དྷ་སའི་ལམ་འགྲམ་གཡས་གཡོན་གྱི་ཁྲོམ་ས་ཁག་ལ་ནམ་རྒྱུན་དཀའ་ངལ་རིམ་པ་འཕྲད་ཀྱིན་ཡོད་སྟབས། ཁྲོམ་ས་སྐྱིད་སྡུག་གི་འཐུས་མིའི་ཚོགས་གཙོ་བློ་བཟང་ཡེ་ཤེས་ལགས་སུ། ད་ལྟའི་ཆར་ཁྲོམ་སའི་དཀའ་ངལ་གནས་སྟངས་ག་འདྲ་ཡོད་མེད་སྐོར་ལ་བཅར་འདྲི་ཞུས་ཡོད།
དྲི་བ། ད་ལྟའི་ཆར་དྷ་སའི་ཐང་ཁྲོམ་སྐྱིད་སྡུག་ཁོངས་སུ་ཁྲོམ་ས་སྟོན་མཁན་ག་ཚོད་ཡོད་པ་དང་། ཚོང་ལས་ཀྱི་ངོ་བོའི་ཆ་ནས་གཙོ་ཆེ་ཤོས་རིགས་གང་དག་ཡིན་ནམ།
ལན། སྔོན་མ་ནས་ཁྲོམ་བསྟན་སྡོད་མཁན་ ༡༦༠ ལྷག་ཡོད་པ་རེད། དེ་སྔོན་ས་གནས་རྒྱ་གར་གཞུང་ལ་དཀའ་ངལ་ཞུས་སྐབས་ཀྱང་གྲངས་ཀ་དེ་རང་སྤྲད་པ་རེད། ཡིན་ནའང་། སྔོན་མ་གངས་ར་རྫོང་དཔོན་(Deputy Commissioner)གྱི་ལག་ཏུ་རག་ཡོད་པའི་ཐོ་གཞུང་ནང་མི་ ༡༢༩ མ་གཏོགས་མེད་སྟབས། ཁོ་ཚོས་གྲངས་འབོར་དེ་མ་གཏོགས་ངོས་ལེན་བྱེད་ཀྱི་མི་འདུག ད་ཆར་རྫོང་དཔོན་ལག་གི་གྲངས་ཀ་དེ་གཞིར་བཟུང་སྟེ་ཁྲོམ་བསྟན་བསྡད་ཡོད། ཚོང་གི་ངོ་བོའི་ཐོག་ནས་སོ་སོས་བལ་སྐུད་ཀྱིས་བསླས་པའི་སྟོད་ཐུང་དང་རྐང་སོ། ཞྭ་མོ་སོགས་བཙོང་མཁན་དང་། སོ་སོས་ལས་སྣོན་བྱས་ཏེ་བཟོས་པའི་སྐེ་རྒྱན་དང་ལག་པར་འདོགས་རྒྱུ་སོགས་རྒྱན་ཆའི་རིགས་བཙོང་མཁན། བལ་གྱི་སྟོད་ཁེབས་དང་ལག་བཟོས་ཅ་དངོས་ཙག་ཙིག་རིགས་བཙོང་མཁན། ཞོ་ཁོག་དང་མོག་མོག་སོགས་སོགས་རེད།
དྲི་བ། ཁྱེད་རང་གིས་དྷ་སར་ཁྲོམ་ས་བསྟན་ཏེ་ལོ་མང་ཕྱིན་ཡོད་པ་རེད། ཁྲོམ་སའི་ཚོང་ལས་ཀྱི་ཡོང་འབབ་ག་འདྲ་འདུག
ལན། ང་རང་ཉིད་ལ་མཚོན་ན་ཁྲོམ་བསྟན་དེ་ལོ་ ༡༡ ལྷག་འགྲོ་བཞིན་ཡོད། སོ་སོའི་འདས་པའི་ཉམས་མྱོང་གི་སྒང་ནས་བཤད་ན། དབྱར་དུས་ཚོང་བཟང་པའི་སྐབས་ལ་མ་རྩ་མཉམ་དུ་བསྡོམས་པ་ཡིན་ན། ཉིན་རེར་ཆ་སྙོམས་སྐོར་ ༢༠༠༠ ནས་ ༣༠༠༠ ཙམ་གྱིས་བཙོང་ཐུབ་ཀྱི་འདུག དགུན་དུས་ཚོང་ཡག་པོ་མེད་དུས་ཉིན་ལྔ་དྲུག་རིང་མགོ་ཚོང་ཙམ་ཡང་མ་ཕོག་པར་སྡོད་དགོས་པ་ཡོང་གི་འདུག ཉེ་སྔོན་ཕྱི་ཟླ་ ༡༡ ནང་ལ་ཆ་བཞག་ན། མཚམས་རེར་ཉིན་གཅིག་ལ་སྒོར་མོ་བརྒྱ་ཉིས་བརྒྱ་མ་གཏོགས་མི་འདུག མ་རྩ་ཕུད་བཞག་ན་ཁེ་བཟང་ཧ་ལམ་སྒོར་ ༣༠ ནས་ ༤༠ ཙམ་རེད། ཉིན་གང་བོར་ལས་ཀ་མེད་པར་འཁྱམས་སྡོད་པ་ལས་ཡག་ཙམ་རེད། ཡིན་ནའང་། ཉིན་གང་བོར་ཕྱི་ལོགས་ནས་ཁྲོམ་བསྟན་དེ་སྡོད་དགོས་དུས། ཁ་སྐོམ་དེ་ཉིན་རེར་ཇ་གཉིས་གསུམ་རེ་བཏུང་དགོས་ཀྱི་འདུག དེ་ལྟར་རྩིས་བརྒྱབ་ཡོང་དུས་ཁེ་སྦོག་ཅིག་རག་དཀའ་མོ་རེད།
དྲི་བ། ཁྱོད་ཚོ་ཁྲོམ་སྟོན་མཁན་ཚོར་མཚོན་ན་སོ་སོའི་འཚོ་བའི་གནས་སྟངས་ཐད་ནས། ཁྲོམ་ས་དེ་གལ་ཆེ་ལུགས་ག་འདྲ་ཞིག་ཆགས་ཀྱི་ཡོད།
ལན། ཁྲོམ་སྟོན་མཁན་ཁྲོད་ནས་བརྒྱ་ཆ་ ༩༧ ཙམ་བོད་ནས་གསར་དུ་འབྱོར་བ་ཤ་སྟག་རེད། དགོན་པ་ཁག་དང་གསོག་སྒར་སློབ་གྲྭ་ནས་ཕྱིར་བུད་རྗེས་ཁྲོམ་བསྟན་སྡོད་མཁན་རེ་ཟུང་མ་གཏོགས། གཞན་པ་ཕལ་ཆེ་བ་སྣེ་ལེན་ཁང་ནས་ཕྱིར་ཐོན་ཏེ་ཚོང་ཙག་ཙིག་གཉེར་མཁན་རྐྱང་རེད། གཞུང་གི་ངོས་ནས་ཚོང་གི་མ་རྩ་དང་། སྐྱོབ་གསོ་སོགས་ཀྱི་རོགས་རམ་གཅིག་ཀྱང་ཡོད་པ་མ་རེད། བོད་ནས་འཁྲིད་ཡོང་བའི་བྱིས་པ་ཡིན་ན་སློབ་ཡོན་དགོས་པ་མ་རེད། རྒྱ་གར་ནང་སྐྱེས་པ་ཡིན་ན་སློབ་ཡོན་སྤྲོད་དགོས་ཀྱི་འདུག དེའི་ཐོག་སོ་སོའི་ཁང་གླ་དང་ཉིན་རེའི་ཟས་གོས་ཀྱི་འགྲོ་སོང་ཡོད་ཚད། ཁྲོམ་ས་རང་ལ་བརྟེན་ཏེ་རང་ཁ་རང་གསོ་བྱེད་དགོས་ཀྱི་ཡོད་པ་རེད། ཟླ་རེའི་ནང་ཉིན་ལྔ་དྲུག་རེར་ཁྲོམ་སྟོན་རྒྱུ་མ་རག་པ་ཡིན་ན། ཟླ་རྗེས་མའི་ཁང་གླ་དང་ཟས་གོས་ཐད་སེམས་ཁྲལ་བྱ་དགོས་པ་ཆགས་ཡོད། དེར་བརྟེན། ཁྲོམ་ས་འདི་ང་ཚོར་མཚོན་ན་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
དྲི་བ། ཁྲོམ་སྟོན་མཁན་ཚོས་ས་གནས་རྒྱ་གར་གྱི་འབྲེལ་ཡོད་སྡེ་ཁག་ལ་དཔྱ་ཁྲལ་རིགས་ག་ཚོད་སྤྲོད་དགོས་ཀྱི་ཡོད།
ལན། རྒྱ་གར་གཞུང་གི་དཔྱ་ཁྲལ་ཞིག་ཡིན་མིན་ཧ་གོ་མ་སོང་། ལོ་གཉིས་ཀྱི་སྔོན་ནས་བཟུང་ཁྲོམ་ས་རེ་ནས་ལོ་རེར་ཧིན་སྒོར་ ༣༠༠༠ སྤྲོད་དགོས་པ་དང་། དེ་མ་སྤྲད་ན་ཁྲོམ་སྟོན་ས་མེད་པ་བཟོ་བཞག་གི་རེད། ཡིན་ནའང་། ཁྲོམ་སྟོན་མཁན་ཁ་ཤས་ལ་དྭགས་སོགས་སུ་འགྲོ་བསྡད་ཡོད་སྟབས། ཁྲོམ་ས་ ༡༢༩ ཆ་ཚང་ལ་བསྡུ་ཐུབ་ཀྱི་ཡོད་པ་མ་རེད། ལོ་སྔོན་མར་ཁྱོན་བསྡོམས་ཧིན་སྒོར་ ༣༡༧༠༠༠ སྤྲད་པ་རེད། དེ་མིན། ཁྲོམ་སྟོན་པའི་སྐབས་སུ་ཉིན་རེར་ཧིན་སྒོར་ ༢༠ ཁྲོམ་སྟེགས་ལ་ཁྲལ་རྒྱག་དགོས་པ་རེད། མཉམ་དུ་བསྡོམས་ན་ལོ་གཅིག་ལ་ཁྲོམ་ས་གཅིག་ལ་ཧིན་སྒོར་ ༧༢༠༠ འབབ་ཀྱི་འདུག དེའི་སྟེང་ལོ་རེའི་དཔྱ་ཁྲལ་ཧིན་སྒོར་ ༣༠༠༠ མཉམ་དུ་བསྡོམས་ཡོང་དུས། ལོ་གཅིག་ལ་ཁྲོམ་སྟོན་མཁན་མི་རེས་ཧིན་སྒོར་ ༡༠༢༠༠ རེ་སྤྲོད་དགོས་ཀྱི་འདུག
དྲི་བ། ཁྲོམ་སྟོན་མཁན་དག་གི་ངོས་ནས་དཔྱ་ཁྲལ་དེ་དག་སྤྲོད་མ་ཐུབ་པའི་དཀའ་ངལ་རིགས་འཕྲད་ཀྱི་འདུག་གམ།
ལན། ཉིན་མ་རེར་ཧིན་སྒོར་ ༢༠ རེ་བསྡུས་པ་ཡིན་ན། ཚོང་ཡོད་མེད་ལ་མ་ལྟོས་པར་བསྡུ་མ་ཐུབ་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་མི་འདུག དེར་བརྟེན། ང་ཚོས་ངོས་ནས་ཉི་མ་རེ་རེར་ཁྲལ་བསྡུ་རྒྱུར་ཞུ་སྐུལ་གནང་གི་ཡོད། ཉིན་མ་རེ་རེར་བསྡུས་པ་ཡིན་ན་ཁྲོམ་སྟོན་མཁན་ལ་མཚོན་ནའང་། མ་མཐའ་ཡང་ཉིན་རེར་སྒོར་བརྒྱ་ཤོག་རེ་ཁུག་མའི་ནང་ཡོད་པ་རེད། ཡིན་ནའང་། ཉེ་སྔོན་ཉིན་རེར་ཁྲལ་བསྡུ་རྒྱུ་དེ་མཚམས་བཞག་སྟེ། ཟླ་བ་ལྔ་དྲུག་རེའི་རྗེས་སུ་སྡེབ་གཅིག་ལ་བསྡུ་རྒྱུ་ཡིན་སྐོར་གླེང་གི་འདུག གལ་སྲིད་སྡེབ་གཅིག་ལ་ཧིན་སྒོར་སྟོང་ཕྲག་འགའ་རེ་ཁྱེར་ཤོག་ལབ་ན་དཀའ་ལས་ཁག་པོ་ཆགས་ཡོང་གི་རེད།
དྲི་བ། དྷ་སའི་ཁྲོམ་སའི་ཐད་དཀའ་རྙོག་མང་པོ་བྱུང་ཡོད་པ་རེད། ད་ལྟའི་ཆར་གནས་སྟངས་ག་འདྲ་ཆགས་ཡོད།
ལན། ས་གནས་བདེ་འཇགས་ལྷན་ཁང་དང་ས་གནས་འཐུས་ཚོགས་ཡོང་སྟེ། ལམ་ཁ་གཡས་གཡོན་གྱི་ཁྲོམ་སྟེགས་འཕྲོགས་ཏེ་ཐང་ཁྲོམ་སྟོན་མི་འཇུག་པའི་དཀའ་ངལ་ཡང་ཡང་ཡོང་གི་ཡོད་པ་རེད། སྔོན་མ་ཟླ་གཅིག་ནང་ཧ་ལམ་ཐེངས་གཅིག་རེ་མ་གཏོགས་ཡོང་གི་མ་རེད། ད་ལོའི་ཕྱི་ཟླ་ ༢ པ་གཅིག་པུའི་ནང་སྔ་ཕྱིར་ཐེངས་ཁ་ཤས་ལ་བསླེབས་ཏེ་ཁྲོམ་སྟོན་མ་བཅུག་པར་རྙོག་དྲ་བཟོས་སོང་། དཀའ་ངལ་དེ་མུ་མཐུད་བསྡད་ཡོད་སྟབས། ང་ཚོ་འགན་འཁུར་མཁན་ཞིག་ལ་མཚོན་ནའང་ཁ་པར་ཅིག་བསླེབས་དུས། ད་ཡང་ཅི་ཞིག་བཤད་ཡོང་ན་བསམ་ནས་དངངས་འཚབ་སྐྱེས་ཡོང་གི་འདུག ཐ་ན་རྨི་ལམ་ནང་ལའང་བཏང་ཡོང་གི་འདུག དེ་སྔོན་བོད་པ་ཐང་ཁྲོམ་སྟོན་མཁན་ཚོར་ཁྲོམ་ས་ཞིག་གནང་རྩིས་བྱས་ཏེ་ས་ཐིག་སོགས་བརྒྱབ་ཚར་བའི་རྗེས་ལ། ས་ཆ་དེ་གཞུང་གི་ས་ཆ་མ་རེད། ཡུལ་སྐོར་སྤྲོ་འཆམ་ལྷན་ཁང་གི་ས་ཆ་ཡིན་སྐོར་བརྗོད་དེ་སྤྲད་མ་སོང་། དེ་བཞིན། ཉེ་སྔོན་ནང་སྲིད་དྲུང་ཆེ་སར་བཅར་ཏེ་དཀའ་ངལ་ཞུས་སྐབས་ཀྱང་། ཁོང་ཚོར་ཉིན་རེར་སྙན་ཞུ་བརྒྱ་ཤོག་རེ་འབྱོར་གྱི་ཡོད་པ་དང་། ས་གནས་གཞིས་ཆགས་ཁག་ཏུའང་དཀའ་ངལ་མང་པོ་ཡོད་སྟབས། ཁྱོད་ཚོར་དམིགས་བསལ་གཟིགས་ཐུབ་ཀྱི་མི་འདུག་ལབ་སོང་། ཡིན་ནའང་། མང་ཚོགས་ཆིག་སྟོང་གི་འཚོ་བ་དེ་ཁྲོམ་ས་ ༡༢༩ ལ་བརྟེན་བསྡད་ཡོད་པ་རེད། བཙན་བྱོལ་སྤྱི་ཚོགས་ནང་མི་ཆིག་སྟོང་གི་དཀའ་དེ་ཆུང་ཆུང་ཞིག་མ་རེད་དྲན་ཡོད།
དྲི་བ། འབྲེལ་ཡོད་རྒྱ་གར་ལས་ཁུངས་ཀྱིས་དྷ་སའི་སྲང་ལམ་དུ་ཁྲོམ་སྟོན་འཇུག་གི་མེད་པའི་རྒྱུ་མཚན་ག་རེ་ཡིན་ནམ།
ལན། གཅིག་ལམ་ཁ་གུ་དོག་པོ་ཆགས་ཏེ་རླངས་འཁོར་སོགས་འགག་གི་ཡོད་པ་རེད། གལ་སྲིད་འདིར་རླངས་འཁོར་གྱིས་མི་སྐྱོན་བཟོས་པ་ཡིན་ན། དེའི་འགན་ས་གནས་གྲོང་སྡེ་ལས་ཁུངས་ལ་ཡོད་སྟབས་ཁོ་ཚོས་དེའི་འགན་འཁྱེར་ཐུབ་ཀྱི་མི་འདུག་ལབ་ཀྱི་ཡོད་པ་རེད། གཉིས་པ། ཚོང་ཁང་ནང་གི་ཅ་དངོས་རིགས་ཁྲོམ་སྟོན་མཁན་ཚོས་ཕྱི་ལོགས་ནས་གོང་ཁེ་བོ་བྱས་ཏེ་བཙོང་གི་འདུག ཚོང་ཁང་ནང་ལ་ཚོང་རྒྱག་མཁན་ཡོང་གི་མི་འདུག་ཟེར་བའི་བསམ་འཆར་དང་རྙོག་དྲ་ཤོད་མཁན་ཡོད་པ་རེད། གསུམ་པ། ལམ་ཁ་གཡས་གཡོན་ལ་གད་སྙིགས་སྤུངས་ཏེ་ཁོར་ཡུག་བཙོག་པ་བཟོས་ཡོང་གི་འདུག་ལབ་ཀྱི་ཡོད་པ་རེད། བཞི་བ། ངྷ་སའི་ལམ་ཁ་གཡས་གཡོན་ལ་ཁྲོམ་སྟོན་པ་དེ་ཁྲིམས་དང་མཐུན་མིན་ཞིག་བཤད་ཀྱི་ཡོད་པ་རེད།
དྲི་བ། ས་གནས་རྒྱ་གར་གྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་དཀའ་ངལ་ཞུས་སྐབས་ཁོ་ཚོས་ག་རེ་ལབ་ཀྱི་འདུག
ལན། ཉེ་སྔོན་ས་གནས་གྲོང་སྡེའི་བདེ་འཇགས་འཛིན་སྐྱོང་འགན་འཛིན་(SDM)ཡོད་སར་བཅར་བ་ཡིན། སྐབས་དེར་ཁོང་གིས་ས་གནས་གྲོང་སྡེ་ལས་ཁུངས་(Municipal Committee ) མི་སྣར་ཁ་པར་བཏང་སྟེ། བོད་པ་ཁྲོམ་སྟོན་མཁན་ཚོར་ཉིན་ལྔ་དྲུག་རིང་ཁྲོམ་སྟོན་ཐུབ་མི་འདུག གནས་ཚུལ་དེ་ག་འདྲ་བྱེད་རྩིས་ཡོད་མེད་སྐད་ཆ་དྲིས་སྐབས། དེ་ཁོང་ཚོས་བྱས་མ་མ་རེད། གྲོང་སྡེ་འཐུས་ཚོགས་ཀྱི་ཚོགས་གཙོ་ཀམ་ན་བྷ་ཌི་ཡཱལ་(Kamla Patial)གྱིས་བྱས་པ་རེད་ལབ་སོང་། སྐབས་དེར་ས་གནས་བདེ་འཇགས་ཀྱི་འཛིན་སྐྱོང་འགན་འཛིན་གྱིས་དེ་ནི་ཀམ་ན་བྷ་ཌི་ཡཱལ་གྱི་དབང་ཆ་མ་ཡིན་པར་ཁྱོད་ཚོར་འགན་ཡོད་པ་རེད། ད་དུང་ཁྲོམ་སྟོན་མ་ཐུབ་པར་ཉིན་ལྔ་དྲུག་ལྷག་པ་ཡིན་ན། ཁྱོད་ཚོས་ག་འདྲ་བྱེད་རྩིས་ཡོད་མེད་དྲིས་པར། ཁོ་ཚོ་ཚོགས་འདུ་འཚོགས་རྒྱུ་ཡིན་ལབ་སྟེ་ཕྱི་ཉིན་དེར་ཚོགས་འདུ་ཚོགས་སོང་། ཚོགས་འདུའི་ཐོག་ང་ཚོ་མི་གསུམ་བཅར་བ་ཡིན། ཚོགས་ཐོག་དུ་ཁོར་ཡུག་བཙོག་པ་བཟོ་བཞིན་པའི་སྐོར་སྐད་ཆ་མང་པོ་ལབ་པར་བརྟེན། དེའི་ཐད་ཁོར་ཡུག་གཙང་མ་ང་ཚོས་བཟོ་ཆོག་ལབ་ནས་ཚེས་ ༩ ཉིན་ལམ་ཁ་གཡས་གཡོན་གཙང་མ་བཟོས་པ་ཡིན། ཚེས་ ༢༠ ཉིན་གྲོང་སྡེ་བདེ་འཇགས་ཀྱི་འཛིན་སྐྱོང་འགན་འཛིན་(SDM)སྐོར་བ་རྒྱག་གི་བསླེབས་སོང་། ཡིན་ནའང་། དེའི་རྗེས་ཡང་བསྐྱར་ས་གནས་གྲོང་སྡེ་འཐུས་ཚོགས་ཀྱི་མི་སྣ་བསླེབས་ཏེ་ཡང་བསྐྱར་ཁྲོམ་བསྡུ་རུ་བཅུག་པ་རེད།
དྲི་བ། ཁྲོམ་སའི་དཀའ་ངལ་ཐད་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ཚོས་ལམ་སྟོན་ག་རེ་གནང་སོང་།
ལན། དྷ་སའི་ཁྲོམ་སའི་དཀའ་ངལ་ཐད་བོད་མིའི་སྒྲིག་འཛུགས་ལ་ཐེངས་མང་པོར་ཞུས་པ་རེད། སྔོན་མ་གྲོས་ཚོགས་འཚོགས་བཞིན་པའི་སྐབས་དེར། བཀའ་ཤག་དང་སྤྱི་འཐུས། ནང་སྲིད། ས་གནས་བདེ་དོན་བཅས་ལ་ཛ་དྲག་གི་སྙན་ཞུ་ཕུལ་ཏེ་དཀའ་ངལ་ཞུས་ཡིན། རྗེས་སུ་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ངོས་ནས་ང་ཚོའི་གནས་ཚུལ་དེ་དག་ཡར་བཀའ་ཤག་ལ་ཞུས་ཟིན་པའི་ཡི་གེ་ཞིག་ང་ཚོར་གནང་སོང་། དེ་མ་ང་ཚོར་བརྡ་ལན་འདྲ་སྟེར་མཁན་བྱུང་མ་སོང་། སྐུ་ངོ་རྒྱ་རི་སྒྲོལ་མ་ལགས་ནང་སྲིད་བཀའ་བློན་ལ་ཕེབས་རྗེས་ཀྱང་ཁོང་ཡོད་སར་བཅར་བ་ཡིན། སྐུ་ངོ་མཆོག་གིས་བཀའ་སློབ་ལམ་སྟོན་མང་གང་ལེགས་གནང་སོང་། བདེ་དོན་སྐུ་ངོ་ཡོད་ས་རང་དུ། དཀའ་ངལ་འདི་རིགས་ཀྱི་འགན་ས་གནས་བདེ་དོན་ལ་འབྲེལ་བ་ཆགས་ཡོད་སྟབས། རྒྱ་གར་གྱི་འབྲེལ་ཡོད་ལྷན་ཁང་ཁག་ནང་བདེ་དོན་སྐུ་ངོ་ཁོ་རང་ཕེབས་དགོས་པ་དང་། ཁོང་གཅིག་པུ་ཕེབས་བདེ་མེད་ཚེ་ཁྲོམ་ས་སྐྱིད་སྡུག་གི་འཐུས་མི་མཉམ་འཁྲིད་ཀྱིས་བཅར་དགོས་པ་རེད་ཅེས་གསུངས་སོང་། ད་དུང་། གལ་སྲིད་བདེ་དོན་གྱིས་དུས་ཐོག་ཕྱག་ལས་མ་གནང་ཚེ་ནང་སྲིད་ལ་བཅར་ཏེ་སྙན་གསེང་ཞུ་དགོས་པ་རེད་གསུངས་སོང་། ད་ནངས་ཞོགས་པ་ཡང་བདེ་དོན་ཡོད་སར་བཅར་ཏེ་དཀའ་ངལ་ཞུས་པ་ཡིན། ད་ཆར་བདེ་དོན་སྐུ་ངོས་ཡར་མར་ལ་འབྲེལ་བ་གནང་སྟེ་ཕེབས་བསྡད་ཡོད་པ་རེད།
དྲི་བ། ཁྱོད་ཚོས་ཡར་བོད་མིའི་སྒྲིག་འཛུགས་ལ་སྐྱིད་སྡུག་སྙན་ཞུ་ཕུལ་བའི་བརྒྱུད་རིམ་ཁྲོད། དུས་ཐོག་དང་ལེན་མཐུན་འགྱུར་མ་གནང་བའི་དཀའ་ངལ་དེ་འདྲ་བྱུང་སོང་ངམ།
ལན། ང་ཚོའི་མང་ཚོགས་ཀྱི་སྐྱིད་སྡུག་སོ་སོའི་གཞུང་ལ་ཞུ་འབུལ་བྱས་པའི་བརྒྱུད་རིམ་ཁྲོད་བྱུང་བའི་བློ་ཕམ་གྱི་གནས་ཚུལ་ཞིག་ལ། གྲོས་ཚོགས་ཚོགས་བཞིན་སྐབས་སུ་ནང་སྲིད་བཀའ་བློན་མཆོག་ལ་ཕུལ་བའི་སྙན་ཞུ་དེ། ཉིན་ ༢༢ ཀྱི་རྗེས་སུ་ང་བསྐྱར་དུ་ནང་སྲིད་ལས་ཁུངས་ལ་བཅར་སྐབས། འོག་གི་འབྲེལ་ཡོད་ལས་བྱེད་ཀྱིས་ད་དུང་ཡར་བཀའ་བློན་ལ་སྤྱན་འབུལ་ཞུས་མི་འདུག དེ་དངོས་གནས་ཡག་པོ་མི་འདུག སྔོན་མ་བོད་རྒྱ་འོག་ཏུ་ཤོར་སྐབས་ཀྱང་འཐུས་ཤོར་འགྲོ་སྟངས་གཙོ་བོ་དེ་རེད། ས་གནས་ཀྱི་ཉེན་ཁ་རྣམས་༧གོང་ས་མཆོག་གི་སྙན་ལ་ཞུ་མ་ཐུབ་པ་དེ་འདྲའི་སྒང་ནས་འཐུས་ཤོར་ཕྱིན་པ་རེད། ད་ལྟ་ད་དུང་འོག་གི་མི་དེ་ཚོས་གནས་ཚུལ་ཏག་ཏག་སྒང་ལ་སྐྱེལ་གྱི་མེད་པ་དེས། སྔོན་མའི་འཐུས་ཤོར་གནས་སྟངས་སྒང་ལ་བསྐྱར་དུ་འགྲོ་བཞིན་པའི་བཟོ་ཞིག་མཐོང་ཡོང་གི་འདུག ༸གོང་ས་མཆོག་གིས་གཞུང་གི་ལས་བྱེད་ཡིན་བསམས་ཏེ་རྫིག་རྫིག་བྱེད་རྒྱུ་དེ་མ་ཡིན་པར། སོ་སོ་བོད་མི་མང་ལ་ཞབས་ཞུ་སྒྲུབ་མཁན་ཡིན་བསམ་པའི་ཀུན་སློང་གི་ཐོག་ནས་ཕྱག་ལས་གནང་དགོས་པ་རེད་གསུངས་ཡོད་པ་རེད།
དྲི་བ། ཁྲོམ་སྟོན་རྒྱུར་དཀའ་ངལ་རིམ་པར་འཕྲད་ཡོང་དུས། ཁྲོམ་བདག་ཚོར་བསམ་ཚུལ་ག་རེ་ཡོང་གི་འདུག་གམ།
ལན། དཀའ་ངལ་འདྲ་མིན་སྣ་ཚོགས་ཤོད་ཀྱི་འདུག ཁ་ཤས་ཀྱིས་ཟས་བཅད་ངོ་རྒོལ་བྱེད་དགོས་སྐོར་རྗོད་མཁན་ཡང་ཡོང་གི་འདུག ཡིན་ནའང་ང་ཚོ་འགན་འཁུར་མཁན་ཞིག་ཡིན་པའི་ཆ་ནས། མིའི་ལུང་པར་བསྡད་ཡོད་དུས་སྐད་འབོད་དང་ཟས་བཅད་སོགས་བྱ་རྒྱུའི་ཐོབ་ཐང་ང་ཚོར་མེད་པ་དང་། ང་ཚོས་ཕར་ཞུ་བ་ཕུལ་ཏེ་དཀའ་ངལ་སེལ་ཐུབ་ལ་ཐབས་ཤེས་གནང་དགོས་པའི་སྐོར་བསླབ་བྱ་རྒྱག་གི་ཡོད། ཡང་ཁག་ཅིག་གིས་ང་ཚོའི་སྐྱིད་སྡུག་ཞུ་ས་བོད་གཞུང་རེད། མང་ཚོགས་མཉམ་དུ་ནང་སྲིད་དང་སྤྱི་འཐུས་སྒོ་ཁར་ཕྱིན། བོད་མིའི་སྒྲིག་འཛུགས་ཀྱིས་ས་གནས་རྒྱ་གར་གཞུང་ལ་ཐབས་ཤེས་གནང་དགོས་པ་རེད་ཟེར་གྱི་འདུག ཡིན་ནའང་ང་ཚོ་ཁྲོམ་ས་སྟོན་མཁན་ཡོངས་རྫོགས་ཤེས་ཡོན་མེད་མཁན་རྐྱང་ཡིན་སྟབས། གཅིག་ནས་ལས་ཁུངས་ནང་ཕྱིན་ན། སོ་སོའི་དཀའ་ངལ་གྱི་དབང་གིས་ཐལ་ཆ་ཅན་གྱི་སྐད་ཆ་འདྲ་མིན་བཤད་སྲིད་པ་དང་། གཉིས་ནས་སོ་སོའི་གཞུང་གི་ལས་ཁུངས་མདུན་དུ་ཟ་ངེ་ཟིང་བཟོས་ན། གཞན་གྱི་མཐོང་ཚུལ་ལ་ཡག་པོ་མེད་པ། གསུམ་ནས་མང་ཚོགས་ཀྱིས་ང་ཚོར་འགན་ཞིག་བསྐོས་བཞག་ཡོད་སྟབས། གྲུབ་འབྲས་ལྡན་པ་ཞིག་བྱ་ཐུབ་རྒྱུ་ཁག་པོ་ཡིན་ནའང་། རྙོག་དྲ་མི་ཡོང་ཐབས་ཤིག་བྱེད་དགོས་དུས་ཅི་ཡོང་གང་ཡོང་བྱེད་ཀྱི་ཡོད། གལ་སྲིད་འདི་མུར་ལས་ཀ་མ་བྱས་པ་ཡིན་ན། དེ་དུས་མི་མང་རང་ངོས་ནས་འགྲོ་རྒྱུ་རང་ཆགས་ཀྱི་རེད།
དྲི་བ། ཁྲོམ་སྟོན་མཁན་བོད་མི་ཚོས་རྣམ་འགྱུར་དང་སྐད་ཆ་བཤད་སྟངས་ཐོག་ནས་རྒྱ་གར་ཡུལ་མིར་ཕོག་ཐུག་བཟོས་མྱོང་ཡོད་འདུག གནས་ཚུལ་དེའི་རིགས་བསྐྱར་དུ་མི་ཡོང་བའི་ཐབས་ཤེས་ག་རེ་གནང་གི་ཡོད།
ལན། དེའི་ཐད་སོ་སོར་ཡང་སེམས་འཚབ་ཡོད། བོད་མི་ཚོང་བདག་ཚོས་ཅ་ལག་ཉོ་མཁན་ཚོར་རྣམ་འགྱུར་སྡུག་ཅིག་སྟོན་རྒྱུ་ཡོད་པ་མ་རེད་ཅེས་ངས་ནམ་རྒྱུན་བཤད་ཀྱི་ཡོད། འདི་ཁྲོམ་སྟོན་མཁན་ལས་ཚོང་ཁང་འཛིན་མཁན་ཚོ་ཅུང་སྡུག་པ་ཡོད་རེད། སྔོན་མ་གླ་གཏོང་རླངས་འཁོར་གྱི་དཔོན་པོ་བསླེབས་སྐབས། ཚོང་ཁང་ཞིག་གི་ནང་ནས་ཁྱེད་རང་གིས་ཉོ་ཐུབ་ཀྱི་མ་རེད་ཅེས་པའི་སྐད་ཆ་བྱུང་བ་རེད། དེ་སྔོན་བུ་མོ་ཞིག་གིས་རྒྱ་གར་ཞིག་གི་ལག་ནས་འཇུར་རྟ་ཚུར་འཕྲོག་སྟེ། རྣམ་འགྱུར་མི་ལེགས་པ་བསྟན་པ་ང་རང་གིས་དངོས་སུ་མཐོང་མྱོང་ཡོད། དེ་སྔོན་རྙོག་དྲ་ཡོང་ས་གཉིས་ཚོང་ཁང་ནང་བྱུང་བ་རེད། གཅིག་གཙུག་ལག་ཁང་གི་ལམ་ཁ་དང་། གཞན་པ་དེ་ཟློས་གར་ལམ་ཁ་ནས་བྱུང་བ་རེད།
དྲི་བ། ཁྲོམ་སའི་ཐད་ཀྱི་དཀའ་ངལ་འདི་ལོ་མང་རིང་སེལ་ཐུབ་ཡོད་པ་མ་རེད། ཁྱོད་ཚོའི་ངོས་ནས་མ་འོངས་པར་ལས་རིགས་གཞན་པ་གཉེར་ཐབས་ལ་བསམ་བློ་གཏོང་གི་ཡོད་དམ།
ལན། ང་ཚོ་ཁྲོམ་སྟོན་མཁན་ཚོའི་གྲས་སུ་སློབ་སྦྱོང་ཡོད་མཁན་མི་འདུག ང་ཚོས་འཇོན་པ་ནི་ལུས་ཤུགས་ལ་བརྟེན་ནས་དཀའ་ལས་རྒྱག་རྒྱུ་དེ་རེད། ཨེ་སི་རལ་ནང་ཞང་ལས་སློབ་སྦྱོང་དང་ལས་ཀར་འགྲོ་སའི་ལམ་ཁ་ཞིག་ཡོད་ཀྱང་། དེ་ལ་འཛིན་གྲྭ་བཅུ་བ་དང་བཅུ་གཉིས་ཐོན་པའི་ལག་ཁྱེར་དགོས་སྟབས། དེའི་ནང་འཛུལ་ཞུགས་ཀྱི་གོ་སྐབས་ཡོད་པ་མ་རེད། གལ་སྲིད་ང་ཚོར་མུ་མཐུད་ཁྲོམ་ས་སྟོན་མ་བཅུག་པ་ཡིན་ན། ཟ་ཁང་ནང་ཟ་མ་སྐྱེལ་མཁན་དང་ཕོར་བ་བཀྲུ་བ། གད་རྒྱག་པ་སོགས་ལས་ཀ་རེ་ཟུང་མ་གཏོགས་གཞན་ང་ཚོར་ལམ་ཁ་ཡོད་པ་མ་རེད། ང་ཚོ་འཐུས་མི་ཚོར་མཚོན་ནའང་ས་གནས་རྒྱ་གར་གྱི་ལས་ཁུངས་ཁག་ཏུ་བཅར་སྐབས། ཧིན་རྡུ་དང་དབྱིན་སྐད་གོ་བརྡ་མ་འཕྲོད་པའི་དཀའ་ངལ་འཕྲད་ཀྱི་འདུག ང་ཚོ་ཁྲོམ་ས་སྐྱིད་སྡུག་ཚོགས་པ་འདི་ཤེས་ཡོན་དང་འཇོན་ནུས་གང་ཐད་ནས། དྷ་སའི་སྤྱི་ཚོགས་ཁྲོད་སྙེམས་ཆུང་ཤོས་དེ་ཆགས་ཡོད།
གསར་འགོད་པ། ཚེ་རིང་རྒྱལ།
གང་ལ་དཀའ་ངལ་ཡོད་པ་དེར་གཞུང་གིས་ཀྱང་མཐུན་འགྱུར་གནང་རྒྱུ་གལ་ཆེན་པོར་མཐོང་གི གསར་འབྱོར་རྙིང་འབྱོར་གང་འདྲ་ཡིན་ཡང་དཀའ་ངལ་མེད་པ་གཅིག་ཀྱང་ཡོད་པ་མ་རེད། ལྷག་པར་དུ་གཞུང་དང་ཚོགས་པ་ཁག་གིས་རོགས་སྐྱོར་ཡང་སྐྱོ་ཤོས་དེ་ཚོ་ལ་རེག་གི་མེད་པ་ཡུལ་ལུང་གང་དུའང་བྱུང་དང་འབྱུང་བཞིན་འདུག་ན་དེ་དག་མི་གཅིག་དང་གཉིས་གཞུང་སོགས་ཀྱི་སྒང་ལ་གཡུགས་ནས་དཀྲོག་གཏམ་བཟོས་ན་ཡག་པོ་མ་རེད། དེ་ལས་རྒྱུ་མཚན་གནས་ལུགས་བགྲངས་ནས་ཡར་ཞུ་བྱས་ན་གཞུང་དང་གཞུང་གི་གནད་ཡོད་མི་སྣས་བསྒྲུབ་ཐུབ་ན་མི་མང་གི་ཆེད་དུ་ཏན་ཏན་བསྒྲུབ་ངེས་སྙམ། ཕྲུ་གུ་ལ་སློབ་ཡོན་ཆེད་དཀའ་ངལ་ཡོད་པ་དེ་འདྲ་ཡིན་ན་བལ་ཕྲུག་དང་དེས་མཚོན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཕྲུ་གུ་མང་པོ་ཞིག་བོད་ཁྱིམ་སློབ་གྲྭ་སོགས་ལ་རྫུན་གཏམ་འདྲ་མིན་བཤད་ནས་འཛུལ་ཞུགས་བྱས་ཡོད་པ་དེ་ཚོའི་ཚབ་ལ་བོད་ཕྲུག་ངོ་མ་རེ་བཅུག་ཐུབ་ན་དགའ་བ་ལ། ཕྱི་རྒྱལ་ཁག་ནས་གསར་འབྱོར་ཚོ་ལ་ཡིག་ཆ་རེག་སླ་བ་དེའང་བཙན་བྱོལ་དུ་ཡོད་པའི་གསར་འབྱོར་ཚོའི་དངོས་ཡོད་ཀྱི་དཀའ་ངལ་ལ་རམ་འདེགས་བྱས་པ་ཙམ་ལས་གསར་འབྱོར་ཚོ་འཇོན་པ་དང་ཕྱི་རྒྱལ་བ་ཚོས་ཞེན་ཁོག་བྱས་པ་སོགས་གང་ཡང་མ་རེད། ཕྱི་རྒྱལ་མགོ་སེར་ཚོས་ཐག་རིང་དེ་འདྲ་ཞིག་ནས་བཙན་བྱོལ་ནང་གི་གསར་འབྱོར་ཚོའི་དཀའ་ངལ་རྣ་བས་ཐོས་ཤིང་སེམས་ཀྱིས་ཤེས་ནའང་། རྡ་སའི་སྐུ་ངོ་ཚོས་སོ་སོའི་གཡས་གཡོན་གྱི་གསར་འབྱོར་ཚོའི་དཀའ་ངལ་སྤྱན་གྱིས་མ་གཟིགས་ཐུགས་ཀྱིས་མ་དགོངས་པ་དེ་ཅུང་ཡ་མཚན་ཞིག་མ་རེད་དམ། བཅར་འདྲི་འདི་ཉིན་ཤས་སྔོན་ནས་ཀློག་ཀྱང་སེམས་པ་སྐྱོ་ལྷང་ལྷང་ཞིག་ལས་ཅི་ཡང་འབྲི་རྒྱུ་རེག་མ་སོང་། དེ་རིང་ཞབས་མཆན་ཚོའང་རེ་རེ་བཞིན་ཀློག་ནས་བསམ་ཚུལ་འདི་ཕུལ་བ་ལགས།
སྲིང་སྐྱོང་མཆོག་ནས་བཀའ་བློན་ཁྲི་བའི་འོས་དམིགས་སུ་ཕེབས་དུས་བོད་མི་ཉམས་ཐོག་རྣམས་ལ་བལྟ་སྐྱོང་བྱེད་རྒྱུ་ཞལ་བཞེས་བཟང་པོ་ཐོབ་པ་རྣམས་དེང་སང་གང་དུ་འཕུར་བ་ཡིན་ནམང
རྒྱ་གར་ནང་བོད་མི་ཚང་མར་ཁྲོམ་སའི་དཀའ་ངལ་ཞེ་དྲག་ཡོད་རེད། དྷ་སའི་ཁྲོམ་སའི་དཀའ་ངལ་གཅིག་པུ་མ་རེད། གཞིས་ཆགས་ཁག་ནང་དཀའ་ངལ་ཧ་ཅང་མང་པོ་ཡོད་རེད། ཚ་བ་ཚ་པོའི་ནང་ཞིང་ལས་བྱེད་དགོས་ཀྱི་ཡོད་རེད། ཕྲུ་གུ་ལ་སློབ་ཡོན་ཆེན་པོ་སྤྲོད་དགོས་ཀྱི་ཡོད་རེད། ལས་ཀ་མ་རེག་པའི་དཀའ་ངལ་ཡོད་པ་རེད། ཡིན་ནའང་གཞུང་ལ་དེ་འདྲའི་སྙན་བསུན་བྱེད་ཀྱི་ཡོད་མ་རེད། དཔེ་ཡག་པོ་རེད། བོད་ནས་ཡོང་མཁན་ཚོ་ཡི་ན་ཕྲུ་གུ་ལམ་སེང་བོད་ཁྱིམ་སློབ་གྲྭར་བཅུག་ཆོག་ཆོག་རེད། ཆབ་སྲིད་བཙོན་པ་ཡིན་ན་ཕྱི་རྒྱལ་ལ་འགྲོ་ཡས་ཡོད་པ་རེད། ཕྱི་རྒྱལ་ལ་སླེབས་ན་ཡིག་ཆ་ལས་སླ་པོའི་ཐོག་རེག་གི་ཡོད་རེད། ཡིན་ནའང་དུས་རྟག་ཏུ་གཞུང་ལ་འཁང་ར་རྐྱང་གཏོང་སྡོད་པ་ནི་དངོས་ནས་ཡག་པོ་མ་རེད།
མི་འདིས་བཤད་པའི་རྡ་རམ་ས་ལའི་དཀའ་ངལ་ཁག་ཚང་མ་དངོས་ཡོད་གནས་ཚུལ་རེད། ཡིན་ནའང་བོད་གཞུང་གིས་བདག་པོ་རྒྱག་གི་ཡོད་པ་མ་རེད། བོད་གཞུང་གི་གནད་ཡོད་མི་སྣ་རེ་ཟུང་གིས་རྡ་རམ་ས་ལའི་ཐང་ཁྲོམ་སྟོན་མཁན་ཚོ་དང་གསར་འབྱོར་ལས་མེད་ཚོར་ཤ་ཚ་ཡོད་མདོག་མདོག་བྱེད་ཀྱི་ཡོད་པ་དེ་སྒེར་གྱིས་བཟང་མིང་ལེན་ཆ་ཁོ་ན་ཡིན། དེའི་ནང་གི་དཔེ་མཚོན་གཅིག་སྔོན་མའི་སྤྱི་འཐུས་ཚོགས་གཞོན་དང་། དེང་སྐབས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་རེད། མི་མང་ནང་དཀའ་ངལ་ཞུ་མཁན་ཞིག་བསླེབས་སྐབས་མོས་ཤ་ཚ་ཡོད་མདོག་མདོག་དང་། དཀའ་ངལ་དེ་མོ་རང་གིས་སྔོན་མ་གོ་མ་སོང་མདོག་མདོག གང་མགྱོགས་ལས་ཁུངས་ག་གེ་མོ་ཞིག་གི་ལས་བྱེད་ག་གེ་མོ་ཞིག་གིས་བསྒྲུབ་གི་རེད། ངས་ལབ་ཆོག་ཅེས་་ཤ་ཚ་ཚ་དང་སྙིང་ཉེ་ཉེ་ཡི་སྒོ་ནས་ལབ་ཀི་རེད། མི་དེ་ཕྱིར་ལོག་མ་ཐག་ནས་བཟུང་ཁས་ལེན་དེ་ལ་འགན་འཁུར་གི་མ་རེད་རྦེད་དེ་བརྗེད་འགྲོ་བ་རེད།