཁྲབ་སྟོན་ཞིག་ཡིན་ནམ་དགྲ་བོའི་ཆེད་འཛུགས་དམིགས་འདོན་ཞིག་རེད་།

    Reply
  9. ཀུན་འཛོམས། says:
    ལོ་ 12 སྔོན།

    ད་གད་མོ་ཤོར་བ་ཅིག་འདུག བྱ་གཞུང་དཔལ་རྡོར་གྱིས་སྤྱི་འཐུས་ཀྱིས་གཏན་འབེབས་བྱས་པའི་འཛིན་སྐྱོང་གི་ལག་ལེན་བསྟར་བའི་ལམ་དབུ་མ་དེ། དབུ་མ་ངོ་མ་རེད་ཟེར། སོང་ཙང་ཤར་ཕྱོགས་པའི་དབུ་མ་དེ་ངོ་མ་མ་རེད་མདོག་མདོག་རེད་དེ། ད་འོ་ན། དབུ་མ་ངོ་མ་དེར་དར་དམར་འཕྱར་ན་འགྲིག་གི་མེད་པའི་རྒྱུ་མཚན་ག་རེ་རེད་དམ། དེ་ཅིག་གསུངས་རོགས། ཧཧཧཧཧ

    Reply
  10. སྲས་ལྡན་མ་རྩེ་མང་། says:
    ལོ་ 12 སྔོན།

    རང་སྲེག་གིས་རྒྱལ་ཁབ་སྐྱོབ་པའི་ལས་འགུལ་དེ། ད་བར་དུ་སྙིང་སྟོབས་དང་བློས་གཏོང་ཆེས་ཆེ་བའི་འགུལ་སྐྱོད་ཅིག་དང་། དུས་ཡུན་དང་གྲངས་ཚད་ཀྱི་གནས་བབས་ཆེས་མཐོ་བ། ས་ཁུལ་དང་མི་སྣའི་ཁོར་ཡུག་གི་རྒྱ་ཁྱོན་ཆེས་ཆེ་བ་བཅས་ཀྱི་རླབས་ཆེན་གྱི་བཙན་རྒོལ་ལས་འགུལ་ཞིག་རེད།
    གལ་སྲིད་གྲུབ་འབྲས་མེད་པ་དང་ཐག་གཅོད་མ་བྱུང་བའི་སྔོན་དུ་མཚམས་འཇོག་དགོས་པའི་སྐད་ཅོར་རྒྱབ་ན། འདི་ལས་བླུན་རྟགས་ཤིག་མེད།
    ད་ང་ཚོས་ཡང་བསྐྱར་འདི་ལས་ལྷག་པའི་ལས་འགུལ་ཞིག་ལོ་བརྒྱ་དང་ལྔ་བརྒྱའི་ནང་འགོ་རྩོམ་པ་དང་རྒྱུན་སྲིང་མི་ཐུབ་པ་ཐག་གཅོད་ཆོག
    མི་ཤེས་ན་ཁ་བདག་པོ་རྒྱོབ་་་་་་་

    Reply
  11. བྱ་གཞུང་དཔལ་རྡོར། says:
    ལོ་ 12 སྔོན།

    དབུ་མའི་ལམ་ནི་ཚོགས་པ་རེ་ཟུང་དང་གང་ཟག་རེ་ཟུང་གིས་གང་ལ་འཐེན་འཐེན་ཞིག་ཡིན་རྒྱུ་མ་རེད། སྤྱི་འཐུས་ཀྱིས་གཏན་འབེབས་བྱས་པའི་དབུ་མའི་ལམ་དེ་འཛིན་སྐྱོང་གིས་ཀྱང་ལག་བསྟར་བྱེད་ཀྱི་ཡོད་པས། དེ་དབུ་མའི་ལམ་ངོ་མ་དེ་རེད། མང་གཙོའི་འགྲོ་སྟངས་ལའང་མཐུན་པ་རེད། དེ་མིན་ཤར་ཁུག་སོགས་ཀྱི་དབུ་མའི་ལམ་དེ་འགོ་འཚོས་ཡ་མི་འདུག རྒྱ་དར་འཕྱར་བ་དེ་དབུ་མའི་ལམ་ཡིན་པ་གང་ནས་བསྒྲུབ་ཐུབ་བམ། དེ་གོང་ས་མཆོག་གིས་དགོངས་པ་དང་ཡང་མཐུན་པ་རེད་དམ། འདི་དག་གསལ་བོ་བཟོ་དགོས་སྙམ།

    Reply
  12. ལྷ་ཆེན་པོ། says:
    ལོ་ 12 སྔོན།

    ཤར་ཁུག་ལགས། མི་རེ་རེར་རྒྱུ་མཚན་བཤད་ནས་འདུག་དགོས་ན་ཁྱེད་ལ་དུས་ཚོད་ཀྱས་འདང་གི་མ་རེད་བསམས། བྱ་གཞུང་དཔལ་རྡོར་སོགས་ཀྱིས་དོ་སྣང་བྱས་དང་དར་དམར་འཕྱར་བ་དབུ་མའི་ལམ་གྱི་ལས་འགུལ་ཡིན་པ་སྔ་མོ་ནས་གསལ་བཟོ་གནང་ཟིན་ཙང། སྤྱི་འཐུས་རེ་འགས་ལན་མ་རྙེད་པར་དབུ་མའི་ལམ་གྱི་ལས་འགུལ་སྤེལ་ཕྱོགས་དང་དགོངས་དོན་དང་མཐཱུན་མིན་གཞུང་གིས་གསུངས་པ་དེ་ག་རང་ཡིན་དེ་ལྟར་འགྲོ་དགོས་ཞེས་ཨུ་ཚུགས་རྒྱག་གི་མི་འདུག་གམ།

    Reply
  13. ཨ says:
    ལོ་ 12 སྔོན།

    རང་སྲེག་གི་ད་ལྟའི་ནུས་པ་གྲངས་ལྡན་ཞིག་བཙལ་བའི་སྟེང་ནས། དེའི་ཕན་འབྲས་གཏན་ཁེལ་མ་ཐུབ་ན། བོད་མི་སྤྱི་སྒེར་ཐུན་མོང་གིས་མཚམས་འཇོག་འབོད་སྐུལ་བྱ་རྒྱུར་འཐད་པ་ཡོད། འོན་ཀྱང་། རང་སྲེག་ལ་བོད་མི་སྒེར་ངོས་ནས་འགན་ཁུར་སྟངས་དེ། བོད་ཀྱི་ཞི་བའི་འཐབ་རྩོད་པ་གླིང་ཚ་ལགས་ཀྱིས། (སྤྱི་སྒེར་གཉིས་ཀྱིས་འགན་འཁུར་དགོས་པ་རེད་ང་རང་སྒེར་ངོས་ནས་འགན་ཁུར་སྟངས་དེ། ངའི་ཞི་བའི་འཐབ་རྩོད་དང་ཁྱད་པར་དུ་ཞི་བའི་གོམ་བགྲོད་འདི་ཡིན་)ཞེས་གསུངས་ཡོད། ‘ཚིག་ཟིན་ལྟར་མིན་རུང་དོན་དག་དེ་ག་རང་ཡིན’ངོ་མ་རླབས་ཆེན་གྱི་ཞི་རྒོལ་དེ་འདྲ་ཞིག་ལས་སླ་པོར་མེད་ཆོག་ཆོག་དང་ཡོད་ཆོག་ཆོག་ག་ལ་ཡིན། གཙོ་བོ་འགན་ཁུར་སྟངས་རེད། དེ་ཡང་རང་སྲེག་ནི་ཕན་འབྲས་ཅན་ནམ་དོན་སྨིན་ཞིག་ཏུ་བསྒྱུར་ཐུབ་པ་བྱ་རྒྱུ་དེའོ། ཉེན་ཚབས་ཅན། འཚེ་བ། ཞི་བ། གསུམ་གྱི་ཁྱད་པར་ལ་ཉེན་འཚེ་གཉིས་ལ་ཞི་བ་མ་ཡིན་མི་དགོས་ཅེས་བདག་གིས་སྨྲ།

    Reply
  14. བྱ་གཞུང་དཔལ་རྡོར། says:
    ལོ་ 12 སྔོན།

    ཤར་ཁུག་ལགས། དང་པོ་ཁྱེད་ཀྱིས་རྒྱ་དར་འཁྱེར་དགོས་པ་དེ་དབུ་མའི་ལམ་གྱི་དགོངས་དོན་ཡིན་མིན་གསལ་ཁ་བཟོ་དགོས་སྙམ། བཀའ་སྤྱི་གཉིས་ནས་ཁྱེད་ཀྱིས་རྒྱ་དར་འཁྱེར་བ་དེར་རྒྱབ་སྐྱོར་མེད་པ་མ་ཟད། དབུ་མའི་ལམ་གྱི་དགོངས་དོན་མིན་པར་གསུང་གི་ཡོད་པ་རེད། འདི་ལན་གསལ་ཞིག་ཡོད་ན་ཡག་པ་འདུག

    Reply
  15. བཙན་པོའི་བུ། says:
    ལོ་ 12 སྔོན།

    ཤར་ཁུག་ལ་གནས་ལུགས་ཡོད་པའི་སྐད་ཆ་གང་ཡང་ཤོད་རྒྱུ་མི་འདུག དེ་བས་ཡ་མཚར་བ་ཞིག་ལ་དམར་པོའི་དར་དམར་འཁྱེར་ནས་རྒྱ་མིའི་གཞུང་ཚབ་ཏུ་མགོ་འབུལ་ལུས་འབུལ་བྱེད་པར་བསྐྱོད་པ་དེས་མི་ཁོ་པར་ཆོ་མེད་པ་གསལ་པོར་བསྟན་ཚར་སོང་། ད་དུང་རང་ཉིད་ཀྱི་ཁ་ཁོར་ཤོར་རྗེས་བློ་སེང་ལགས་སུ་སྐྱོན་བརྗོད་ཁོ་ན་བྱེད་པ་ནི་ཅི་འདྲའི་དྲང་ཚུགས་མེད་པ་ཞིག་མ་རེད་དམ།

    Reply
  16. ཨ says:
    ལོ་ 12 སྔོན།

    རང་སྲེག་གནད་དོན་ཐད་ཞིབ་འཇུག་གནང་རྒྱུ་ཆེས་གལ་ཆེན་ཡིན་ནའང་། རང་རེའི་སྤྱི་སྒེར་དང་ལྷག་པར་དུ་ཤེས་ཡོན་པའི་སྡེ་ནས། འགན་འགྱོག་རང་བཞིན་གྱི་ལམ་སྟོན་ཞིག་སུས་ཀྱང་བཏོན་ཐུབ་མེད་པར་སྣང་། དེའི་རྒྱུ་མཚན་ད་རུང་ང་ཚོས་ངོས་ནས། གནད་དོན་དེ་གླེང་མོལ་དང་བསམ་གཞིག་གིས་མ་འདང་བ་ཡིན་ཆོག གང་ལྟར་ང་ཚོ་དང་ང་ཚོའི་དཔའ་ཕོ་མོའི་རང་སྲེག་ལ། མིག་གིས་ཧྲིག་གེར་ལྟ་མཁན་རྒྱ་ནག་དབུས་གཞུང་དང་། བོད་དོན་དོ་སྣང་བ་རྒྱལ་སྤྱིའི་ཚོགས་སྒེར་དག་གི་མདུན་ནས། དེ་རིང་གི་བོད་པ་ཚོས་ཞབས་འདྲེན་མི་ཞུ་རྒྱུ། ཆེས་སྡུག་ས་ནས་འོང་བའི་རེ་བ་ཡིན།

    Reply
  17. ལྷ་ཆེན་པོ། says:
    ལོ་ 12 སྔོན།

    ཁ་སང་དེ་རིང་གྲོས་ཚོགས་ནང། བོན་པོའི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང། སྤྱི་འཐུས་འཇམ་དབྱངས་བཟོད་པ་གཉིས་ཀྱིས་ཤར་ཁུག་ལ་གཤེ་གཤེ་བཏང་གི་འདུག འཇམ་དབྱངས་བཟོད་པས་གཞུང་གི་དབུ་མའི་ལམ་དང་སྒེར་གྱི་དབུ་མའི་ལམ་ཞིག་ཡོད་པ་ལྟ་བུར་གསུངས་སོང་ལ། དབུ་མའི་ལམ་གྱི་ལས་འགུལ་སྤེལ་ཕྱོགས་ངོ་མ་དེ་གཞུང་གིས་ག་རེ་གསུངས་ཀི་ཡོད་ན་དེའི་རྗེས་སུ་འབྲངས་དགོས་ཟེར། ཧཧཧཧཧཧཧ སྐད་ཆ་འདི་ཚོ་ངོ་མ་ཡིན་ན་སྤྱི་འཐུས་ཀྱི་གནས་ཚད་ག་འདྲ་འདུག ཚང་མས་བསམ་བློ་ཞིག་ཐོངས་དང་སེམས་སྐྱོ་བོ་མ་རེད་དམ། དོན་དག་ངོ་མ་བློ་བཟང་སེང་གེས་ག་རེ་ལབ་པ་དེ་ཚད་ལྡན་ཡིན། དེ་ལ་ཤར་ཁུག་སོགས་ཀྱིས་མགོ་སྒུར་ནས་བརྩི་དགོས་ཟེར་བ་མ་རེད་དམ། ཧཧཧཧཧ

    Reply
  18. ཀ་མ་ལ། says:
    ལོ་ 12 སྔོན།

    ༡ རང་ལུས་ཞུགས་འབུལ་ཐད་འཛིན་པའི་སྲིད་བྱུས་ཀྱི་མ་གདན་གཅིག་བོད་མི་ཚོའི་སྙིང་སྟོབས་རེད། ལྷག་པར་གཞིས་ལུས་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་ཆོད་སེམས་བློས་གཏོང་རྣམས་རེད། འདི་གོང་ནས་གོང་དུ་འཕེལ་དགོས། དེ་ལ་མགོ་ཁྲིད་ཚོས་གཟབ་དགོས། སྲིད་བློན་ཟུར་པ་ཟམ་གདོང་རིན་པོ་ཆེས་འདི་གལ་གནད་ཆེན་པོ་ཡིན་པ་ཡང་ཡང་གསུངས་བ་བཀའ་སློབ་ཁག་ཏུ་མཇལ་རྒྱུ་འདུག སོང་ཙང། དམ་པ་རྣམས་ཀྱི་ལམ་སྟོན་ལ་གཟིགས་རྒྱུ་གལ་ཆེན་རེད།

    ༢ རྒྱ་ནག་གི་འགྱུར་བ་ཅུང་ཙམ་ཚོད་དཔག་ཐུག་དགོས་པ་རེད། སྲིད་སྐྱོང་གིས་རྒྱ་རིགས་མཁས་དབང་གྲོགས་པོ་མཆོག་ཏུ་ཡོད་རབ་ཀྱི་བཀའ་མོལ་དེ་དག་དེང་སང་རླུང་གིས་འཁུར་བ་འདྲ། སོང་ཙང། རྒྱ་ནག་མ་ཤེས་ན་སྦི་རག་ཨོ་བྷ་མ་སྲིད་སྐྱོང་ལ་གདན་འདྲེན་ཞུས་ཀྱང་ཅི་གང་ཕན་གི་མ་རེད། སྲིད་སྐྱོང་གིས་རྒྱ་ནག་ཤེས་རྒྱུར་སློབ་སྟོན་པ་མང་པོ་བསྐོ་རོགས།

    ༣ སྤྱི་འཐུས་ལྷན་ཚོགས་ནས་བཀའ་ཤག་གི་ཕྱག་ལས་ནང་ཐེ་གཏོགས་བྱེད་པ་མང་དྲག་པའི་ཟོལ་ཞིག་འདུག་ལ། ལྷག་པར་རྒྱུན་ལས་ནས་བཀའ་ཤག་ལ་གནོན་ཤུགས་སྤྲོད་པའམ། ཡང་ན་སྲིད་སྐྱོང་གིས་རྒྱུན་ལས་ལ་རྒྱབ་བསྙེས་ས་བྱས་ན་དེ་ནོར་བ་རེད། མདོ་དོན་སྤྱི་ལྷན་བཀའ་ཤག་གི་ཕྱག་ལས་ནང་ཕེབས་རྒྱུ་མང་དྲག་འདུག ཀ་བ་གསུམ་གྱི་ལྗིད་མཉམ་སོ་མཚམས་ཏག་ཏག་ཅིག་བསྡད་མི་འདུག་དྲན།

    ༤ བཀའ་ཤག་ནས་ག་དུས་ཡིན་ན། དབུ་མའི་ལམ་དབུ་མའི་ལམ་ཟེར་བ་དེ། ངས་བལྟས་ན་གཡོ་སྒྱུ་ཞིག་རེད། དེས་དབུ་མའི་ལམ་ལམ་ལྷོང་ཡོང་རྒྱུ་ཕན་ཐོག་མེད་པ་འདྲ། གནོན་ཤུགས་ལྟ་བུ་ཞིག་གིས་ཡང་ཡང་གསལ་བཤད་གནང་དགོས་པ་འདྲ་བའི་འཁྲབ་སྟངས་ཤིག་རེད་འདོད། དེས་སྲིད་སྐྱོང་འདི་དབུ་མའི་ལམ་དངོས་གནས་ཡིད་ཆེས་ཡོད་པར་ད་བར་རྟགས་མཚན་གང་ཡང་མི་འདུག སོང་ཙང། སྲིད་སྐྱོང་ལགས་ THINK HEART ཟེར་བ་དེ་འདི་ལ་གཏོང་དགོས་པ་འདྲ།

    Reply
  19. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 12 སྔོན།

    ༧རྒྱལ་བ་རིན་པོ་ཆེའི་སྐུ་དབང་གནང་བའི་སྲིད་སྐྱོང་མཆོག་ལ་དགྲ་དར་འཕྱར་མཁན་ཞིག་གི་སྐྱོན་བརྗོད་གནང་བ་འདི་ཡ་མཚན་གལ་མི་འདུག དམིགས་བསལ་ཤར་ཁུག་གིས་རང་ལུས་མེ་མཆོད་དེ་འཚེ་བ་ཡིན་ཚུལ་བཤད་པ་དེ་ཡང་ཡེ་རྡོ་མིང་ཅན་དང་ཆ་ཀུན་ནས་མ་འདྲ་མེད་པ་གསལ་པོ་རྟོགས་ཐུབ།

    Reply
  20. ཕྱོགས་ལྷུང་རྩ་བྲལ། says:
    ལོ་ 12 སྔོན།

    དོ་སྣང་ཅན་དང་ཤེས་ལྡན་པ་རྣམས། སྤྱི་འཐུས་ལྷན་ཚོགས་འཚོགས་བཞིན་པའི་གོ་སྐབས་འདི་བཟུང་ནས་སྐད་ཆ་དྲང་བདེན་ཁ་ཤས་མི་བཤད་ཐབས་མེད་ཆགས་སོང།

    མཚན་སྙན་གྲགས་ལ་གཅིག་ཏུ་དད་པའི་སྲིད་སྐྱོང་མཆོག་དང་དེའི་བློན་ཆེན་ལྷན་རྒྱས་ད་ཐེངས་གྲོས་ཚོགས་ནང་སྐུ་ལྷོད་ལྷོད་རང་གནང་ཐུབ་ཀྱི་མེད་པ་ཚང་མས་མཁྱེན་གསལ་ལྟར་རེད། བདེ་སྲུང་དང། ནང་སྲིད་བཀའ་བློན་ནས་སོ་སོའི་ལས་ཁུངས་དང་འབྲེལ་བའི་སྔོན་རྩིས་ལ་ལན་འདེབས་ཐུབ་ཀྱི་ཡོད་ནའང། དེ་མིན་དཔལ་འབྱོར་བཀའ་བློན་གཅིག་པུས་ཧོབ་མ་འདུས་པ་ཞིག་ཡོང་གི་ཡོད་པ་གསལ་བོ་ཡིན་ཁར། དཔལ་ལྡན་ཚོགས་གཙོ་མཆོག་ལ་བཀའ་ཤག་གི་ལན་འདེབས་སུས་གནང་གི་ཡོད་མེད་ཐད་དཀའ་ངལ་ཆེན་པོ་བྱུང་བཞིན་པས། ཚོགས་གཙོ་མཆོག་ནས་བཀའ་ཤག་གིས་གྲོས་ཚོགས་ལ་འགན་འཁྱེར་ཕྱོགས་ཐད་དེ་རིང་བཀའ་བཀྱོན་ཅིག་མི་གནང་རང་གནང་ཆགས་པ་དེ་ཚང་མར་དོ་སྣང་བྱུང་ཡོད་ཤག་རེད།

    བོད་ཆས་་་ཀྱི་རྙོག་གླེང་ཐད་ནས་ཞུས་ན་སྒེར་གཅོད་ཐག་གཅོད་སྔོན་དུ་སོང་ཟིན་པ་ཚོགས་གཙོས་མཇུག་སྡོམ་དེ་ལས་ཚོར་ཞིང། སྤྱི་འཐུས་ཐུབ་བསྟན་ལུང་རིགས་ཀྱིས་སྒོར་ཕོན་ཆེ་དེ་འདྲ་ཞིག་དོན་དག་མེད་སར་བེད་སྤྱོད་གཏོང་བ་དེ་ཐུགས་མ་བདེ་ནས་སྐད་རྒྱག་དགོས་བྱུང་ཡོད་ཀྱང། ཡང་གྲོས་ཚོགས་ནང་གི་ཕྱོགས་ལྷུང་གིས་ཁ་བསྒྱུར་གྱི་རེད་བསམས་ནས་སྲིད་སྐྱོང་དང་ཁོང་རྣམ་པ་གཉིས་སྒེར་གྱི་འབྲེལ་བའང་འགྲེལ་བཤད་རྒྱག་དགོས་བྱུང་སོང། གནས་སྟངས་འདི་དག་ལ་བལྟས་དེ་ཕྱོགས་ཡོངས་ནས་ད་ཐེངས་གྲོས་ཚོགས་ལ་སྡོམ་རྒྱབ་ན །

    སྲིད་འགན་རྩིས་སྤྲོད་ཞུ་ས་ནས་ཆེ་ཕྲ་གང་སར་འཐུས་ཤོར་མང་པོ་བཏང་ཟིན་པའི་གནས་སྟངས་མང་པོ་གསལ་བོ་ཆགས་སོང། དེའི་ནང་ནས་རྩ་དོན་གཅིག་གོང་གི་ཤར་ཁུག་གི་བཀའ་ཤག་གི་རང་སྲེག་སྲིད་བྱུས་སྐོར་རེད། དངོས་གནས་བྱས་ན་་བོད་ནང་འདི་ལྟར་བློས་བཏང་ན་ང་ཚོས་དེ་ཁྱབ་བསྒྲགས་ཚད་ལྡན་ཞིག་མ་ཐུབ་ན་་་”‘ང་ཚོར་གཟའ་རྒྱབ་ནའང་འགྲིག”‘ཅེས་པའི་འབའ་བ་སྐལ་བཟང་གི་སྐད་ཆ་དེ་དངོས་གན་སྣང་བ་འགྲོ་བོ་བྱུང།

    སོང་ཙང། ངས་མདོ་དོན་་སྲིད་སྐྱོང་གི་ཨབ་ཕྲུག་་འཇམ་དབྱངས་བཟོད་པ་སོགས་ཀྱིས་ཀྱང་མངོན་གསལ་དོད་པོས་ལྷག་བསམ་རྣམ་དག་གིས་བོད་ཡིག་བརྒྱུད་ལམ་གྱི་གནས་ཚུལ་སྲིད་སྐྱོང་ལ་སྙན་གསེང་ཚད་ལྡན་ཞུས་ནས། ཞེ་དྲག་འཁྲབ་རྒྱུ་མང་ན་དེང་སང་ཆེ་མཐཽང་ཆུང་དུ་ཆུང་དུ་འགྲོ་བཞིན་པའི་གནསསྟངས་འདི་ཡོང་སྲིད་སྟབས། དངོས་གནས་དྲང་ནས་འབའ་བ་སྐལ་བཟང་རྒྱལ་མཚན་དང་ཐུབ་བསྟན་ལུང་རིགས་ཀྱི་་་་རྣམ་དཔྱོད་ལྡན་པའི་སྲུང་སྐྱོབ་་་་་དང་རྣམ་དཔྱོད་ལྡན་པའི་རྒྱབ་སྐྱོར་་་་་རྣམ་དཔྱོད་ལྡན་པའི་ཕྱོགས་ཞེན་་་་་བྱེད་དགོས་པ་དེ་གལ་ཆེན་རེད་མ་གཏོགས། གྲོས་ཚོགས་ནང་བདེན་པ་གཡུགས་ནས་ཚོར་བ་བདག་པོ་རྒྱག་མ་ཐུབ་པར་ཤར་ཕྱོགས་ཁུག་རྟར་སྡིག་ནས་ཅི་གང་ཕན་ས་མ་རེད་འདོད།

    ལར་ནས་སྤྱི་འཐུས་འཇམ་བཟོད་སོགས་ཨབ་ཕྲུག་ཚོར་དངོས་གནས་ངོ་གདོང་བསྟན་དེ་ཤེས་ཡོན་ཅན་གྱི་བགྲོ་གླེང་གནང་ཐུབ་རྒྱུའི་བློ་ཁོག་ཡོད་ན། དུས་བབ་དྲ་བའི་རྩོམ་འདིའི་ཞབས་མཆན་ནང་ཕེབས་ནས་ཤར་ཕྱོགས་ཁུག་རྟ་དང་གདོང་དང་གདོང་ཐུག་ནས་བགྲོ་གླེང་བྱ་ཐུབ་ན་ཨ་མའི་བུ་རེད།། དེ་མིན་ཞབས་འདྲེན་རང་རེད་བསམསམ།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese