ཐུབ་བསྟན་ལུང་རིགས།
༄༅།། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དོན་དམ་གྱི་རང་དབང་དང་། འདྲ་མཉམ། དྲང་བདེན། ཆིག་བསྒྲིལ་ལྡན་པའི་དམངས་གཙོའི་ལམ་སྲོལ་ཚད་ལྡན་འདི་འདྲ་ཞིག་བྱུང་བ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་རྐྱང་གིས་ཐུགས་བརྩོན་ལྷོད་མེད་མུ་མཐུད་གནང་བ་ཁོ་ནའི་དྲིན་ལས་བྱུང་བ་མ་གཏོགས། ༧གོང་ས་མཆོག་གིས་ཐུགས་བརྩོན་དེ་ལྟ་བུ་ཞིག་གནང་མེད་ཚེ་མང་ཚོགས་རང་ངོས་ནས་གསར་བརྗེ་དང་ལེགས་བཅོས་ཐུབ་མིན་རང་རེའི་སྤྱི་སྒེར་གྱི་བསམ་སྤྱོད་ལ་དཔག་ན་ཚེགས་མེད་དུ་རྟོགས་ནུས། ༧གོང་ས་མཆོག་ལ་གཞི་མེད་ཀྱི་སྐྱོན་བརྗོད་དང་མཚན་སྨོད་ཞུ་མཁན་གྱི་བོད་མི་རྣམས་ཀྱིས་ཀྱང་བདེན་རྫུན་ཁྱད་མེད་ཀྱི་གང་དྲན་སྨྲ་བརྗོད་བྱེད་པའི་ནུས་བ་དང་རང་དབང་དེ་ཡང་༧གོང་ས་མཆོག་གི་ཐུགས་རྗེ་ལས་བྱུང་བ་དཔྱོད་ལྡན་རྣམས་ཀྱིས་མི་ཤེས་པ་ཅི་ལ་སྲིད།
དེ་ཙམ་ལ་བསམས་ནའང་སེམས་ལྡན་ཞིག་ཡིན་ཕྱིན་༧གོང་ས་མཆོག་ལ་ཟུར་ཟ་དང་སྐྱོན་བརྗོད་ཞུ་བའི་གཞི་རྩ་བྲལ་བ་མ་ཟད། མཚན་སྨོད་ནི་དེ་བས་ཀྱང་ཞུ་ཐབས་ག་ལ་ཡོད། འོན་ཀྱང་སྙིགས་ལྔའི་རྒུད་ཚོགས་ལྷག་པར་བདོ་བའི་མཚོན་རྟགས་ལྟ་བུར་བོད་མིའི་ཁྲོད་དུའང་ལས་བསོད་དམན་པའི་སྐྱེ་བོ་ཧ་ཅང་ཉུང་ཤས་ཤིག་གིས། འཇམ་མགོན་ས་པཎ་གྱིས། “ཁྭ་ཏས་མི་གཙང་ཟོས་པའི་མཆུ།། ས་གཙང་དག་ལ་འབད་དེ་འཕྱིས།།” ཞེས་དང་། རྗེ་གུང་ཐང་པས་ཀྱང་”སྐྱེས་བོ་དམ་པར་ཕྲག་དོག་གིས།། སྨོད་པ་རང་གི་དམའ་འབེབས་ཡིན།།” ཞེས་གསུངས་པ་ལྟར་རང་སྐྱོན་གཞན་འགེབས་ཀྱི་གནས་ཚུལ་ངོ་ཚ་བྲལ་བ་ཞིག་ཡིནཔས། སློབ་དཔོན་ཆེན་པོས། “བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ།” ཞེས་པའི་ངང་ཚུལ་ཐོག་ཏུ་བབས་པར་སྣང་།
དམངས་གཙོའི་ལམ་སྲོལ་དང་ཁྲིམས་ཀྱི་དབང་སྒྱུར་གཉིས་ཁ་བྲལ་མི་རུང་བ་ཞིག་ཡིན་པ་དང་། ཡུལ་མི་མི་རེ་ངོ་རེས་རང་དབང་གི་ཐོག་ནས་ཐོབ་ཐང་དང་། དེས་ཟླས་དྲངས་པའི་ལས་འགན་གཉིས་ཀ་ལེགས་པར་ངོས་ཟིན་ཞིང་། ལག་ལེན་དུ་བསྟར་བ་ཞིག་མ་བྱུང་ན་ཁ་ཙམ་གྱི་དམངས་གཙོ་ལས་དོན་དམ་གྱི་དམངས་གཙོ་ཡོང་ཐབས་མེད། སྨྲ་བརྗོད་ཀྱི་རང་དབང་ཞེས་པ་གཞི་མེད་རྫུན་གཏམ་དང་། གང་ཟག་ལ་དམའ་འབེབས། སྤྱི་ཚོགས་ནང་ཅལ་འདྲོགས་ཡོང་གཞིའི་རིགས་སྨྲ་བརྗོད་ཀྱི་རང་དབང་ཡིན་པའི་དོན་དུ་མི་གོ དེར་བརྟེན་དམངས་གཙོའི་རིང་ལུགས་ (Democracy) དང་། ཁྲིམས་མེད་རིང་ལུགས་ (Anarchy)གཉིས་ཀྱི་ཁྱད་པར་འབྱེད་ཤེས་པ་དགོས་རྒྱུ་ཤིན་ཏུ་གལ་ཆེ།
རང་གི་འདོད་བློ་མ་ཁེངས་པའི་འཁང་ར་དམངས་གཙོའི་སྨྲ་བརྗོད་རང་དབང་དུ་བསྙད་དེ་༧གོང་ས་མཆོག་སྐུ་སྒེར་དང་ཁོང་གི་མཛད་བྱུས་གཉིས་ཀར་སྐྱོན་བརྗོད་དང་། ཟུར་ཟ། མཚན་སྨོད་བཅས་ཞུ་མཁན་ཆེས་ཉུང་ཤས་ཤིག་ཡོད་པའི་ནང་ནས་རྩོམ་པ་པོ་གྲགས་ཅན་འཇམ་དབྱངས་ནོར་བུ་ལགས་ནི་འདས་པའི་ལོ་ངོ་ ༣༠ཡས་མས་ཀྱི་རིང་༧གོང་ས་མཆོག་དང་ཁོང་གི་མཛད་བྱུས་གཉིས་ཀར་སྐྱོན་བརྗོད་མུ་མཐུད་གནང་མཁན་ཞིག་ཡིན་པ་དང་། ཁོང་གི་སྐྱོན་བརྗོད་ཁག་ལ་སྐབས་རེ་ཟུང་ཙམ་ལ་ལན་འདེབས་འགྲེལ་བརྗོད་ཐོན་པ་ལས། མང་ཆེ་ཤོས་རང་བཞིན་སྣང་མེད་དུ་ལུས་འདུག དཔྱོད་ལྡན་རྣམས་ཀྱིས་ལན་འདེབས་བགྲོ་གླེང་བྱ་འོས་སུ་མ་གཟིགས་པའམ། ཡང་ན་དོན་མེད་ཀྱི་ཁ་དམག་ཏུ་ཞུགས་འདོད་མེད་པ་ཅི་རིགས་ཡིན་སྲིད། འོན་ཀྱང་གལ་གནད་ཆེ་བའི་གནས་ཚུལ་རེ་ཟུང་ཙམ་ལ་སྤྱི་ཚོགས་ཀྱིས་ངོ་ཤེས་པ་དང་དེབ་ཐེར་དུ་འཇོག་ཆེད་གསེད་བཀྲོལ་ཞིག་མ་བྱས་ན་གནའ་བོའི་བོད་ཀྱི་གཏམ་དཔེར། ”མི་གཅིག་བཤད་ན་བདེན་བདེན་འདྲ། རྟ་གཅིག་རྒྱུགས་ན་མགྱོགས་མགྱོགས་འདྲ།།” ཟེར་བ་ལྟར་ཐོས་བརྩོན་ཉུང་བའི་སྐྱེ་བོ་གཡམ་རྒྱུགས་པ་རེ་ཟུང་གིས་ཡ་མཚན་ཚད་མར་མི་འཛིན་པའི་ངེས་པ་མེད་པར་བརྟེན། འབྱུང་འགྱུར་མི་རབས་རྣམས་ཀྱི་ཆེད་གནས་ཚུལ་རེ་ཟུང་མ་སྤེལ་ཐབས་མེད་བྱུང་།
རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱི་གསུང་བཤད་དང་། རྩོམ་ཡིག བཅར་འདྲི་སོགས་ཤིན་ཏུ་མང་བས་ཡོངས་སུ་རྫོགས་པ་བརྗོད་ཀྱིས་མི་ལངས་མོད། དཔེ་མཚོན་རེ་ཟུང་ཟུར་འདོན་གྱིས་དཔྱད་གླེང་བྱ་རྒྱུ་ཡིན།
༡ ཕྱི་ལོ་ ༡༩༩༧ ལོར་འཇམ་དབྱངས་ནོར་བུ་ལགས་ཀྱིས་བཅར་འདྲི་ཞིག་གི་ནང་ “…Who is speaking for them? And I don’t think His Holiness is speaking for them. Neither is Richard Gere nor His Holiness, his friends out in the West. They are talking about a very specific Tibet; they’re talking about the monks and nuns. Yes, of course, we love the monks and nuns and we respect them. But, we are the ones who pay the taxes in the end. We are the ones who support the monasteries. You know, when the monasteries are attacked, we are ones who fight.” ཞེས་༧གོང་ས་མཆོག་བོད་མིའི་མགྲིན་ཚབ་པ་མིན་པ་དང་། ༧གོང་ས་མཆོག་དང་། ༧གོང་ས་མཆོག་གི་ནུབ་ཕྱོགས་པའི་གྲོགས་པོ་ཚོས་གྲྭ་བཙུན་རྣམས་ཀྱི་ཆེད་མ་གཏོགས། བོད་རིགས་ཡོངས་རྫོགས་ཀྱི་སྐོར་བཀའ་མོལ་གནང་གི་མེད་ཚུལ་བཅར་འདྲིའི་ལན་དུ་བཀོད་འདུག དེ་ནི་མངོན་སུམ་ལ་བསྙོན་པ་ཞིག་ཡིན་སྟབས། རིགས་པས་དཔྱད་གླེང་བྱེད་འོས་སུ་མ་མཐོང་། བོད་རིགས་སྤྱི་དང་། ཁྱད་པར་གཞིས་བཞུགས་བོད་མི་ཡོངས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་ཉག་གཅིག་བོད་མིའི་མགྲིན་ཚབ་པ་ཡིན་པར་རྒྱུ་མཚན་གྱི་ལམ་ནས་ཡིད་ཆེས་བློ་གཏད་བྱེད་ཀྱི་ཡོད་ཅིང་། དེ་ནི་དངོས་དོན་དང་མཐུན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ནས་ངོས་འཛིན་ཡང་ཐོབ་ཡོད།
བཙན་བྱོལ་བོད་མིའི་བརྒྱ་ཆ་དྲུག་ཆ་བརྒལ་བ་ནས་བོད་མིའི་རྩ་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་༧གོང་ས་མཆོག་ནས་དུས་ནས་དུས་སུ་རྒྱལ་སྤྱིའི་ནང་དང་། རྒྱ་ནག་གི་འགྱུར་འགྲོས་བཅས་ལ་གཟིགས་ཏེ་ཐུགས་ཐག་གཅོད་རྒྱུའི་གསོལ་འདེབས་དང་དེ་ལ་སྤྱི་འཐུས་གྲོས་ཚོགས་ནས་སྤྱི་མོས་ཀྱིས་མང་མོས་ཐག་གཅོད་འོས་བསྡུ་དང་ཁྱད་མེད་ཡིན་པའི་གྲོས་ཆོད་གཏན་ལ་ཕབས་པ་དེས་ཀྱང་བཤད་ཐུབ་པ་ཡིན། ད་ཆ་༧གོང་ས་ཆེན་པོས་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་རྩིས་སྤྲོད་གནང་ཟིན་ནའང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་དང་པོ་གཞི་རྩའི་ལམ་སྟོན་ནང་” ༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་བཅས་ཡིན་”ཞེས་གསལ་བཀོད་ཡོད་པ་འདིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པའི་སྐབས་ཙམ་དུ་མ་ཟད། ཆབ་སྲིད་ཀྱི་ཐུགས་འགན་བཤོལ་བའི་རྗེས་སུའང་བོད་མི་ཡོངས་ཀྱི་མགྲིན་ཚབ་པ་ཡིན་པའི་ངོ་བོ་ལ་འགྱུར་བ་མེད་པའི་གནས་བབ་བསྐྱར་ནན་གྱིས་གསལ་སྟོན་བྱས་ཡོད།
༢ ཕྱི་ལོ་ ༢༠༠༢ ལོར་ “After the Dalai Lama”༧གོང་ས་མཆོག་གི་རྗེས་སུ་” ཞེས་པའི་རྩོམ་ཡིག་ནང་“Yet, in truth, the absence of the Dalai Lama would not altogether be a bad thing for the Tibetan struggle…… The Dalai Lama’s presence in Tibetan political life is somewhat like the giant Banyan tree, whose shade is pleasant but under which little grows. Tibetan ministers give the appearance of being no more than messenger boys, and members of Parliament fall over each other in their eagerness to agree with him. The Dalai Lama himself has remarked upon the dilemma of his omniscient leadership, but has done little to resolve it. His absence might be just the thing that allows mature democratic institutions to take root. To be sure, without His Holiness’s presence there is danger of dissension within refugee society. But exiled Tibetans already have a half-century of experience in the rough-and-tumble of India’s robust democracy. Surely they are ready for their own. …… Tibetans genuinely love the Dalai Lama, but his lofty ideas on world peace and universal compassion probably find more enthusiastic subscribers in California than in Tibet.” “ཞེས་བདེན་དོན་དུ་༧གོང་ས་མཆོག་མ་བཞུགས་པའི་དུས་སྐབས་ནི་བོད་མིའི་འཐབ་རྩོད་ལ་ཁྱོན་ཡོངས་ནས་ཞན་ཆ་ཞིག་མིན་” ཞེས་དང་། “བོད་མི་མང་པོས་ཁོང་གིས་བསྟན་པའི་ལམ་ལ་དྲི་རྟགས་བཀོད་ཟིན་ཅིང་། འགའ་ཤས་ཀྱིས་ཁོང་མ་བཞུགས་ན་བོད་མིའི་སྤྱི་ཚོགས་ཟོས་བདེ་ལྷོད་དལ་གྱི་འཁྲུལ་སྣང་ལས་སད་པར་བྱེད་པའི་ཡིད་ཆེས་བྱེད་ཀྱི་ཡོད་” ཅེས་དང་། མུ་མཐུད་དེ་ “བོད་མིའི་ཆབ་སྲིད་ཀྱི་མི་ཚེའི་ནང་༧གོང་ས་མཆོག་ངོ་བཞུགས་ཡོད་ན་བྱང་ཆུབ་ལྗོན་ཤིང་ཆེན་པོ་ལྟ་བུ་ཞིག་ཡིན། དེའི་གྲིབ་བསིལ་ཡིད་དུ་འོང་བ་ཞིག་ཡོད་ཀྱང་། དེའི་འོག་གང་ཡང་སྐྱེ་འཚར་མི་ཐུབ་” སོགས་བཀོད་འདུག་པ་ནི་དངོས་ཡོད་གནས་ཚུལ་དང་གཏན་ནས་མི་མཐུན་པ་མ་ཟད། ལུང་འདྲེན་བསྐྱར་བརྗོད་བྱེད་རྒྱུའང་འཇིགས་སྣང་སྐྱེ་གཞིའི་བརྗོད་ཚིག་ཅིག་ཏུ་སྣང་། བོད་མི་དང་རྒྱལ་སྤྱིའི་བསམ་པར་༧གོང་ས་མཆོག་ངོ་བཞུགས་མེད་པའི་དུས་སྐབས་ལ་རེ་སྒུག་བྱེད་མཁན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་རེ་ཟུང་ཙམ་ལས། དེ་མིན་འགྲོ་བ་མིའི་སྤྱི་ཚོགས་ནང་དེ་འདྲའི་བསམ་བློ་ཡོད་མཁན་ཡོད་སྲིད་པའི་ཚོད་དཔག་བྱས་མེད་མོད། བོད་རིགས་མཁྱེན་ཡོན་ཅན་ཞིག་གིས་དགོངས་པར་དེ་ལྟར་འཁོར་བ་ནི་བསམ་བློའི་ཡིད་ལ་ཤོང་དཀའ་བ་ཞིག་རེད།
རྨོངས་ཞེན་དོར་ཏེ་རྒྱུ་མཚན་ཡང་དག་གི་ངོས་ནས་དཔྱད་ན་བོད་མི་རིགས་ཀྱི་མིང་དང་། ངོས་འཛིན། ཕུགས་འདུན་རེ་བའི་འབྱུང་ཁུངས་༧གོང་ས་མཆོག་ཉག་གཅིག་ཡིན་པ་བོད་མི་ཙམ་མ་ཟད། རྒྱ་མི་མང་པོ་ཐེ་བའི་འཇིག་རྟེན་སྐྱེ་འགྲོ་ཡོངས་ཀྱིས་ངོས་འཛིན་དང་ཡིད་ཆེས་བྱེད་ཀྱི་ཡོད། འཇམ་ནོར་གྱི་གསུང་བབ་དེ་རིགས་ནི་གཞི་མེད་ཀྱི་རྟོག་བཟོ་འབའ་ཞིག་ཡིན་པ་མ་ཟད། གཞིས་བྱེས་བོད་མི་མང་ཚོགས་སྤྱི་དང་། ཁྱད་པར་བསྟན་སྲིད་ཀྱི་དོན་དུ་རང་སྲོག་མཆོད་སྦྱིན་དུ་འབུལ་མཁན་ཡོངས་ཀྱི་ལྷག་བསམ་དང་མངོན་འདོད་གཉིས་ཀར་རྩིས་མེད་རྡོག་རོལ་དང་། དམའ་འབེབས་གནང་བ་ཞིག་ལས་འོས་མེད་པ་ཡིན། རྒྱ་དམག་གིས་བོད་དུ་བཙན་འཛུལ་བྱས་པ་ནས་བཟུང་ད་ལྟའི་བར་འདས་ལོ་ ༦༠ བརྒལ་བའི་རིང་བོད་མི་རིགས་དང་། བསྟན་སྲིད་ཀྱི་དོན་དུ་ལུས་སྲོག་དོར་བའི་དཔའ་བོ་དཔའ་མོ་སྤྱི་དང་། ཁྱད་པར་འདས་ལོ་ཁ་ཤས་ནང་རང་ལུས་མེ་མཆོད་དུ་འབུལ་མཁན་གྱི་དཔའ་བོ་དཔའ་མོ་ཡོངས་ཀྱི་ཕུགས་བསམ་དང་། མངོན་འདོད་ཅི་ཡིན་ཉི་ཤར་སྦར་མོས་ཁེབས་ཐབས་མེད་པ་ཡོངས་གྲགས་སུ་གྱུར་ཡོད།
རྩོམ་པ་པོའི་དགོངས་ཚུལ་ལྟར་ན། འདས་ལོ་ ༥༠ བརྒལ་བའི་རིང་བཙན་བྱོལ་སྤྱི་ཚོགས་སུ་བོད་རིགས་ནུས་ལྡན་སུའང་སྐྱེད་སྲིང་མ་བྱུང་བ་ལྟ་བུར་སྣང་རུང་། དངོས་དོན་དུ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་གང་ཅིའི་ཐོག་གཞན་དྲིང་མི་འཇོག་པའི་ཁྱད་ལས་པ་དང་། མགོ་ཁྲིད་མི་ཉུང་བ་ཞིག་༧གོང་ས་མཆོག་གི་ཐུགས་རྗེའི་གྲིབ་བསིལ་འོག་འཚར་ལོངས་བྱུང་ཡོད་པ་ཀུན་གྱིས་མཁྱེན་གསལ་མ་ཟད། དེང་སྐབས་བཙན་བྱོལ་བོད་མིའི་གཞུང་མང་གཉིས་ཀའི་ནང་གི་དབུ་ཁྲིད་དང་སྣེ་མོ་ཕལ་ཆེར་འདས་ལོ་ ༥༠ ནང་འཚར་ལོངས་བྱུང་བ་རྣམས་ཡིན།
༧གོང་ས་མཆོག་བོད་མིའི་ཆབ་སྲིད་ཀྱི་འཚོ་བའི་ནང་ངོ་བཞུགས་མེད་པར་ད་ཆ་ལོ་གཉིས་ལ་ཉེ་བ་སོང་ཡོད་པ་དེའི་རིང་བོད་མི་རྣམས་ཟོས་བདེའི་འཁྲུལ་སྣང་ལས་ཇི་ཙམ་སད་ཡོད་མེད་ཀྱང་མངོན་ཐུབ་པ་དགོས་རྒྱུར་སྣང་། རྩོམ་པོ་པོ་འཇམ་ནོར་ལགས་ཀྱིས་ཡུན་རིང་ནས་རེ་སྒུག་གནང་བའི་ཐུགས་འདུན་༧གོང་ས་མཆོག་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་དུ་མ་བཞུགས་པའི་དུས་སྐབས་དངོས་སུ་ཤར་ཟིན་སྟབས། ད་ཆ་དམིགས་བསལ་རྩལ་འདོན་ཇི་འདྲ་ཞིག་གནང་རྒྱུ་ཡོད་རུང་གནང་རན་པའི་དུས་ལ་བབས་ཡོད།
གོང་དུ་ཞིབ་བརྗོད་ཟིན་པ་ལྟར། དམངས་གཙོའི་སྤྱི་ཚོགས་ནང་ཡུལ་མི་མི་རེ་ངོ་རེས་རང་འཁྲིའི་འཁུར་འགན་བླངས་ཏེ་ཆབ་སྲིད་དང་། སྤྱི་ཚོགས་ཀྱི་ཞབས་འདེགས་སྒྲུབ་དགོས་པ་ལས། བོད་མི་དང་འབྲེལ་བ་མེད་སའི་ཁུག་ཀྱོག་ཅིག་ཏུ་འགན་ཁུར་མེད་པའི་སྨྲ་ལྕེ་ཚོད་མེད་གཡུག་པ་ཙམ་གྱིས་ཡུལ་མིའི་མཚན་ཉིད་ཚང་བ་དང་ལས་འགན་སྒྲུབ་པར་མི་བརྩི།
༣ ཡང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཕྱི་ལོ་ ༢༠༠༥ ལ་བཏོན་པའི་རྩོམ་ཡིག་ཅིག་གི་ནང་ Of course, people must be allowed their beliefs no matter how ridiculous or wrong we may perceive them. I believe people have the right to worship Shugden or any other deity they want, while the Dalai Lama as a spiritual leader certainly has the right to object to this on theological grounds and ask people to refrain from such practices. But that is not the problem. The trouble is that the Tibetan government has been inducted to implement the Dalai Lama’s proscription of Shugden worship. The Tibetan government claims it has not issued any orders or appeals to people to harass or fight Shugden worshippers. Yet it has produced and distributed literature and videos demonizing Shugden worshippers. It has furthermore made no effort to discourage or condemn attacks on Shugden groups.ཞེས་མི་རྣམས་ཀྱི་རང་རང་གི་ཡིད་ཆེས་རྣམས་ང་ཚོའི་ངོས་ནས་ཇི་ཙམ་ནོར་འཁྲུལ་དང་བཞད་གད་ཀྱི་གནས་སུ་མཐོང་ནའང་། ཁོང་ཚོར་དེ་འདྲའི་ཡིད་ཆེས་བྱེད་རྒྱུའི་ཐོབ་ཐང་སྤྲོད་དགོས།
མི་ཚོར་ཤུགས་ལྡན་བསྟེན་གསོལ་བྱེད་རྒྱུའི་ཐོབ་ཐང་ཡོད་པ་ངས་ཡིད་ཆེས་བྱེད་ཀྱི་ཡོད་ལ། མཉམ་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལའང་ཆོས་ཀྱི་དབུ་ཁྲིད་ཡིན་པའི་ཆ་ནས་ཆོས་ཀྱི་རིག་པའི་གཞུང་ལུགས་ལ་བརྟེན་ནས་བསྟེན་གསོལ་མི་རུང་བའི་བཀའ་སློབ་གནང་རྒྱུའི་ཐོབ་ཐང་ངེས་པར་དུ་ཡོད།” ཅེས་སོགས་དང་། ཡང་མུ་མཐུད་དེ། Now more than ever, Tibetans absolutely need to move away from the world of superstition, oracles and magic into the real world of the 21st century.” ཞེས་ད་ཆ་ནི་བརྒྱ་ཕྲག་ཉེར་གཅིག་པའི་དངོས་དོན་གྱི་འཇིག་རྟེན་འདིའི་ནང་བོད་མི་རྣམས་རྨོངས་དད་དང་། ལྷ་ཁོག་ཞུགས། མིག་འཕྲུལ་སོགས་ལས་ངེས་པར་དུ་ཐག་རིང་དུ་བསྐྱོད་དགོས།” སོགས་ཇི་སྙེད་ཅིག་བྲིས་འདུག་པ་དེ་དག་རང་ཚིག་དངོས་ཤུགས་དང་། ཁས་བླངས་སྔ་ཕྱི་འགལ་བ་ཤ་སྟག་འདུག་པ་ནི།གནད་དོན་གང་ཞིག་གསལ་སྟོན་གནང་འདུན་ཡིན་པ་རྟོགས་དཀའ་བར་སྣང་། མི་ཚོར་བཞད་གད་བྱ་ཡུལ་གྱི་ནོར་འཁྲུལ་ལའང་ཡིད་ཆེས་བྱེད་རྒྱུའི་ཐོབ་ཐང་དགོས་ཚུལ་གསུངས་མ་ཐག་པའི་མཇུག་ཐོག་ཏུ། བརྒྱ་ཕྲག་ཉེར་གཅིག་པའི་དུས་ཀྱི་དངོས་དོན་དང་བསྟུན་ཏེ་རྨོངས་དད་སོགས་ལས་ཐག་བསྲིང་དགོས་པའི་འགལ་འདུའི་གནས་ཚུལ་གཉིས་ཀྱིས་རང་གི་དམ་བཅའ་རང་གིས་བཤིགས་པ་དང་། བཙན་བྱོལ་བོད་གཞུང་གི་ངོས་ནས་དོལ་རྒྱལ་རྗེས་འབྲང་པར་དྲང་བདེན་མིན་པའི་དབྱེ་འབྱེད་དང་། ཆད་གཅོད་སོགས་གང་ཡང་གནང་མེད་པ་ཁུངས་སྐྱེལ་རྭ་སྤྲོད་ཡོངས་ཁྱབ་ཏུ་གནང་ཟིན་ཡང་། ད་དུང་དེ་ལྟར་ཡོད་པའི་བསྙོན་འཛུགས་དང་། དོལ་རྒྱལ་རྗེས་འབྲང་བ་རྣམས་ཀྱིས་མི་གསོད་ཁྲག་སྦྱོར་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ཇི་ཙམ་སྤེལ་བ་ཀུན་གྱིས་མངོན་སུམ་དུ་གྲུབ་པ་དེ་དག་སྣང་མེད་སྦས་བཀབ་གནང་ཕྱོགས་ལ་གཞིགས་ན་རྩོམ་ཡིག་འདི་དག་གཟུ་བོའི་བློས་རྒྱུ་མཚན་ལ་བརྟེན་པའི་དཔྱད་གཏམ་ཞིག་མ་ཡིན་པར། ༧གོང་ས་མཆོག་ལ་མཚན་སྨོད་སྐྱོན་བརྗོད་ཞུ་རྒྱུ་ཉག་གཅིག་དམིགས་ཡུལ་དུ་བཟུང་སྟེ། མཁྲིས་ནད་ཅན་གྱིས་དུང་སེར་པོར་མཐོང་བའི་ངང་ཚུལ་ལས་མ་འདས།
མཚམས་འདིར་བོད་གཞིས་བྱེས་གཉིས་ཀྱི་མགྲིན་ཚབ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་མུ་མཐའ་མེད་པ་ནས་ཆུ་ཐིགས་ཙམ་ཞིག་དགག་དགེའི་དབང་གིས་འགོད་པར་བྱེད་པ་ལ། འཇིག་རྟེན་སྤྱི་དང་། ཁྱད་པར་བོད་མི་ཡོངས་ལ་བཟོད་དཀའི་དཀའ་རྙོག་སེལ་ཐབས་དཀའ་བ་འདི་ལྟ་བུ་ཞིག་བྱུང་བའི་དུས་སྐབས་སུའང་། བཟང་ཕྱོགས་ནས་བལྟས་ན་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་མངའ་དབང་བདག་གིར་བཞེས་ཏེ་བོད་རྒྱ་མི་རིགས་གཉིས་ཀྱིས་མཚོན་འཇིག་རྟེན་སྤྱིའི་བདེ་ཐབས་ལ་ཐུན་མོང་དང་ཐུན་མོང་མིན་པའི་རླབས་ཆེན་གྱི་མཛད་པ་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ཞིག་སྐྱོང་གནང་མཛད་པ་ནི་སེམས་ཅན་སྤྱི་མཐུན་གྱི་ལས་བསོད་ཁྱད་པར་བ་ཞིག་གི་འབྲས་བུ་ཡིན་ངེས་ཀྱང་། བོད་མི་རེ་ཟུང་གིས་གནད་དོན་འདི་མ་རྟོགས་པར་གོ་བ་ལོག་སྒྲུབ་ཏུ་སོང་བ་དེ་ནི་ཞུ་མར་འོག་གི་གྲིབ་ནག་ལྟ་བུ་རང་ཉིད་ཀྱི་ལས་བསོད་དམན་པ་ཁོ་ན་ལས་མ་འདས།
འོན་ཀྱང་མ་རྟོགས་པ་དང་ལོག་པར་རྟོག་པའི་གཞན་དབང་དུ་སོང་བའི་བོད་མི་རེ་ཟུང་གིས་༧གོང་ས་སྐྱབས་མགོན་ཆེན་པོའི་ཡོངས་ཁྱབ་ཀུན་ཕན་གྱི་མཛད་བཟང་ལ་རང་འདོད་དང་མ་མཐུན་པའམ། རང་དོན་མ་འགྲུབ་པ་ཁོ་ན་རྒྱུ་མཚན་དུ་བྱས་ཏེ་ཟུར་ཟ་སྐྱོན་བརྗོད་ཞུ་མཁན་དེ་དག་ནི་སྙིང་རྗེའི་ཡུལ་ལས་མ་འདས་མོད། གཟུར་གནས་མང་ཚོགས་ཀྱིས་དེ་དག་སྣང་མེད་དུ་བཞག་ན་ངན་པ་ལང་ཤོར་འགྲོ་གཞི་མ་ཟད། ཅང་མི་སྨྲ་བས་དང་དུ་ལེན་པ་ལྟ་བུའི་འཕྲལ་རྐང་འཁྱོག་བཤད་ཀྱི་གཞི་རྩ་དང་། དུས་ཡུན་རིང་པོའི་རྗེས་བྱུང་རབས་གསལ་ཆ་མེད་པའི་སྐྱོན་ཅན་བཅས་སུ་འགྱུར་ཉེན་ཡོད་སྟབས། སྐབས་མཚམས་སོ་སོར་འགྲེལ་བརྗོད་གསལ་བཤད་དགོས་གལ་ཆེ་ཡང་། རང་རེ་མང་ཚོགས་གསེར་བོང་མཉམ་གཟིགས་ཀྱིས་ཆགས་བྲལ་བ་ལྟ་བུར་བཞུགས་པ་ནི་ཞན་ཆ་ཞིག་ལས་བཟང་སྤྱོད་ག་ལ་ཡིན། ཆགས་སྡང་མེད་པའི་གཟུ་བོའི་བློས་ལེགས་ཉེས་གནས་ལུགས་དངོས་དོན་རྣམས་འགྲེལ་བརྗོད་བྱེད་དགོས་པ་ནི་ཡུལ་མིའི་ལས་འགན་གལ་ཆེ་ཞིག་ཡིན་པས་བདག་གིས་འབད་པ་ཡིན། མཚམས་འདིར་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཅི་ཙམ་བོད་བསྟན་སྲིད་མི་རིགས་དང་བཅས་པར་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་ཡིན་པ་རྩོམ་པ་པོའི་དགོངས་པར་མཁྱེན་བཞིན་མ་མཁྱེན་པའི་ཚུལ་གྱི་སྨག་རུམ་ལ་མཛད་པའི་འཕྲིན་ལས་ཀྱིས་འོད་སྣང་ཅུང་ཞིག་སྤྲོ་རྒྱུ་ཡིན།
༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་རྒྱ་ཆེ་མུ་མེད་ཀྱི་འཕྲིན་ལས་ནམ་མཁའ་དང་མཉམ་པ་དེ་དག་ནི་སར་གནས་སེམས་དཔའ་རྣམས་ཀྱིས་ཀྱང་དཔོག་པར་དཀའ་ན་སོ་སྐྱེ་རང་ག་བ་རྣམས་ཀྱིས་ཆ་ཙམ་ཡང་དཔོག་མི་ནུས་མོད། ཐུན་མོང་གདུལ་བྱའི་སྣང་ངོར་གྲགས་ཤིང་གྲུབ་པའི་མཛད་འཕྲིན་རེ་ཟུང་རྒྱ་མཚོ་ནས་ཆུ་ཐིགས་བླངས་པ་ལྟ་བུ་ཟུར་ཙམ་སྨོས་ན། ཆབ་སྲིད་ཀྱི་མངའ་དབང་བཞེས་མ་ཐག་དབུས་གཙང་ཆོས་ཀྱི་ཞིང་སར་དྲག་གནོན་དམག་འཁྲུགས་མི་བཟད་པའི་འོག་སྐྱ་སེར་མང་ཚོགས་ཕལ་མོ་ཆེ་ལུས་སྲོག་འཇིག་པའི་ཉེན་ཁ་ལས་བསྐྱབས་ཏེ་ཞི་མཐུན་གྱི་འགྲིགས་ཆགས་དང་། ༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་མཛད་འཕྲིན་གྱི་འཕྲོ་བསྐྱངས་ཏེ་བོད་མིའི་ཆབ་སྲིད་དམངས་གཙོའི་ལམ་དུ་སྒྱུར་ཐབས་སུ་བོད་ལྗོངས་ལེགས་བཅོས་ལྷན་ཚོགས་ཆེད་འཛུགས་ཀྱིས་ཆབ་སྲིད་ལེགས་བཅོས་དང་། ཆབ་འབངས་བདེ་བར་འཚོ་ཐབས་ཀྱི་ཐབས་ལམ་དུ་མ་ཕྱག་བཞེས་སུ་བསྟར་བ་དང་། ཕྱི་ལོ་ ༡༩༥༤ ། ༡༩༥༥ ལོར་རྒྱལ་ས་པེ་ཅིང་དུ་ཞབས་སོར་འཁོད་དེ་མའོ་ཙེ་ཏུང་གིས་གཙོས་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་དབུ་ཁྲིད་ཁག་དང་མཇལ་འཛོམས་བཀའ་བསྡུར་གྱིས་བོད་ལྗོངས་དམག་སྲིད་ལྷན་ཁང་འཛུགས་འཆར་དེ་དག་བོད་རང་སྐྱོང་ལྗོངས་གྲྭ་སྒྲིག་ཨུ་ཡོན་ལྷན་ཁང་གི་ངོ་བོར་བསྒྱུར་ཏེ། སྐབས་འཕྲལ་ཛ་དྲག་གི་ཉེན་ཁ་དུ་མ་ལས་གཡོལ་ཐུབ་པ་དང་། སྐབས་དེར་རྒྱ་གར་གྱི་སྲིད་བློན་ནེཧ་རུ་མཆོག་དང་མཇལ་འཕྲད་ཀྱིས་བོད་ལ་ནུས་ལྡན་གྱི་དབུ་ཁྲིད་མེད་པའི་ལོག་རྟོག་བསལ་ནས་བོད་མིའི་འབྱུང་འགྱུར་གྱི་མདུན་ལམ་ལ་རེ་བ་གསར་པ་ཞིག་གི་ས་བོན་རྒྱ་གར་གྱི་མགོ་ཁྲིད་རྣམས་ཀྱི་བསམ་བློར་ཐེབས་པ་དང་། ཕྱི་ལོ་ ༡༩༥༦ ། ༡༩༥༧ ལོར་རྒྱ་གར་འཕགས་པའི་ཡུལ་དུ་༧ཞབས་སོར་འཁོད་དེ་རྒྱལ་སྤྱིའི་ནང་བོད་དང་བོད་མིའི་ངོ་སྤྲོད་གསར་བསྐྲུན་དང་། རྒྱ་གར་གྱི་ཆེས་མཐོའི་དབུ་ཁྲིད་རྣམ་པ་དང་ནང་མོལ་ཞིབ་ལྷུག་གི་ལམ་ནས་འབྱུང་འགྱུར་དགོས་གལ་སྐབས་ཐུགས་བློ་གཏད་ཡུལ་གསར་བསྐྲུན་མཛད་པ། ཕྱི་ལོ་ ༡༩༥༩ གསུམ་བཅུའི་གྱེན་ལངས་རྗེས་༧གོང་ས་མཆོག་དང་བོད་གཞུང་བཀའ་ཤག་བཅས་འཕགས་ཡུལ་དུ་བཙན་བྱོལ་གྱི་བོད་མིའི་ཁྲིམས་མཐུན་གྱི་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་རྒྱུན་ཉམས་ཆག་མེད་པར་བཙན་བྱོལ་གཞུང་གི་ངོ་བོར་འཛིན་སྐྱོང་མཛད་ཐུབ་པ། ༧གོང་ས་མཆོག་གི་ཕེབས་རྗེས་སུ་འབྲང་བའི་བོད་མི་སེར་སྐྱ་ཕོ་མོ་དྲག་ཞན་རྒན་བྱིས་འབུམ་ལ་ཉེ་བར་གནས་སྐབས་ཟས་གོས་གནས་མལ་གྱི་དཀའ་རྙོག་བསལ་ཅིང་། རིམ་བཞིན་ཕུགས་བརྟན་འཚོ་ཐབས་གཞིས་ཆགས་ཁག་མང་གསར་བསྐྲུན་གྱིས་བཙན་བྱོལ་བའི་གནས་བབ་གཞན་དང་མི་འདྲ་བར་བོད་རིགས་བཙན་བྱོལ་བ་སུ་ཡང་ཟས་གོས་གནས་མལ་འཕྲོད་བསྟེན་གྱིས་ཕོངས་པ་མེད་པར་རང་དབང་ལྡན་པའི་རྒྱལ་ཁབ་ཁག་གི་ཡུལ་མི་དང་འདྲ་མཚུངས་སུ་འཚོ་གནས་ཐུབ་པ་བྱུང་བ། ལྷག་པར་བོད་རིགས་ན་གཞོན་ཡོངས་ལ་བོད་ཀྱི་གནའ་སྲོལ་དང་། དེང་རབས་ཀྱི་ཤེས་ཡོན་གཉིས་ལྡན་གྱི་སློབ་གྲྭ་ཁག་མང་གསར་འཛུགས་མཛད་དེ་བོད་མི་ན་གཞོན་གཅིག་ཀྱང་སློབ་སྦྱོང་གི་གོ་སྐབས་མ་ཐོབ་པ་མེད་པར་མཛད་པ་དང་། ཆོས་དང་། རིག་གཞུང་། ལེགས་བྱང་། ལྷག་པར་ནང་དོན་རིག་པའི་གཞུང་ལུགས་སློབ་གཉེར་གྱི་ལམ་སྲོལ་ཁག་ཉམས་མེད་རྒྱུན་གནས་ཐུབ་ཆེད་རིས་མེད་ཆོས་ལུགས་ཆོས་བརྒྱུད་ཚང་མའི་བཤད་གྲྭ་སྒྲུབ་གྲྭ དགོན་སྡེ་སོགས་རང་དབང་དུ་རང་འདོད་བཞིན་གསར་སྐྲུན་ཐུབ་པ་དེ་དག་ནི་ཡུལ་དུས་གནས་སྐབས་གང་ནས་གཞིགས་རུང་བསམ་ཡུལ་ལས་འདས་པའི་ངོ་མཚར་དངོས་བྱུང་ཞིག་ཡིན་པ་དང་། ཁྱད་པར་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ཡང་དག་པའི་དམངས་གཙོའི་ལམ་སྲོལ་དུ་བཙན་ཐབས་སུ་བསྒྱུར་འཁྲིད་མཛད་རྒྱུའི་དགོངས་བཞེད་བླ་མེད་ཀྱིས་སྐབས་དེའི་བོད་མིའི་བསམ་སྤྱོད་དང་འཚམས་མིན་ལ་མ་ལྟོས་པར་ཕྱི་ལོ་ ༡༩༦༡ ལོར་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་དམངས་ཚོགས་ནས་འོས་འདེམས་བྱས་པའི་སྐུ་ཚབ་ཡོད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་ཀྱིས་དམངས་གཙོའི་ལ་སྲོལ་དབུ་བརྙེས་པ་མ་ཟད། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་གོང་བུའི་ནུས་པ་སླར་གསོ་མཛད་དེ། བོད་མིའི་ཆབ་སྲིད་ཀྱི་བྱུང་རབས་ནང་ལེའུ་གསར་པ་ཞིག་གསར་གཏོད་དང་འབྲེལ། དེ་ནས་བཟུང་མང་ཚོགས་ཀྱི་བསམ་སྤྱོད་དང་འཇོན་ཐང་གིས་ལྕོགས་མིན་ལ་མ་ལྟོས་པར་༧གོང་ས་ཆེན་པོ་སྐུ་ཉིད་ཀྱིས་བྱིས་པ་མཛུབ་ཁྲིད་ལྟ་བུས་ལོ་ནས་ལོ་བསྟུད་ཀྱིས་སྤྱི་འཐུས་ལྷན་ཚོགས་རིམ་པས་རྒྱ་བསྐྱེད་དང་འབྲེལ་ཕྱི་ལོ་ ༡༩༩༠ ལོར་སྲོལ་རྒྱུན་བཀའ་ཤག་ཕྱིར་བསྡུའི་ཐོག་བར་བརྒལ་བཀའ་ཤག་དམིགས་བསལ་ཚོགས་ཆེན་ནས་འོས་བསྡུ། ཕྱི་ལོ་ ༡༩༩༡ ལོར་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་སྤྱི་འཐུས་ ༤༦ བར་གྲངས་སྤར་གྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་སྟེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཁྲིམས་མཐུན་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོར་བསྒྱུར་བར་མཛད་པ།
ཕྱི་ལོ་ ༢༠༠༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་བཀའ་བློན་ཁྲི་པ་ཐད་ཀར་མང་ཚོགས་ནས་འོས་འདེམས་བྱེད་སྲོལ་གཏོད་དེ་བོད་མིའི་དམངས་གཙོའི་འཕེལ་རིམ་གོང་མཐོར་གཏོང་བ་དང་། ༧གོང་ས་མཆོག་གསེར་ཞལ་འཚོ་གཞེས་སྐབས་སྲོལ་རྒྱུན་ཆབ་སྲིད་ཀྱི་མངའ་དབང་ཡོངས་རྫོགས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་གནང་རྒྱུའི་སྟ་གོན་ལེགས་པར་མཛད་དེ། མཐའ་དོན་ ༢༠༡༡ ཕྱི་ཟླ་ ༥ ཚེས་ ༢༩ ཉིན་སྲིད་ཕྱོགས་ཀྱི་སྐུ་དབང་ཡོངས་རྫོགས་འོས་ཐོན་མགོ་ཁྲིད་ལ་རྩིས་སྤྲོད་ཀྱིས་རིང་ནས་ཐུགས་ལ་བརྣགས་པའི་བཞེད་དགོངས་ཡང་དག་པའི་དམངས་གཙོའི་ལམ་སྲོལ་ཡོངས་སུ་རྫོགས་པར་མཛད་པ་སོགས་ནི་ཀུན་གྱི་བློ་ཡུལ་དུ་ཤོང་དཀའ་བའི་ངོ་མཚར་རྨད་བྱུང་གི་མཛད་རྗེས་ཡིན་ཞིང་། ༧གོང་ས་མཆོག་གི་དབུ་ཁྲིད་མེད་ན་བོད་མིའི་ཆབ་སྲིད་ཀྱི་ལམ་སྲོལ་ཡང་དག་པའི་དམངས་གཙོའི་ལམ་དུ་ལོ་གྲངས་ ༥༠ ཙམ་གྱི་ནང་དཀའ་ཚེགས་མེད་པར་བསྒྱུར་རྒྱུའི་རེ་བ་གཏན་བྲལ་ཡིན་པ་ཀུན་གྱི་བློས་ཆོད་ཡིན། ལྷག་པར་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ཆིག་བསྒྲིལ་དང་། ཆོས་ལུགས་ཆོས་བརྒྱུད་ཡོངས་རྫོགས་དམ་ཚིག་འོ་ཆུ་གཅིག་འདྲེས་འདི་ལྟ་བུ་བོད་ཀྱི་བྱུང་རབས་ནང་སྔར་མ་བྱུང་བ་ཞིག་ཡིན།
གཞན་ཡང་འཇིག་རྟེན་འདིའི་ཤར་ནུབ་ལྷོ་བྱང་གི་ཡུལ་གྲུ་ཀུན་ཏུ་བོད་བརྒྱུད་ནང་བསྟན་གྱིས་ཁྱབ་ཅིང་། བོད་ཀྱི་ཆོས་དང་ལེགས་བྱང་བོད་ཡུལ་དུ་རྩ་བརླགས་སོང་ཡང་། རྒྱལ་སྤྱིའི་ནང་རྒྱུན་གནས་ཐུབ་པའི་ལམ་ཆེན་གསར་པ་ཞིག་རྙེད་པ་དང་། དེ་ལ་བརྟེན་ནས་བོད་དང་བོད་མིའི་ངོས་འཛིན་དང་། བོད་མི་རིགས་ཀྱི་ཆེ་མཐོང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོས་ཁྲིམས་འགལ་གདུག་རྩུབ་མི་སྤྱོད་ལས་འདས་པ་ཇི་བྱས་དང་། ཁོང་ཚོའི་དབང་སྒྱུར་ཁྲིམས་མཐུན་མིན་པའི་གནས་བབ་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཀྱིས་བདེ་བླག་ཏུ་རྟོགས་ནུས་པ་བྱུང་བ་འདི་དག་ནི་བོད་མི་སྒེར་དང་། སྒྲིག་འཛུགས། གཞུང་སུས་ཀྱང་བསྒྲུབ་པར་དཀའ་བའི་གྲུབ་འབྲས་རླབས་ཆེན་ཞིག་འབད་མེད་རང་བྱུང་དུ་གྲུབ་པའང་༧གོང་ས་མཆོག་གི་མཚན་སྙན་དང་མཛད་འཕྲིན་གྱི་གཟི་བྱིན་ཉག་གཅིག་གི་དབང་ལས་བྱུང་བ་འཇིག་རྟེན་ཀུན་གསལ་དང་། ལྷག་པར་དུ་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་དང་། བྱམས་བརྩེའི་དགོས་དམིགས། འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་ལས་འགན། ཆོས་ལུགས་དང་མ་འདྲེས་པའི་ལེགས་སྤྱོད། ཆོས་ལུགས་ཁག་མཛའ་མཐུན་མཉམ་འབྲེལ་གནས་ཐབས་སོགས་འཇིག་རྟེན་ཡོངས་ཀྱི་ཕན་བདེ་སྒྲུབ་པའི་ཐབས་ལམ་གཞན་འགྲན་མ་མཆིས་པ་གསལ་སྟོན་མཛད་པ་འདིས་འཇིག་རྟེན་སྐྱེ་རྒུ་ཡོངས་ལ་འཕྲལ་ཕུགས་ཀྱི་ཁེ་ཕན་རླབས་ཆེན་བསྐྲུན་པའི་ཞོར་དུ་བོད་དང་བོད་མིའི་རྩ་དོན་ལའང་གོ་རྟོགས་དང་གདུང་སེམས་མཉམ་སྐྱེད་གནང་མཁན་གྲངས་ལས་འདས་པ་ཞིག་བྱུང་ཡོད།
དེ་བཞིན་ནང་ཆོས་དང་ཚན་རིག་དབར་གྱི་འབྲེལ་ལམ་དང་བགྲོ་གླེང་གི་སྒོ་ནས་ཕན་ཚུན་བློ་བསྐྱེད་སྤེལ་རེས་མཛད་པའི་རླབས་ཆེན་གྱི་མཛད་བཟང་ལ་བརྟེན་ནས་དེང་རབས་གོང་མའི་གནས་སྐབས་འདིར་ཡང་ཚན་རིག་པས་ཆོས་ལུགས་ལས་བློ་བསྐྱེད་ལེན་པའི་དུས་ཚིགས་གསར་པ་ཞིག་བསྐྲུན་གནང་མཛད་པ་འདི་ནི་ད་ཕན་འཇིག་རྟེན་འདིའི་ཆོས་དང་སྲིད་ཀྱི་དབུ་ཁྲིད་སུས་ཀྱང་སྒྲུབ་མ་ནུས་པ་ཞིག་༧གོང་ས་མཆོག་གིས་བདེ་བླག་ཏུ་འགྲུབ་པར་མཛད་པ་དེ་ནི་འབྱུང་འགྱུར་འགྲོ་བ་མིའི་བྱུང་རབས་ཀྱི་ནང་གཟི་བརྗིད་ལྡན་པའི་ལེའུ་ཞིག་ཏུ་གྱུར་ཡོད། དེ་དང་དེ་འདྲའི་རླབས་ཆེན་གྱི་མཛད་འཕྲིན་སྐྲ་གྲངས་ཆུ་གཉེར་ལྟ་བུ་མཐའ་ལས་འདས་པ་བརྗོད་ཀྱིས་མི་ལངས་མོད། གོང་སྨོས་དེ་དག་ནི་དཔེ་མཚོན་ཙམ་ཡིན་པ་དང་། མདོ་དོན་མཛད་བཟང་དེ་དག་སྤྱིར་སེམས་ཅན་ཐམས་ཅད་ལ་འཕྲལ་ཕུགས་གཉིས་སྨན་ཡིན་པ་མ་ཟད། ཡང་སྒོས་བོད་དང་བོད་མི་ཡོངས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ཐོགས་རླབས་ཆེན་བྱུང་དང་ཡོང་བཞིན་པ་ཀུན་གྱིས་མཐུན་སྣང་དུ་གྲུབ་པ་དེ་ཡིན།
བྱས་པ་དྲིན་མེད་བྱེད་པའི་བག་བྲལ་གྱི།།
འཕྲལ་ཕུགས་གཉིས་མེད་རྣམ་རྟོག་འཕྱོན་མའི་གཟུགས།།
གཟུར་གནས་མཁས་པའི་བུ་ཡིས་མི་སྤྱོད་ཀྱང་།།
བདེན་དོན་དེབ་ཐེར་འགོད་ཕྱིར་གཏམ་འདི་བྲིས།།
བར་སྐབས་ཀྱི་ཚིགས་སུ་བཅད་པས་བརྒྱན་ཏེ།། ༢༠༡༣། ༤། ༢༥། རེས་གཟའ་ཕུར་བུ་ལ།།
སྐུ་ངོ་ཞེས་པའི་ཚིག་དེ་དུང་ལ་གཡུག དེ་ལས་ཐད་ཀར་བོས་ན་ལེགས་སྙམ།
སྤྱིར་གཞུང་གི་ལས་བྱེད་དང་གཞུང་འཛིན་གྲལ་བ་ཚོས་སོ་སོར་ཐད་ཀར་བྲིས་པར་ལན་མ་གཏོགས་གང་ཡིན་ལ་དཔྱད་རྩོམ་སོགས་མ་བྲིས་ན་ལེགས།
ཐུབ་པ་ནང་ཁུལ་ཕུ་ནུ་ལས།།
བསྟན་རྒྱུའི་ལག་རྗེས་ཉིན་སྐར་སྤུན།།
ལུང་རིག་མདའ་མོས་རང་སྙིང་འབིགས།།
རིགས་སྐྱོབས་བརྩོན་ལུགས་ཨེ་མ་མཚར།།
ཆབ་དྭངས་ཡིད་འོང་གཅིན་གིས་སྦག།
བྲག་ངོས་མཛེས་པོ་ཐོག་གིས་གཏོར།།
ལྷ་མོ་ཀླུ་མོ་བདུད་མོ་ལ།།
སྐྱབས་སུ་འཛིན་མཁན་དེང་དུས་མེད།།
ཤར་གྱི་ཉི་མ་སྤྲིན་གྱིས་བསྒྲིབས།།
ཕྱོགས་བཅུར་རྒྱུགས་ནས་ཀླན་ཀ་བརྩལ།།
ཁུག་ཁུག་ཡོད་ཚད་དྲི་མས་འགེངས།།
རྟ་ལུད་ལྟར་མཚུངས་ཅོལ་ཆུང་མཚར།།
འཇམ་པའི་ཐལ་བ་མིག་ལ་རྩུབ།
དབྱངས་ཀྱི་སྙན་པས་རྣ་བ་བསླུ།
ནོར་གྱིས་ཐམས་ཅད་འཁྲུལ་བར་བྱེད།
བུ་ཕྲུག་གཅེས་ལང་ཁྱིམ་གྱི་བྱུར།
ཐུབ་པའི་ལས་དེ་ཕྱག་གིས་བཞེས།
བསྟན་པའི་ལམ་དེ་གོམ་པས་འཇལ།
ལུང་གི་བཀའ་དེ་ཐུགས་ལ་བཏགས།
རིགས་པས་རལ་གྲི་ངར་གྱིས་འཕྱར།
མི་མཐུན་ལྟ་བ་བརྡར་བ་དམངས་ཀྱི་གཙོ།
བཤད་རེས་ཉན་རེས་ཤེས་ན་དོན་གྱི་གཙོ།
གཅིག་ཕན་གཅིག་གྲོགས་བྱུང་ན་ལས་ཀྱི་གཙོ།
གཙོ་བོ་རྣམ་གསུམ་རྣམ་ཀུན་རྒྱལ་གྱུར་ཅིག
ངས་ཆོས་ཚོགས་ཤིག་འཚོགས་ན་བསམས་སོང་སྟེ། དེ་རིང་གསར་འགྱུར་ནང་ཆོས་ཚོགས་ཤིག་མྱུར་ཏུ་སྐོང་རྒྱུ་ཡིན་པ་འདྲ། སོང་ཙང། ཆོས་ཚོགས་སྐབས་ཁ་སང་ཞུས་པ་བཞིན་མཚན་སྨོད་༼༧གོང་ས་མཆོག་དང་། ༧གོང་ས་མཆོག་གི་ནུབ་ཕྱོགས་པའི་གྲོགས་པོ་ཚོས་གྲྭ་བཙུན་རྣམས་ཀྱི་ཆེད་མ་གཏོགས། བོད་རིགས་ཡོངས་རྫོགས་ཀྱི་སྐོར་བཀའ་མོལ་གནང་གི་མེད་༽འདི་རིགས་ལ་བསམ་བློ་ཞིག་གཏོང་རྒྱུ་མེད་འགྲོ།
༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིགས་ལས་ཁུངས་ནས་གོ་སྒྲིག་ཐོག་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༤ ནས་ ༡༧ བར་ཉིན་གྲངས་བཞིའི་རིང་རྡ་སའི་ཉེ་འགྲམ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་རིས་སུ་མ་མཆིས་པའི་བོད་བརྒྱུད་ཆོས་ལུགས་ཆོས་བརྒྱུད་ཁག་གི་བཤད་སྒྲུབ་བསྟན་པ་གོང་འཕེལ་གཏོང་ཕྱོགས་ཀྱི་ལྷན་ཚོགས་ཤིག་ཚོགས་གཏན་འཁེལ་ཡོད་པ་དང་། དེར་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུ་དྲུང་བོན། རིས་མེད་དགོན་སྡེ་ཁག་གི་སྐུ་ཚབ་བཅས་མཉམ་བཞུགས་ཀྱིས་བཤད་གྲྭ་དང་སྒྲུབ་གྲྭ་ཡར་རྒྱས་གཏོང་ཕྱོགས་དང་། དེ་བཞིན་གཞུང་ཆེན་རེ་རེའི་ཐོག་རིགས་གཅིག་རྐང་འཛིན་ཡོང་བ་དང། དེ་བཞིན་འཇང་དགུན་ཆོས་སམ་རྩོད་གྲྭ་ཆེན་མོ་དང་རིས་མེད་སྨོན་ལམ་ཆེན་མོ་ཚུགས་ཕྱོགས། དགོན་སྡེ་ཁག་སོ་སོ་ནས་ན་གཞོན་སློབ་ཕྲུག་དང་ས་གནས་མི་མང་ལ་ནང་ཆོས་ངོ་སྤྲོད་གནང་ཕྱོགས། འདུལ་བའི་བསྟན་པ་ཡར་རྒྱས་གཏོང་ཕྱོགས་བཅས་ཀྱི་བརྗོད་གཞིའི་སྐོར་ལ་ལྷན་ཚོགས་གནང་རྒྱུ་ཡིན་འདུག
སྐུ་ངོས་ཐུབ་བསྟན་ལུང་རིགས་མཆོག་ལ་ཞུ་གསོལ།
བཙན་བྱོལ་སྤྱི་ཚོགས་རྐང་པ་བརྟན་པོར་བཙུགས་ཐུབ་པ་དེ་རྒྱལ་བ་རིན་པོ་ཆེའི་དྲིན་ལས་བྱུང་བ་ཞིག་ཏུ་བསམ་གྱི་ཡོད་ལ། མ་འོངས་པར་གོང་ས་མཆོག་ཞི་བར་གཤེགས་ཀྱང་བཙན་བྱོལ་སྤྱི་ཚོགས་འདི་བསྲ་བརྟན་ངང་གནས་ཐུབ་ཀྱི་རེད་བསམ་གྱི་འདུག ཡིན་ན་ཡང་ད་དུང་བཙན་བྱོལ་སྤྱི་ཚོགས་འདི་ད་དུང་ཡང་འབད་རྩོན་ཡར་རྒྱས་མ་གཏང་བ་ཡིན་ན་ཡོང་བ་མི་འདུག སྐུ་ངོས་མཆོག་གིས་བཙན་བྱོལ་སྤྱི་ཚོགས་འདི་མང་ཚོགས་ཆ་ཚང་བའི་དྲང་བདེན་གྱི་སྤྱི་ཚོགས་ཤིག་ཏུ་ལེགས་གྲུབ་ངང་བྱུང་ཚར་བ་འདྲ་པོ་ཞིག་གསུངས་འདུག ཡིན་ན་ཡང་ཞིབ་པར་རྟགས་ན་བཙན་བྱོལ་སྤྱི་ཚོགས་འདི་ད་དུང་ཡང་སྐུ་དྲག་རིང་ལུགས་ཀྱི་ཞན་ཆ་ཞིག་བསྡད་ཡོད་པ་མ་ཟད། ༼ སྨྲ་བརྗོད་རང་དབང་མེད་ཅིང་། ༽ གལ་སྲིད་སྨྲ་བརྗོད་རང་དབང་བེད་སྤྱོད་གནང་བ་ཡིན་ན་སྐུ་ངོས་ཁྱེད་རང་གིས་ད་ལྟའི་གསུང་འདི་ལས་དཔོགས་ནུས། ད་དུང་༼འདྲ་མཉམ་རང་དབང་མེད། ༽ དཔེར་མཚོན་ཙམ་ཞུ་ན་མི་དང་མིའི་བར་ལ་འདྲ་མཉམ་རང་དབང་མེད་ཅིང་། ཐ་ན་ལས་ཁུངས་ཤིག་ཏུ་སྐུ་ངོས་ཤིག་གི་སར་གནད་དོན་ཞིག་ཞུ་བར་འགྲོ་དགོས་ན། སྐུ་ངོས་དེའི་མདུན་དུ་པུས་མོ་གཙུགས་ནས་བསྡད་དགོས་འདུག དེ་ནི་ཉིས་སྟོང་བདུན་ལོའི་བལ་ཡུལ་ཆོས་འབྱོར་ས་གནས་རང་བཙན་ཚོགས་ཆུང་ནང་དུ་ངས་དངོས་སུ་མཐོང་བྱུང་། ༼ དྲང་བདེན། ༽ ད་དུང་ང་ཚོའི་བཙན་བྱོལ་སྤྱི་ཚོགས་འདིའི་ནང་དུ་དྲང་བདེན་མེད་ཅིང་། ལྐོག་ཟ་རུལ་བསུངས་ནི་གཞུང་ཞབས་པས་དངོས་སུ་གཞུང་དངུལ་སྒེར་སྤྱོད་གནང་བ་དེ་འདྲ་མང་པོ་འདུག་ལ། ངས་དེ་སྔོན་ཆོས་འབྱོར་ས་གནས་སུ་བོད་མིའི་དྭངས་བླངས་དཔྱ་དངུལ་ལག་དེབ་ཐོ་བཀོད་བྱས་ཀྱང་། རྩ་བ་ཉིད་ནས་ལག་པར་ཐོབ་མ་སོང་། དེའི་ཆེད་དུ་ངས་རང་བཙན་ཚོགས་ཆུང་ནང་དུ་ཐེངས་མ་ཉི་ཤུ་སུམ་ཅུམ་ཕྱིན་ཀྱང་ཕན་འབྲས་གང་ཡང་མ་བྱུང་། ༼ ཆིག་སྒྲིལ། ༽ ད་དུང་ཡང་ཆིག་སྒྲིལ་བྱུང་མེད་ཅིང་། གལ་སྲིད་དབུ་མའི་ལམ་གཅིག་པུ་བཤད་མཁན་ཞིག་ཡིན་ན་དེ་ནི་བོད་ཀྱི་རྩ་དོན་འཐབ་རྩོད་པ་ཞིག་ལས། རང་བཙན་གླེང་མཁན་ཞིག་ཡིན་ན་དེ་དགྲ་ནག་པོ་རྒྱ་མི་ལས་སྡུག་པའི་ལྟ་སྟངས་ཞིག་ཡོད་པ་བཙན་བྱོལ་སྤྱི་ཚོགས་ནང་དུ་གསལ་པོ་རེད་ལ། དེ་སྔོན་ཡང་མི་སྣ་གྲགས་ཅན་འགའ་ཞིག་བརྡ་སར་བསྡད་མ་ཕོས་པར་ཕྱི་རྒྱལ་དུ་འགྲོ་དགོས་པའི་གནས་དོན་ཡང་བྱུང་ཡོད་པ་འདྲ། འོན་ཀྱང་དེ་དག་ཚང་མ་རྒྱལ་བ་རིན་པོ་ཆེས་གནང་བ་མ་རེད་ལ། རྒྱལ་བ་རིན་པོ་ཆེས་ངན་བསྐུལ་བྱས་པ་ཞིག་ཀྱང་མ་རེད། དེ་དག་ནི་ཆོས་དང་སྲིད་གཉིས་ཇི་བཞིན་མི་ཤེས་པའི་གཞུང་ཞབས་པ་མི་སྣ་རེ་བཟུང་གི་ལོག་རྟོགས་ལས་བྱུང་བ་ཞིག་རེད། དེ་དག་ནི་ཚོར་སྣང་ཙམ་ཡིན།
ད་ནི་དཀྱུས་སུ་འགྲོ་བར་བྱ་སྟེ། དེ་ཡང་དང་པོ་ནི་དབུ་མ་དང་རང་བཙན་འཐབ་རྩོད་པ་གཉིས་ཀ་བོད་དོན་བསྒྲུབས་མཁན་ཞིག་ཡིན་པ་ཤེས་དགོས་ལ། དེ་ནས་བོད་དོན་བསྒྲུབས་ཕྱོགས་ཀྱི་ཐབས་ལམ་དང་། ཞི་བ་དང་དྲག་པོའི་མངོན་འདོད་གང་ཡིན་པ་མཁྱེན་དགོས། ང་ཚོས་རྒྱུན་དུ་འཛམ་གླིང་སྤྱིའི་ཐབས་བྱུས་ལ་བསམ་བློ་མ་བཏང་བར། བླ་སློབ་དང་། ཆོས་དད་རྐྱང་པའི་ངོས་ནས་བཤད་བསྡད་ན་འགྲིག་གི་མ་རེད། བོད་དོན་ཟེར་བ་དེ་མི་རིགས་སྒེར་པ་ཞིག་དང་མི་རིགས་སྒེར་པ་དེའི་རིགས་རྒྱུད་དང་། ཡུལ་སྲོལ་གོམས་གཤིས་སྐད་ཡིག་སོགས་ཀྱི་གནད་དོན་རེད་མ་གཏོགས། བོད་པའི་ཆོས་གཅིག་པུའི་ཆེད་དུ་མ་རེད། གལ་སྲིད་བོད་པའི་ཆོས་གཅིག་པུའི་ཆེད་དུ་ཡིན་ན། ད་ལྟའི་བོད་པའི་ནང་དུ་ཡོད་པའི་ནང་ཆོས་དེ་དག་འཛམ་གླིང་སྤྱི་སྐད་འདྲ་བའི་དབྱིན་རྒྱ་གཉིིས་ཀྱི་སྟེང་དུ་བསྒྱུར་ནས་ཞོག་དང་ཏག་ཏག་རེད་པ། དེ་འདྲ་སོང་ཙང་དུས་དང་སྐབས་ལ་མཚམས་པའི་གཏམ་བཤད་དེ་དུས་དེ་ཉིད་དུ་གང་ཕན་ལ་བསམ་བློ་བཏང་དགོས། དེ་མིན་ཡུལ་དུས་ལ་ཆ་མཚོན་ན་བོད་མཐོ་སྒང་གི་ཡུལ་སྲོལ་གོམས་གཤིས་བོད་ཇ་བསྲུབ་མ་རྒྱུན་གཏན་འཐུང་རྒྱུ་དེ་ཡིན་གཅིག་རྒྱ་གར་ཚ་བའི་ནང་དུ་སྤྱོད་ཅེས་བཤད་ན་མི་འགྲིག་པ་ཞིག་དང་མཚུངས། དེ་ག་ནང་བཞིན་སྐབས་ལ་ཆ་མཚོན་ན་ཁ་ས་ཚ་བའི་སྨན་དེ་དེ་རིང་གྲང་བའི་ནད་ལ་མི་འཁོ་བ་དེ་འདྲ་ཡོང་སྲིད་པས་ང་ཚོས་ངེས་པར་དུ་དུས་སྐབས་ལ་བསམ་བློ་གཏོང་དགོས། རང་བཙན་མངོན་འདོད་པ་ཞིག་གིས་བཤད་པའི་གཏམ་དེ་རང་བཙན་རྩོད་ལེན་པ་མ་ཞིག་པ་ཞིག་གི་སྣང་ངོར་དེ་མི་འཐད་པ་དང་། མི་འགྲིག་པ། སྐྱོན་ཅན་ཞིག་ཏུ་མཐོང་སྲིད། དེ་ག་ནང་བཞིན་རང་བཙན་རྩོད་ལེན་པ་ཞིག་གིས་ངོས་ནས་རང་ཉིད་ཀྱི་རང་དབང་དེ་མི་ལ་འཇོག་པའི་ཐབས་ལམ་ལ་མི་འདོད་པ་ཞིག་དང་། མི་འགྲིག་པ། སྐྱོན་ཅན་ཞིག་ཏུ་མཐོང་སྲིད། གང་ལྟར་ང་ཚོའི་འཐབ་ལམ་འདི་སྣ་མང་ལམ་ནས་འབད་རྩོན་བྱེད་དགོས་ལ། ཕན་ཚུན་བསམ་ཤེས་དང་། རྒྱབ་སྐྱོར་ལས། གཅིག་མགོ་གཅིག་མནོན་ནམ་ཡང་མི་གནང་བའི་འབོད་སྐུལ་ཡོད་ལ། ངས་བཤད་འདོད་པ་དེ་ནི་འཇམས་དབྱངས་ནོར་བུའི་སྒེར་ངོས་ནས་རྒྱལ་བ་རིན་པོ་ཆེར་འཁོན་འཛིན་ཡོད་སྲིད་ཀྱི་མ་རེད་ལ། དེ་ལས་ཟློག་ཏེ་འཇམ་དབྱངས་ནོར་བུའི་སེམས་ནང་དུ་རྒྱལ་བ་རིན་པོ་ཆེ་ལ་བོད་མི་སྤྱི་དང་འདྲ་བའི་དད་པ་ཞིག་ཡོད་སྲིད། ཡིན་ན་ཡང་ཁོང་སྒེར་ངོས་དོར་ནས་བོད་པ་སྤྱིའི་རང་དབང་འཐབ་རྩོད་ཀྱི་དོན་དུ་དབུ་ལམ་དང་རང་བཙན་གཉིས་ཀྱི་ཐད་ལ་ཅུང་མི་མཐུན་པ་ཡོད་སྲིད།
གལ་སྲིད་ནོར་ཡོད་ན་སྐུ་ངོས་མཆོག་དགོངས་པ་དྭངས་པའི་འབོད་སྐུལ་ཡོད།
བཤད་ས་འདུག་བསམ་ནས་བཤད་རྐྱང་མ་ཡིན་པར་རང་གིས་གང་བྱས་ལ་བསམ་བློ་གཏོང་རོགས།
སྐད་ཆ་འདི་དག་གིས་བོད་མི་རིགས་ལ་ཕན་པ་སྐར་མ་གཅིག་ཀྱང་མེད།
དགོས་པ་ནི་རང་ཉིད་ཀྱི་མདུན་ལ་ལྷག་པའི་ལས་འགན་དེ་དག་ལེགས་སྒྲུད་ར་བྱེད་རོགས།
གད་དྲན་དྲན་བཤད་རྒྱུ་མང་དྲག་ན་ཡག་པོ་རང་མེད།
སེར་རྟ་ཚུལ་ཁྲིམས་ཟེར་བ་དེ་ཡང་ཁ་ལ་བདག་པོ་མེད་པའི་མི་ཞིག་རེད་འདུག
རང་གི་བསམ་ཚུལ་ཁྱེར་ནས་དངོས་ཡིན་མདོག་མ་བྱས་པར་དོན་དངོས་མི་དམངས་ཀྱིས་ཁྱེད་ཚོ་ལ་བཅོལ་བའི་རེ་བ་དེ་སྟོང་ཟད་དུ་མི་འགྲོ་བ་གནང་རོགས།
མི་སུ་ཞིག་ཡིན་རུང་རང་གི་བསམ་ཚུལ་བརྗོོད་པའི་རང་དབང་ཡོད་པ་རེད་མོད།
མ་བཤད་གོང་ལ་མི་རང་ངོས་ནས་བསམ་བློ་གཏོང་དགོས།
ད་ལྟའི་དུས་འདིར་བོད་མི་སུ་ཞིག་ཡིན་རུང་སྐད་ཆ་ཚིག་གཅིག་བཤད་པ་ལ་ཡང་བོད་མི་རིགས་ལ་ཕན་པ་ཡོད་མེད་ལྟ་དགོས་པའི་དུས་ལ་བབ་ཡོད།
བོད་མི་དམངས་ཀྱིས་ཁྱེད་ཚོས་གཙོས་པའི་ང་ཚོ་བཙན་བྱོལ་བ་ཡོངས་ལ་རེ་བ་ཆེན་པོ་ཞིག་བཅོལ་ནས་ཡོད་པ་རེད།
ང་ཚོས་འདི་ནས་འཐེན་ཁྱེར་གྱི་བསམ་བློ་འདྲ་བཏང་ནས་བཞུགས་ན་མི་འགྲིག
འཇམ་དབྱངས་ནོར་བུ་ལགས་ཀྱིས་རང་གི་ནུས་པས་གང་ཐུབ་ཀྱི་ལས་དོན་བྱེད་བཞྀན་ཡོད་པ་རེད།
དེ་ལ་མིག་ཚ་དགོས་དོན་གང་ཡང་མེད།
ཁྱེད་ཚོ་ཡང་བོད་མི་དམངས་ཀྱི་འགོ་ཁྲིད་ཡིན་པས་རང་ཉིད་ཀྱི་ལས་དོན་གཙོ་བོར་འཛིན་དགོས་ངེས་རེད།
མཆན་པ་ཁ་ཤས་ཀྱིས་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་འཛིན་པ་འདྲ་ནའང་དེ་ལུགས་གླེང་དགོས་དོན་མི་འདུག གཅེན་པོ་ལགས་ནས། འཇམ་དབྱངས་ནོར་བུ་ལགས་ཀྱི་བཤད་པའི་ཚིག་སྒྲུག་ནས་སླེབས་འདུག་ཟེར་གྱི་ཡོད་ན། ཁོང་གི་རྩོམ་གྱིས་བསྟན་པའི་གཞུང་དང་དེའི་བྱེ་བྲག་གོང་གི་མ་རྩོམ་ནང་ལུང་དྲངས་པ་གཉིས་ཀ་ཏག་ཏག་བསྡད་ཡོད་མེད་དགག་སྒྲུབ་གནང་རོགས།། ༧གོང་ས་མཆོག་གི་བཀའ་སློབ་དེའི་སྙིང་དོན་ཚིག་བྲེས་གཏུབ་ཀྱིས་བརྗོད་དོན་ངོ་མ་བོར་བའམ་གོ་བརྡ་མ་སྤྲད་པ་ལ་དགོངས་ཡོད། ཁྱེད་ཀྱིས་དེ་བཞིན་གསུང་གི་ཡོད་ན། ད་འོ་ན་འཇམ་ནོར་གྱི་རྩོམ་ལས་དྲངས་པའི་དགག་སྒྲུབ་བྱས་པའི་དུམ་བུ་དེ་ཚོ་གོ་བ་ལེན་ཕྱོགས་འགྲིག་མེད་པའམ། འཇམ་ནོར་གྱིས་གང་བཤད་པ་གོ་མེད་པའི་རིགས་གང་དང་གང་ཡོད་མེད་གསལ་འགྲེལ་གནང་རོགས།། དེ་ལྟར་བྱས་ན་སློབ་སྦྱོང་ཅན་གྱི་བྱེད་སྟངས་རེད། ངས་ནི་འགལ་འདུ་མཐོང་མ་སོང། ཡ་ད་ཕེབས་ཤོག།།
བུ་རྒོད་པོས་འདིས་མཆན་གནད་ལ་འཁེལ་བ་སྐྱོན་འདུག ༼བཙན་ནག་པས།
མི་རིགས་ཀྱི་ལ་རྒྱ་ཡོད་མཁན་ཞིག་ཡིན་ན་མདུང་རྩེ་ནང་ལ་མ་བལྟད་རོགས། དགྲ་བོ་ག་བར་ལ་ཡོད་མཁྱེན་པ་གནང་དགོས། ང་ཚོ་ཆབ་སྲིད་སྐྱབས་བཅོལ་བ་ཞིག་ཡིན་བསམ་པ་ཡོད་ན་བོད་རང་བཙན་ཀྱི་ལྟ་བ་བཟུང་བར་དགག་པ་མ་རྒྱགས་རོགས། ད་ལྟའི་རྒྱ་གཞུང་གི་འཁྲེགས་འཛིན་གྱི་སྲིད་ཇུས་འདི་ལ་གཞིས་ཏེ་བོད་ལ་ཕན་པའི་ལས་འགུལ་ག་འདྲ་ཞིག་ཡིན་ཀྱང་ངེས་པར་སྤེལ་དགོས་པ་ལས་ནང་ཁུལ་དགག་ལན་རྒྱགས་རྒྱའི་དགོས་པ་མིན་འདུག གཞོན་ནུ་ཚོགས་པས་བོད་ལ་ཕན་སེམས་བཅངས་ཤིང་ཡོད་པ་མ་ཟད་བོད་ཀྱི་མཁས་དབང་སོགས་བོད་པ་ཚང་མས་བོད་པ་ཕན་ཐབས་མཛད་བཞིན་ཡོད། འོན་ཀྱང་ངེད་ཀྱི་བོད་པར་ཕན་ཐབས་མཛད་བཞིན་ཡོད་ཁྱེད་ཀྱིས་བོད་པར་ཕན་ཐབས་མཛད་མི་དགོས་སུ་གང་གི་བཤད་ཐུབ་ཀྱི་མེད་ལགས། ངེད་ཀྱིས་བྱས་པ་འདིས་ཕན་ལགས་ཁྱེད་བྱས་པ་འདིས་མི་ཕན་ནོ་བཞེས་སུ་གང་གི་བཤད་ཐུབ་ཀྱིས་མ་རེད། དུས་རབ་ཉག་ཕྲན་འདི་འདྲའི་སྐབས་སུ་ནང་ཁུལ་མཐུན་ལམ་བྱེད་རྒྱ་དང་བློ་རྒྱ་ཆེན་པོ་དགོས་པ་ལས་སྐབས་འཚོལ་བའི་ལས་ཀ་མ་གནང་རོགས་ཞུ།།༽
དེ་ག་རང་རེད། གལ་སྲིད་འཇམ་དབྱངས་ནོར་བུ་ལ་སྐྱོན་འཇུགས་ཤིག་བྱེད་དགོས་ཡོད་ན། སྐད་ཆ་ཚིག་རེ་གཉིས་ཀྱིས་ལུང་འདྲེན་མ་གནང་བར་། རྩོམ་ཡིག་གཅིག་མགོ་ནས་མཇུག་བར་བཀོད་ནས་སྐྱོན་འཛུགས་བྱོས་དང་། དེ་མིན་༧གོང་ས་མཆོག་གིས་དེ་སྔོན་འདི་འདྲ་ཞིག་གསུངས་འདུག ཁྱེད་རང་ཚོ་གལ་སྲིད་རྒྱ་མི་ལ་ལན་བསྐྱལ་དགོས་ཡོད་ན། ངའི་སྐད་ཆ་ཚིག་སྒྲུག་བརྒྱབ་ནས་ལན་མ་བསྐྱལ་བར། ཆ་ཚང་ལན་བསྐྱལ་དགོས་ཅེས་གསུངས་འདུག དེ་དང་འདྲ་བར་འཇམ་དབྱངས་ནོར་བུའི་སྐད་ཆ་ཚིག་རེ་བཟུང་ཚིག་བསྒྲུགས་བརྒྱབ་ནས་བོད་པ་དང་བོད་པའི་བར། ༧རྒྱལ་བ་རིན་པོ་ཆེ་དང་འཇམ་དབྱངས་ནོར་བུའི་བར་སོགས་ལ་དབྱེན་སྦྱོར་དཀྲུགས་ཤིང་ནམ་ཡང་མ་སྐྱོན་ན་ལེགས། དབུ་མའི་ལམ་ཡིན་ནའང་བོད་མི་རིགས་ཀྱི་ཆེད་དུ་རེད་ལ། རང་བཙན་ཡིན་ནའང་བོད་མི་རིགས་ཀྱི་ཆེད་དུ་རེད། གཞིས་བཞུགས་བོད་པའི་མངོན་འདོད་གཙོ་བོ་དེ་ཡང་རང་བཙན་གྱི་ཆེད་དུ་སྐུ་ལུས་མེར་བསྲེགས་གཏོང་གི་ཡོད་པ་རེད་མ་ཏོགས། དེ་མིན་རྒྱ་འོག་ལ་བསྡད་འདོད་ཡོད་ན་མེར་བསྲེགས་གཏོང་དགོས་དོན་གང་ཡང་མི་འདུག དེ་དོན་བསོམས། དེ་དོན་བསྒོམས།
ཆུ་བཞི་སྒང་དྲུག་འདི་རྙོག་དྲ་ཆེན་པོ་རེད། ཤར་ཁུག་གི་དྲི་བ་དེ་འཇིགས་བྲལ་ལ་ཡིན་རྒྱུ་རེད་པཱ། ད་དུང་མཆན་དེ་ཚ་དྲག་འདུག
དེ་རིང་ཐུབ་བསྟན་ལུང་རིགས་ནས་འཇམ་ནོའི་རྩོམ་ཡིག་ལ་དཔྱད་པ་དེ་དོན་དངོས་དང་འཚམ་པོ་བྱུང་མི་འདུག གནས་ལུགས་དང་རྒྱུ་མཚན་ཡོད་མེད་གཙོ་བོ་མ་བཟུང་བ་ཁོང་གི་བྱེད་སྟངས་མང་པོ་ཞིག་འོས་འཚམ་མེད་པ་མང་པོ་འདུག འཇམ་ནོར་ལགས་ཀྱི་རང་བཙན་ལྟ་བ་བཟུང་བ་དེ་༧གོང་ས་མཆོག་ལ་གུས་བརྩི་མ་པའི་སྒྲུབ་བྱེད་དུ་བགྲང་མི་རུང་ལ་ཁོང་གི་རྩོམ་ཡིག་དང་གཏམ་བཤད་ནང་ཚིག་ནོར་བ་རེ་གཉིས་ཤིག་གི་ཁོང་ལ་རྣམ་དཔྱོད་མེད་པ་དང་མི་རིགས་ཀྱི་ལ་རྒྱ་མེད་པ་དེ་བས་མཚན་མི་ཐུབ། དེས་ན་རང་བཙན་ལྟ་བ་མཁྱེར་མཁན་ཞིག་ཡིན་ན་དེ་སྔོན་ཆོས་ལུགས་ཐོག་བྱུང་བའི་ལོ་རྒྱུས་ནང་དོ་རྒྱལ་བསྟན་དང་འབྲེལ་བ་མི་བྱེད་པའི་ལས་འགུལ་ལྟར་བུ་ཞིག་འདི་ལོ་སྲིད་དོན་ཐོག་བེད་སྤྱོད་བྱེད་འདོད་ཡོད་པ་ཡིན་ནམ་བཞིན་བཙན་བྱོལ་བའི་ཆིལ་སྒྲིག་ལ་བསྐྱར་ཏུ་སྲིད་སྐྱོང་གི་ཁ་དབྱངས་ལ་ཐུབ་རིགས་ཀྱི་གྲོས་ཚོགས་ནང་སྐྱོན་འཛུགས་འཚོལ་བ་བཞིན་འདི་ཡང་དེའི་ཡན་ལག་ཞིག་མིན་ནམ་དོགས
མདོ་སྟོད་པ་ཞིག་ཡིན་ན་”མདོ་ཁམས་ཆུ་བཞི་སྒང་དྲུག་”ཟེར་བའི་”1སྒྲིག་གཞི་ལྟར་བོད་སྤྱིའི་རྩ་དོན་ལ་འཇུག་དགོས་པ་རེད་དམ།
མཆན། 1
༼ དེ་སྔ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཁྱབ་ཁོངས་དཔའ་བོ་མང་དག་ཅིག་གིས་བོད་བསྟན་སྲིད་ཆེད་རང་སྲོག་བློས་བཏང་བའི་སྒྲིག་འཛུགས་བསྟན་སྲིད་དང་བླངས་དམག་བཙུགས་པ། ཕྱིས་སུ་ཡུལ་སྡེ་དེ་དག་སྟེ་མདོ་ཁམས་སྟོད་སྨད་གཉིས་ཀྱི་དཔའ་བོ་དེ་དག་གིས་བཙན་བྱོལ་ནང་སྒྲིག་འཛུགས་དེ་མུ་མཐུད་རྒྱུན་བསྐྱངས་ནཡང། བར་སྐབས་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་ཡོངས་ཀྱི་ལོ་རྒྱུས་དང་ཚབ་མཚོན་ཐུབ་པའི་སྒྲིག་འཛུགས་ཀྱི་རྣམ་པར་འགྱུར་བ་ཐེབས་ནས། དེང་སང་མདོ་ཁམས་སྟོད་དམ་མདོ་སྟོད་ཀྱི་མི་ཉུང་ཤས་ཤིག་གིས་སྒྲིག་འཛུགས་འདི་མུ་མཐུད་བཞིན་ཡོད། ད་ལྟའི་གནས་བབ་འདི་ལ་མདོ་ཁམས་སྟོད་སྨད་གཉིས་སམ་ཆུ་བཞི་དང་སྒང་དྲུག་གི་ཁྱབ་ཡུལ་ཡོངས་ཀྱི་ངོ་ཚབ་མཚོན་པའི་གནས་བབ་མེད་པ་གསལ་བོ་ཡིན་སྟབས་ཁོ་བོས་”ཟེར་བ་”ཞེས་པའི་ཚིག་འདི་སྦྱར་བ་ཡིན། ཡང་སྐབས་རེ་འགར་མདོ་སྟོད་ཆུ་བཞི་སྒང་དྲུག་ཟེར་བའི་མིང་བེད་སྤྱོད་རྒྱ་ཁྱབ་དུ་འགྲོ་གང་ཐབས་བྱེད་པ་སོགས་ལའང་ཁུངས་ལུང་ཅི་ཡང་ཡོད་པ་མ་རེད། མཁས་པ་རྣམས་ཀྱི་སྤྱོད་བྱ་མིན་ཡང། དྲན་སྐུལ་ལྟ་བུར། ༽
ཤར་ཁུག་གིས་ཆོས་ལུགས་ཀྱི་བླ་ཆེན་རྣམས་ཚོགས་འདུ་བསྡུས་ཏེ་བོད་དང་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཀྱི་ལས་དབང་ཐག་གཅོད་བྱེད་དགོས་པ་བཤད་པ་ནི་ཆོས་སྲིད་ཉ་ཉུང་མཉམ་བསྲེས་མུ་མཐུད་རྒྱུན་འཛིན་དང་། སྐུ་དྲག་དང་བླ་ཆེན་དབང་བསྒྱུར་ལམ་ལུགས་ཡང་བསྐྱར་དབུ་འཛུགས་གནང་རྒྱུའི་ཇུས་གཞི་ཞིག་དང་དོན་དངོས་ཀྱི་༧རྒྱལ་བའི་དགོངས་གཞི་ཡང་དག་པའི་དམངས་གཙོའི་ལམ་ལུགས་ལ་བསྒྱུར་བཅོས་བྱེད་པའི་ཇུས་ངན་ཞིག་མིན་ན་ཅི་རེད། དེས་ན་༧གོང་ས་མཆོག་ཆབ་སྲིད་ཀྱི་ཐུགས་འགན་བགྲེས་ཡོལ་ལ་ཕེབས་ཟིན་པའི་སྔ་རྗེས་ཀྱི་གསུང་བཤད་ལས་གསལ་པོར་རྟོགས་ཐུབ།
ལར་ནས་གུང་ཁྲན་གྱིས་རྟག་ཏུ་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱགས་ཆེད་རེད་བཤད་པ་དེ་དོན་ལ་གནས་པ་མ་རེད་པས།
དེ་ནས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ཁོང་དགའ་ཤར་ནས་སྤྱི་མཐུས་ཀྱི་གར་སྟེགས་སུ་ཕེབས་པའི་བླར་རྒན་དེ་ཡིན་ན་ཁོང་ནི་ཆབ་སྲིད་རིག་པའི་གཞུང་ལུགས་ནང་གི་ཤེས་རྒྱ་སྒོར་ཐིག་ཅན་དེ་རེད་ལ། ཆབ་སྲིད་རང་བཞིན་གྱི་གནས་ལུགས་ལས་གཡོལ་ཏེས་ལོ་མང་ཆོས་ལུགས་ལྟ་གྲུབ་ལ་སྦྱངས་པའི་རང་ལྟ་མཆོག་འཛིན་དང་གཞན་ལྟ་འབུར་བཅོམས་ཀྱི་ལམ་ལུགས་ལ་གོམས་པ་དང་སེམས་འཚོར་གྱི་དད་པ་རྐྱང་པ་ཞིག་དྲུད་ནས་སྤྱི་ཚོགས་རང་བཞིན་གྱི་ཆབ་སྲིད་ལྟ་གྲུབ་མཐུན་མིན་གྱི་གླེང་རྙོག་ནང་འཁྱེར་བ་ཞིག་ལས། དམངས་གཙོའི་ལམ་ལུགས་ཀྱི་ཆབ་སྲིད་དཔྱད་པ་ཡང་དག་གིས་གནས་ལུགས་རང་བཞིན་ལྡན་པའི་གཏམ་ཞིག་མ་རེད་འདོད།
གཙང་ཞོལ་བདེ་གསལ་ལགས་ནས།
མདོ་སྟོད་ཀྱི་མི་༣༠༠ལྷག་གིས་ཧུང་སུར་ཚོགས་འདུ་བསྡུས་ཏེ། ཆོལ་ཁ་ཞིག་གི་མིང་ཐོག་ནས་རང་བཙན་འཐབ་རྩོད་ལ་དགག་བྱ་བྱས་ན་འགྲིག་གི་འདུག་དང་མི་འདུག ? ཞེས་བྲིས་འདུག
༡ ད་ལན་ཧུན་སུར་ཁུལ་དུ་ཚོགས་པའི་ཚོགས་འདུ་དེར་ཞུགས་མཁན་སུ་གང་གིས་༼མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་གཞི་༽ རྩ་བ་ནས་ཀློག་མྱོང་མེད་པ་འདྲ་པོ་འདུག ཆུ་སྒང་སྒྲིག་གཞིའི་རྩ་བའི་དམིགས་ཡུལ་དོན་ཚན་ཁག་འགའ་ཞིག་གསལ་པོ་བྲིས་ཡོད་པ་གང་གི་ནང་ན་རང་བཙན་བྱེད་དགོས་པ་དང་། ཡང་ན་དབུ་མ་བྱེད་དགོས་པའི་འཐེན་འཁྱེར་གྱི་ཚིག་གང་ཡང་འཁོད་ཡོད་མ་རེད། བྱས་ཙང་གཞི་རྩ་མེད་པའི་འུད་སྒྲོག་འདི་འདྲ་བྱེད་ཡག་གི་རྒྱུ་མཚན་གང་ཡིན་ནམ་བསམ་བཞིན་ཡོད།
བཀུར་འོས་སྐུ་ངོས་བཀའ་ཟུར་མཆོག་གིས་འདི་ལྟར་སྤྱི་ཚོགས་ཀྱི་འགན་ཁུར་ཏེ། གནད་ལ་ཁེལ་བའི་གསལ་བཤད་གནང་འདུག་པར་སྙིང་ནས་བཀའ་དྲིན་དཔག་མེད་ཆེ་ཞུ་བཞིན་ཡོད།
སྐུ་ངོ་མཆོག་གིས་རྩོམ་ཡིག་ནང་ “རང་གི་འདོད་བློ་མ་ཁེངས་པའི་འཁང་ར་དམངས་གཙོའི་སྨྲ་བརྗོད་རང་དབང་དུ་བསྙད་དེ་༧གོང་ས་མཆོག་སྐུ་སྒེར་དང་ཁོང་གི་མཛད་བྱུས་གཉིས་ཀར་སྐྱོན་བརྗོད་དང་། ཟུར་ཟ། མཚན་སྨོད་བཅས་ཞུ་མཁན་ཆེས་ཉུང་ཤས་ཤིག་ཡོད་པའི་ནང་ནས་རྩོམ་པ་པོ་གྲགས་ཅན་འཇམ་དབྱངས་ནོར་བུ་ལགས་ནི་འདས་པའི་ལོ་ངོ་ ༣༠ཡས་མས་ཀྱི་རིང་༧གོང་ས་མཆོག་དང་ཁོང་གི་མཛད་བྱུས་གཉིས་ཀར་སྐྱོན་བརྗོད་མུ་མཐུད་གནང་མཁན་ཞིག་ཡིན་པ་དང་། །”
ཞེས་གསུངས་འདུག་ཀྱང་༸གོང་ས་སྐྱབས་མགོན་རྒྱལ་དབང་ཡིད་བཞིན་ནོར་བུའི་འཛད་འཕྲིན་གྱིས་འཇམ་ནོར་གྱི་འདོད་བློ་བརྒྱ་ཆ་བརྒྱ་ཁེངས་ཡོད་པ་ལས། མ་ཁེངས་པའི་ཆ་རྩ་བ་ནས་ཡོད་པ་མ་རེད།
འོ་ན་ཅིའི་ཕྱིར་སྐུར་འདེབས་ཞུས་སམ་ཞེ་ན། མི་འདིའི་རིགས་ཀྱིས་རང་ཉིད་ལ་མིང་གྲགས་དོན་དུ་གཉེར་བཞིན་ཡོད་ཀྱང་། རང་ངོ་ན་ཤེས་འཇོན་སོགས་མིང་གྲགས་ཐོབ་བྱེད་ཅི་ཡང་མེད་པ་དང་གཅིག ༸གོང་ས་༸སྐྱབས་མགོན་ཆེན་པོའི་ཤེས་འཇོན་དང་རླབས་ཆེན་གྱི་མཛད་རྗེས། མཚན་སྙན་སོགས་ཀྱིས་རང་གི་ཡིད་དབང་འཕྲོག་པ་གཉིས་ཚོགས་ལ་བརྟེན། ༸གོང་ས་མཆོག་ལ་སྒྲོ་འདོགས་དང་སྐུར་འདེབས་སོགས་འདྲ་མིན་ཞུས་ཏེ་རང་ཉིད་ལ་༸གོང་ས་མཆོག་ལས་ཁྱད་དུ་འཕགས་པའི་ཤེས་འཇོན་ཁྱད་པར་བ་ཞིག་ཡོད་ཁུལ་གྱིས རྣམ་འགྱུར་རྫུན་མས་མང་ཚོགས་མགོ་སྐོར་གཏོང་ཞོར་དུ་རང་ཉིད་ལ་མིང་གྲགས་སྒྲུབ་བཞིན་པ་ཙམ་རེད།
བོད་མི་རེ་ཟུང་གིས་ཨུ་ཐུག་པའི་བྱ་ངན་འདི་ལྟར་སྤེལ་བཞིན་པའི་གནས་ཚུལ་དེང་སྐབས་ཕྱི་རྒྱལ་མང་ཚོགས་ཀྱིས་ཀྱང་ཤེས་རྟོགས་རྒྱ་ཇེ་ཆེར་འགྲོ་བཞིན་འདུག་པ། དཔེར་ན་འདི་ལོའི་ཕྱི་ཟླ་༣པའི་ནང་ཕྲན་རྡ་རམ་ས་ལར་ཡོང་སྐབས་ཡོ་རོབས་ནས་ཡོང་བའི་ཕྱི་རྒྱལ་གྱི་ན་གཞོན་ཁག་གཅིག་གིས་ཀྱང་དེང་སང་བོད་པའི་སྤྱི་ཚོགས་ནང་རང་ངོ་ན་མིང་གྲགས་འབྱུང་བྱེད་ཀྱི་ཤེས་འཇོན་མེད་པར། ༸གོང་ས་མཆོག་ལ་སྒྲོ་སྐུར་ཞུས་ཏེ། རང་ལ་དེ་ལས་ལྷག་གི་རྣམ་དཔྱོད་ཡོད་མདོག་སྟོན་མཁན་གྱི་མི་རྫུན་མ་རེ་ཟུང་འདུག་ཅེས་འགྲེལ་བཤད་གནང་བྱུང་།
དེ་བཞིན་འཇམ་ནོར་གྱིས་བཤད་པ་དེ་དག་སྐྱོན་བརྗོད་མ་རེད། གལ་ཏེ་སྐྱོན་བརྗོད་ཡིན་ན་སྐྱོན་ཐོག་ལ་མཛུབ་མོ་བཙུག་སྟེ། གཟུར་གནས་རྣམ་དཔྱོད་ལྡན་པ་སུས་བལྟས་ཀྱང་དངོས་གནས་བདེན་པ་རེད་སྙམ་པ་ཞིག་ཡིན་དགོས་ཀྱང་། གོང་དུ་འཇམ་ནོར་གྱིས་བཤད་པ་འདི་དག་བདེན་རྫུན་གཉིས་ལས་རྫུན་པ་ཆགས་ཏེ། སྐུ་ངོས་བཀའ་ཟུར་མཆོག་གིས་རྫུན་རྐུབ་བསྟོར་འདུག་པ་དེ་རེད།
འོ་ན་གོང་དུ་འཇམ་ནོར་གྱིས་བཤད་པ་དེ་དག་སྐྱོན་བརྗོད་མིན་ན་ག་རེ་རེད་དམ། ཞེ་ན་དེ་ནི་ཡོད་པ་ལ་མེད་པར་དང་། ཡིན་པ་ལ་མ་ཡིན་པར་སྐུར་བ་བཏབ། མེད་པ་ཡོད་པར་དང་། མིན་པ་ལ་ཡིན་པར་སྒྲོ་བཏགས་པའི་སྒྲོ་འདོགས་དང་སྐུར་འདེབས་ཞེས་པ་དེ་རེད།
སྒྲོ་འདོགས་དང་སྐུར་འདེབས་ཞུས་ཏེ། མི་བདེན་རྫུན་བསྒྲིགས་བྱས་པར་བརྟེན་ཁོས་བྲིས་པ་དེ་དག་རང་བཞིན་གྱིས་ལོག་རྩོམ་མམ། ལོག་བཤད་ཆགས་པ་རེད།
རྒྱུ་མཚན་དེ་ལ་བརྟེན་ཁོ་ལ་རྩོམ་པ་པོ་གྲགས་ཅན་ཞེས་པའི་མིང་འདི་རྩ་བ་ནས་ཡོང་ཐབས་མེད་པ་རེད། སྒྲོ་འདོགས་དང་སྐུར་འདེབས་ཀྱིས་མི་བདེན་རྫུན་བསྒྲིགས་ཀྱི་ཡི་གེ་འབྲི་མཁན་ཞིག་རྩོམ་པ་པོ་གྲགས་ཅན་ཞིག་ག་འདྲ་ཆགས་རྒྱུ་རེད་དམ།
འཇམ་དབྱངས་ནོར་བུ་ནི།
འཇམ་དཔལ་དབྱངས་ཀྱིས་སྐྱབས་མ་ཐུབ། །
དབྱངས་ཅན་ལྷ་མོ་ཐུགས་ཕམ་ནས། །
ནོར་བུ་རྡོ་རུ་ལུས་པ་དེ། །
བུ་ཁྱོད་ཁྱོད་ཀྱི་རྣམ་ཐར་རོ། །
སྐུ་ངོ་ལགས་ཀྱི་གསུང་རྩོམ་འདིར་མགོ་ནང་ལ་གུག་ནས་ལགས་སོ་ཞུ། སྐུ་ངོ་ཚོས་ཀྱང་འདི་འདྲའི་རྩོམ་ཡིགརིན་ཐང་ཅན་རེ་སྤེལ་ན་དགའ་བསུ་ཡོད།
ད་མང་པོ་བཤད་ཡ་མི་འདུག
དགའ་ལྡན་ཁྲི་པ། ས་སྐྱ་གོང་མ་རིན་པོ་ཆེ། རྒྱལ་བ་ཀརྨ་པ། འབྲི་གུང་ཆེ་ཚང་རིན་པོ་ཆེ། སྟག་ལུང་ཞབས་དྲུང་རིན་པོ་ཆེ། རྙིང་མའི་དབུ་འཛིན་རིན་པོ་ཆེ། འབྲུག་ཆེན་རིན་པོ་ཆེ། ཤར་བྱང་གི་ཆོས་རྗེ་རྣམ་གཉིས། ཟམ་གདོང་རིན་པོ་ཆེ། གདན་ས་གསུམ་དང་རྒྱུད་གྲྭ་སྟོད་སྨད་ཀྱི་མཁན་ལས་སྣེ་རྣམས་དང་དགེ་བཙུན་འདུས་དམངས་ཡོངས་ནས་དགོངས་པ་བཞེས་དགོས་པ་གཅིག་རྡོག་རྡོག་གྱིས་ཞུས་པ་ཡིན་ན།
འཇམ་དབྱངས་ནོར་བུ་ལགས་དང་ཁོང་དང་འདྲ་བ་དག་གིས་རྒྱལ་བ་རིན་པོ་ཆེས་སངས་རྒྱས་པའི་ཆོས་སྲོག་ཤིང་དུ་བཟུང་སྟེ་བོད་མི་རིགས་ཀྱི་འཐབ་རྩོད་བྱེད་པ་འདི་ནོར་བ་རེད་ཟེར་གྱི་ཡོད་པ་རེད། ནང་ཆོས་གཙོས་ཆོས་ལུགས་རྣམས་དེ་ཙམ་གཙོ་བོར་འདོད་ཀྱི་ཡོད་པ་མ་རེད། སོང་ཙང། གནད་འགག་འདི་ཐག་གཅོད་བྱས་ན་ཡག་པོ་ཡོད་པ་རེད། བོད་དོན་ནི་སངས་རྒྱས་བསྟན་དོན་འབྲེལ་བའི་རང་དབང་འཐབ་རྩོད་ཅིག་ཡིན་པ་དེ་༧གོང་ས་མཆོག་གིས་གསུངས་ཀྱི་ཡོད་པ་རེད། རྒྱུ་མཚན་དེས་མ་འོངས་པའི་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་སྲོག་ཤིང་དང་དམིགས་ཡུལ། ཐབས་ལམ་ད་མུས་བཞིན་འགྲོ་གི་ཡིན་ནམ། ཡང་ན་འགྱུར་བ་གཏོང་གི་ཡིན། འདི་ཁ་གསལ་བོ་འགྱོད་པ་མེད་པ་བཟོས་པ་ཡིན་ན། སྐད་ཆ་ཆུང་བའི་རིགས་རང་བཞིན་གྱིས་ཡལ་འགྲོ་ཡི་རེད། འདིའི་ཐད་གཙོ་བོ་གོང་དུ་མཚན་འབོད་ཞུས་པ་རྣམས་ལ་དམིགས་བསལ་འགན་འཁྲི་ཡོད་སྟབས། མ་གསན་མ་ཚོར་བའི་རྣམ་པར་མི་བཞུགས་པར། རང་རང་སོ་སོའི་གྲྭ་ཚང་ལ་མྱུར་བར་བསམ་ཚུལ་བསྡུས་ཏེ་བླ་ཆེན་རྣམས་ཀྱིས་མ་སྐུལ་དང་བླངས་ཀྱིས་ཚོགས་འདུ་ཞིག་འཚོགས་ནས་ཁ་གསལ་བོ་ཞིག་བཟོས་ན་ཡག་པོ་མེད་འགྲོ་བསམས།།
དྲ་གྲོགས་རྒྱ་རྙི་ལགས་ཀྱི་སྐད་ཆ་དེ་དག་སྐབས་དོན་དང་འབྲེལ་མ་འབྲེལ་དང་། བཤད་སྟངས་ཤེས་མ་ཤེས་གང་ཡིན་ཀྱང་ཁྱད་མེད། ང་ལ་དམིགས་ཀྱིས་མགོ་ན་དགོས་པ་མེད། ཉིད་ཀྱིས་གསུངས་གསལ་བཞིན། ངའི་རྣ་བར་སྐྱོན་ངེས་ཅན་ཡོད་སྲིད་དུ་ཆུག་ཀྱང་། དབུ་མའི་ལམ་གྱི་དོན་དམ་པའི་རྩོད་བྱ་སྐུ་ཉིད་ཀྱིས་གསལ་བཤད་ལེགས་པོ་གནང་ཐུབ་ན་མི་མང་ཅན་ལ་ཕན་ཐོགས་པར་གདོན་མི་ཟའོ།
སྐབས་རེ་དབྱིན་ཡིག་ལ་ཚིག་གཅིག་གི་ནང་དོན་བཀྲལ་བར་ཚིག་གྲོིགས་དང་ཚིག་གྲུབ་ཀྱི་ནང་དོན་དགོས་ལ། དེ་བཞིན་ཚིག་དུམ་གྱི་ནང་དོན་བཀྲལ་བར་རྩོམ་ཡིག་ཆ་ཚང་གི་ནང་དོན་དགོས་ངེས་ཤིག་ཡིན་པས་འཇམ་ནོར་གྱི་དབྱིན་རྩོམ་ཚིག་དུམ་རེ་ཆེད་དྲངས་ཀྱིས་ཐ་གཅིག་ཏུ་ཁོང་གིས་༸རྒྱལ་བར་མཚན་སྨོད་བཤད་ཀྱི་འདུག་པར་འདོད་པ་ཐལ་ཆ་འདུག
བཀུར་འོས་བོད་མི་མང་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་སུ་དུས་ཐོག་ཆར་བའི་ཚུལ་གྱིས་རྩོམ་ཡིག་སྤེལ་བར་དགའ་ཡོད། ཡིན་ནའང་། འཇམ་དབྱངས་ནོར་བུ་ལ་གྲགས་ཅན་རྩོམ་པ་པོ་ཞེས་ཆེ་ཚིག་ཅིག་སྦྱར་འདུག་པ་ངོས་ལེན་བྱེད་ཐུབ་མ་སོང་། འཇམ་དབྱངས་ནོར་བུས་དབྱིན་ཡིག་གི་སྟེང་ནས་སྒེར་ལ་ཕན་པའི་རྩོམ་ཡིག་འཁྱར་འཁྱོར་རེ་འབྲི་ཤེས་པ་འདུག་ཀྱང་། བོད་ཡིག་གི་སྟེང་ནས་སྲང་ལམ་དུ་བག་ལེབ་འཚོང་མཁན་ང་ལས་ཀྱང་ཁོ་རང་སྐྱོ་བོ་ཡོད།
ཁོ་ལྟ་བུའི་བོད་རིགས་ཀྱི་དྲི་མ་མེད་མཁན་ཞིག་ལ་གྲགས་ཅན་དང་། རྩོམ་པ་པོ་ཞེས་པའི་ཐ་སྙད་འདི་རག་ལ་གསེར་གྱི་མིང་བཏགས་པ་ལས་དོན་དངོས་ཀྱིས་མི་འདང་བས་རྗེས་ཕྱོགས་ཐུགས་ཉམས་འཇོག་རོགས།
གཙང་ཞོལ་བདེ་གསལ་ལ། བྲག་ཁུང་ཁ་ཕྱིར་འཁོར་ལ་ཉི་མ་མི་ཤར་བ་ནི་བྲག་ཁུང་གི་སྐྱོན་ཡིན་གྱི་ཉི་མའི་སྐྱོན་མ་རེད། རྡ་སའི་རི་སྒང་ནས་མི་ཚེ་སྒུར་བཞིན་དབུ་མའི་ལམ་གྱི་བསྒྲུབ་བྱ་མི་གོ་ཟེར་བ་ནི་རང་གི་རྣ་བར་སྐྱོན་ངེས་ཅན་ཡོད་སྲིད་པས་་་སྐུ་ངོ་གྲེ་མཐོང་ཚང་གི་ལོ་རྒྱུས་རྐྱང་པར་མགོ་འཁོར་བ་ལས་བོད་མིའི་ཆབ་སྲིད་ཀྱི་གནས་བབ་དང་། དཀའ་ཚེགས་ཅན་གྱི་མི་རིགས་ཀྱི་འཐབ་རྩོད་ལའང་དོ་སྣང་རེ་བྱེད་རྒྱུ་ཧ་ཅང་གལ་ཆེ།
ཧོན་སོར་མདོ་སྨད་མི་མང་གིས་གནང་ཕྱོགས་ནི་བོད་མི་ཆིག་བསྒྲིལ་གྱི་རྣམ་འགྱུར་གསལ་པོ་ཞིག་ཡིན་པས་འགོ་ཁྲིད་རྣམ་པ་དང་མི་མང་ཚང་མར་སྙིང་དབུས་ནས་གུས་བརྩི་ཞུའོ།
འདི་ལྟར་གསལ་བྱེད་བྱས་པར་བཀའ་དྲིན་ཆེ།དུས་ཐོག་ཆར་བ་འབབ་པ་རེད།༧དུས་ཀྱི་སྟོན་པ་གོང་ས་རྒྱལ་བ་རིན་པོ་ཆེ་ཆེད་དུ་ཡོད་ཚད་ལུས་གཏོང་ཐུབ་པའི་མི་མང་མང་ཆེ་བས། འདི་ལྟར་༧དུས་ཀྱི་སྟོན་པ་གོང་ས་མཆོག་ལ་མ་ཉེས་ཁ་གཡོགས་བྱས་པ་ཤེས་ཀྱི་མེད། མི་མང་གིས་གལ་སྲིད་ཤེས་ན་གུ་ཡངས་གཏོང་མི་སྲིད། ཁ་སང་དེ་རིང་གནད་དོན་འདི་དག་མི་མང་གིས་ཤེས་ཏེ། ཁོང་ཁྲོ་གཏིང་ནས་ཟ་གི་ཡོད། ཡང་མི་དེ་དག་གིས་རང་བཙན་རྩོད་ལེན་པ་ལ་མི་མང་གིས་དགའ་གི་མི་འདུག་ཟེར་གྱི་ཡོད།ཡིན་ན་ཡང་དེ་རྩ་བ་ཉིད་ནས་བདེན་པ་མ་རེད།མི་མང་གིས་ཁོང་ཁྲོ་ཟ་ས་རང་བཙན་རྩོད་ལེན་བྱེད་ཀྱི་ཡོད་ཁུལ་བྱས་ནས།༧དུས་ཀྱི་སྟོན་པ་གོང་ས་རྒྱལ་བ་རིན་པོ་ཆེ་ལ་མ་ཉེས་ཁ་གཡོགས་བྱེད་མཁན་དག་ལ་ཡིན་མ་གཏོགས།རང་བཙན་རྩོད་ལེན་བྱེད་པ་ལ་ཁོང་ཁྲོ་ཟ་དགོས་དོན་མེད།ང་ཚོ་མི་མང་གིས་དེ་གསལ་བོ་ཤེས་རྟོགས་བྱུང་ཡོད།
སྐུ་ངོ་ཐུབ་བསྟན་ལུང་རིགས་མཆོག་ནས་དངོས་གནས་གནད་ལ་འཁེལ་བ་ཞིག་གསུང་འདུག་ཐུགས་རྗེ་ཆེ་ཞུ།
གཙང་ཞོལ་ལགས༼མདོ་སྟོད་ཀྱི་མི་༣༠༠ལྷག་གིས་ཧུང་སུར་ཚོགས་འདུ་བསྡུས་ཏེ། ཆོལ་ཁ་ཞིག་གི་མིང་ཐོག་ནས་རང་བཙན་འཐབ་རྩོད་ལ་དགག་བྱ་བྱས་ན་འགྲིག་གི་འདུག་དང་མི་འདུག ?༽ཧུན་སུར་མདོ་སྟོད་མི་མང་གི་མིང་ཁུར་ནས་གྲོས་ཆོད་ཟེར་བ་དེ་གཞིས་བྱེས་རང་རིགས་ཤེས་ལྡན་པ་རྣམས་ཀྱི་དགད་མོ་ཤོར་བའི་གནས་ལས་ཕན་གནོད་གང་ཡང་མེད། ས་རྟགས་ལ་གཟིགས་དང་དེང་དུས་ཤེས་ཡོན་དང་ལྡན་པ། ཆབ་སྲིད་ཀྱི་འགྲོ་སྟངས་དང་ཆེད་པ་དེ་འདྲ་འདུག་གམ། དེ་ནི་ཆོས་ལུགས་རྒྱབ་ལ་ཁུར་ནས་མི་མང་གི་མགོ་བོ་རྨོངས་སུ་བཅུག་ནས་བཙན་བཤད་ཀྱི་བསྡུ་སྐོང་བྱས་པ་གསལ་པོ་ཡོད།
༼ལྷོ་གཞིས་ཁག་གི་ས་གནས་གཞོན་ནུའི་གྲོས་འཆར་ལ་རྒྱབ་སྐྱོར་ཡོད་དང་མེད?༽དེ་ཡང་ཆོས་ལུགས་པ་ཚོས་༧གོང་ས་མཆོག་གི་མཚན་བེད་སྤྱད་ནས་བཙན་གཞོན་ནུ་ལ་བཙན་དབང་གིས་རྒྱ་འོག་གི་གྲོས་མཐུན་དོན་ཚན་བཅུ་བདུན་དང་འདྲ་བ་ཞིག་ཡིན་ཚོད། དེ་ནི་དབུས་དང་ས་གནས་གཞོན་ནུའི་གསལ་བསྒྲགས་ལ་བསྒུག་སྡད་ཡོད།
སྤྱིར་བཏང་བཙན་བྱོལ་ནང་དེང་སྐབས་གཞོན་ནུ་ཚོགས་པར་མཐོ་དམན་ཚང་མའི་ཧ་ཅང་སྡང་གཟུགས་བྱེད་ཡག་དེ་ནི་བོད་མི་རིགས་ཀྱི་བཅོས་པར་དཀའ་བའི་ལས་དབང་ཞིག་རེད། འོན་ཀྱང་གཞོན་ནུ་ཚོགས་པ་རྩ་མེད་བཟོ་དགོས་ན་དེང་དུས་ཀྱི་ཤེས་ཡོན་ལྡན་པ། ཆོས་ལུགས་ཕྱོགས་རིས་ཀྱི་རྨོངས་ཞེན་མེད་པ། ཆོལ་ཁ་དང་ཕོ་མོ་དབྱེར་མེད་འདྲ་མཉམ་གྱི་ལྟ་བ་དང་ལྡན་པའི་གཞིས་བྱེས་གཉིས་ཀྱི་ན་གཞོན་མ་རྫོགས་པར་དེ་སྲིད་དུ་གཞོན་ནུ་ཚོགས་པ་དང་རང་བཙན་གྱི་ཐབས་རྩོད་ཕྱི་ནང་སུ་ཞིག་གིས་རྩ་མེད་ནམ་ཡང་བཟོ་མི་ཐུབ།
འདིར་དྲ་གྲོགས་ཁ་ཤས་ཀྱིས་ཅུང་མི་འདོད་པའི་རྣམ་འགྱུར་གྱིས་ཟུར་ཟ་བྱེད་མཁན་རྣམས་ལ་བཤད་འདོད་པ་ནི། དག་སེལ་བྱེད་ས་རྒྱ་གཞུང་ཡིན་པས་ངེས་པ་མེད། གང་ཡིན་ཟེར་ན་ལོག་ལམ་དུ་སོང་ནས་རྒྱ་གཞུང་ལ་རམ་འདེགས་ཀྱིས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཉེས་འཛུགས་རྐྱང་བྱས་པ་ལས་ཡོད་ཏན་སྣ་གཅིག་ལ་ཡིག་འཇོག་མི་བྱེད་པའི་བོད་རིགས་འདི་ཚོ་དག་སེལ་ཅི་ལ་མི་དགོས། འདི་ན་གཟུར་གནས་ཡིན་མདོག་གིས་༧གོང་ས་མཆོག་དང་བོད་མའི་སྒྲིག་འཛུགས་ལ་གཞི་མེད་སྐྱོན་བརྗོད་ཅི་བྱས་ལ་གསེད་བཀྲོལ་མི་གནང་བར་མདུང་རྩེ་ནང་དུ་མི་སྐོར་བར་ཁ་ཕྱི་ལ་སྐོར་དགོས་ཚུལ་བཤད་མཁན་རྣམས་ཀྱང་ནང་བཀྲ་མི་ཤིས་ན་ཕྱིའི་དོན་མི་འགྲུབ་ཟེར་བའི་བོད་མིའི་ཁ་དཔེ་འདིས་འཐུས་པར་བྱས་པ་ཡིན་ལ། མདོར་ན་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་གཞི་མེད་སྐྱོན་བརྗོད་དང་མཐོང་ཆུང་ཁྱད་གསོད་བྱས་ན་སེམས་ལ་ན་ཟུག་མེད་མཁན་རྣམས་ནི་ལུས་བཙན་བྱོལ་དུ་ཡོད་ཀྱང་སེམས་དམར་ཚོགས་ལ་དུངས་མཁན་མིན་པའི་ངེས་པ་མེད་ཁར། ཅོལ་ཆུང་གཡམ་ལ་རྒྱུགས་མཁན་ཚོའི་བློ་བྲིད་དགོས་ན་ཁོ་ཚོ་ལས་ལྷག་པ་མི་འདུག
སྤྱིར་ན་སྔོན་གྱི་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ཕོ་རབ་ཀྱི་དགེ་ཁྱད་དགུ་ཡོད་པའི་ནང་གི་དཀར་ནག་གི་དགེ་ཐོན་པ། དགྲ་གཉེན་གྱི་རིས་གསལ་བ་ཞེས་པ་ལྟར། དཔེར་ན་རང་ཉིད་ཀྱི་དྲིན་ཅན་ཕ་མ་ལྟ་བུ་ཞིག་ལ་ཐག་རིང་མི་ཞིག་གམ་ཡང་ན་རང་ཉིད་དང་མཉམ་གནས་བྱེད་མཁན་དག་གིས་གཞི་མེད་སྐྱོན་བརྗོད་དང་མཐོང་ཆུང་བྱས་ན་སེམས་ཚོར་མེད་པ་དང་གསེད་བཀྲོལ་བྱེད་འདོད་མེད་པ་ནི་ཉ་ཉུང་མཉམ་བསྲེ་རང་ཁ་འབིགས་པའི་རྒྱུ་རུ་སོང་བ་ཤེས་པར་མཛོད།
མི་རིགས་ཀྱི་ལ་རྒྱ་ཡོད་མཁན་ཞིག་ཡིན་ན་མདུང་རྩེ་ནང་ལ་མ་བལྟད་རོགས། དགྲ་བོ་ག་བར་ལ་ཡོད་མཁྱེན་པ་གནང་དགོས། ང་ཚོ་ཆབ་སྲིད་སྐྱབས་བཅོལ་བ་ཞིག་ཡིན་བསམ་པ་ཡོད་ན་བོད་རང་བཙན་ཀྱི་ལྟ་བ་བཟུང་བར་དགག་པ་མ་རྒྱགས་རོགས། ད་ལྟའི་རྒྱ་གཞུང་གི་འཁྲེགས་འཛིན་གྱི་སྲིད་ཇུས་འདི་ལ་གཞིས་ཏེ་བོད་ལ་ཕན་པའི་ལས་འགུལ་ག་འདྲ་ཞིག་ཡིན་ཀྱང་ངེས་པར་སྤེལ་དགོས་པ་ལས་ནང་ཁུལ་དགག་ལན་རྒྱགས་རྒྱའི་དགོས་པ་མིན་འདུག གཞོན་ནུ་ཚོགས་པས་བོད་ལ་ཕན་སེམས་བཅངས་ཤིང་ཡོད་པ་མ་ཟད་བོད་ཀྱི་མཁས་དབང་སོགས་བོད་པ་ཚང་མས་བོད་པ་ཕན་ཐབས་མཛད་བཞིན་ཡོད། འོན་ཀྱང་ངེད་ཀྱི་བོད་པར་ཕན་ཐབས་མཛད་བཞིན་ཡོད་ཁྱེད་ཀྱིས་བོད་པར་ཕན་ཐབས་མཛད་མི་དགོས་སུ་གང་གི་བཤད་ཐུབ་ཀྱི་མེད་ལགས། ངེད་ཀྱིས་བྱས་པ་འདིས་ཕན་ལགས་ཁྱེད་བྱས་པ་འདིས་མི་ཕན་ནོ་བཞེས་སུ་གང་གི་བཤད་ཐུབ་ཀྱིས་མ་རེད། དུས་རབ་ཉག་ཕྲན་འདི་འདྲའི་སྐབས་སུ་ནང་ཁུལ་མཐུན་ལམ་བྱེད་རྒྱ་དང་བློ་རྒྱ་ཆེན་པོ་དགོས་པ་ལས་སྐབས་འཚོལ་བའི་ལས་ཀ་མ་གནང་རོགས་ཞུ།།
མཆན་འདེབས་མཁན་དག་གིས་དགོངས་ཚུལ་དཀྱེལ་ཡངས་ཀྱིས་གསུངས་རོགས།
མདོ་སྟོད་ཀྱི་མི་༣༠༠ལྷག་གིས་ཧུང་སུར་ཚོགས་འདུ་བསྡུས་ཏེ། ཆོལ་ཁ་ཞིག་གི་མིང་ཐོག་ནས་རང་བཙན་འཐབ་རྩོད་ལ་དགག་བྱ་བྱས་ན་འགྲིག་གི་འདུག་དང་མི་འདུག ?
ལྷོ་གཞིས་ཁག་གི་ས་གནས་གཞོན་ནུའི་གྲོས་འཆར་ལ་རྒྱབ་སྐྱོར་ཡོད་དང་མེད?
ཆབ་སྲིད་ཀྱི་ཚོགས་པ་ཞིག་ལ་མཚོན་ན་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དང་ངོས་ལེན་མེད་ན་དཀའ་ངལ་འཕྲད་ཀྱི་ཡིན་པ་སྨོས་ཅི་དགོས། འོན་ཏེ་ད་ལྟ་གཞོན་ནུ་ཚོགས་པའི་ནུས་ཤུགས་སྤྱི་ཚོགས་འདིར་གནས་དང་མི་གནས་༸གོང་ས་མཆོག་གི་བཀའ་སློབ་གནང་སྟངས་དང་མི་མང་གི་གནོན་ཤུགས་ཡོད་མེད་ལ་རག་ལས། མི་མང་གིས་ལྟ་ཚུལ་མི་ལེགས་པ་ཞིག་གིས་མུ་མཐུད་དུ་གནོན་ཤུགས་ཆེན་པོ་སྤྲད་ན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནུས་མེད་དམ་ནག་ཚོགས་སུ་འགྱུར་ལ། ཐ་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒོ་རྒྱག་པ་འམ་གཏོར་ཐུབ་སྲིད་ཀྱང་། དེ་བྱས་ན། བོད་མི་མང་ལ་ཁེ་བཟང་ངམ་ཕན་ཐོགས་ཅི་ཞིག་ཡོད་མེད་ལ་ཧ་ཅང་གིས་དགོངས་པ་ནན་ཏན་བཞེས་དགོས་པ་མ་ཡིན་ནམ?
དོན་གྱིས་མཁས་པའི་དབང་པོ་ཐུབ་བསྟན་ལུང་རིག་མཆོག་གིས་ལོག་རྩོམ་དེར་གསལ་བཤད་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ། ད་ལྟའི་བར་དུ་འཇམ་ནོར་ནི་མཁས་དབང་དང་རྩོམ་པ་པོ། སྣེ་ཁྲིད་པ། སློབ་སྟོན་པ་བཅས་ཁོང་ནི་བོད་མི་རིགས་ཀྱི་རྒྱན་དུ་མཐོང་མོད། ལོག་རྩོམ་དབྱིན་བོད་ཤན་སྦྱར་མ་འདི་མཐོང་བ་ལས་འཇམ་ནོར་ཁྱི་རྒན་འདིས་ཕྱི་ནང་གསང་གསུམ་ནས་སྒེར་དོན་ཁོ་ནར་ཕྱོགས་པ་གཞུག་ནས་རྟོགས། དུས་དེ་རིང་ནས་བཟུང་ཁྱི་རྒན་དེར་ཡིད་ཆེས་སྤུ་ཙམ་ཡང་མེད། གོང་གི་མཆན་འགོད་པ་ནོར་ལགས་ལ་གསལ་བཤད་ཞུ་རྒྱུར། ཉིད་ཀྱིས་བོད་ཀྱི་སྐད་ཡིག་ལ་དོ་འཁུར་བྱས་པར་སྙིང་ནས་གུས་འདུད་ཞུ། གོང་གི་རྩོམ་ཡིག་དེ་བསྲེས་སྐད་མ་རེད་ལ་བསྲེས་རྩོམ་ཡང་མ་རེད། མི་མང་གི་ཆེད་དུ་ཤན་སྦྱར་གྱི་ཚུལ་དུ་རྩོམ་ཡིག་དེ་གསལ་འདོན་བྱས་པ་རེད། དེ་ལྟར་མ་བྱས་ན་ཨེ་ཅག་གི་མི་རིགས་འདིས་ཡིད་ཆེས་བྱེད་མི་སྲིད་ལ་སྒེར་དོན་གྱིས་སྙོན་འདོག་དང་དཀྲོག་གཏམ་ཡང་སྤེལ་སྲིད། རྒྱུ་མཚན་དེའི་ཕྱིར་ཤན་སྦྱར་བྱས་པ་འདི་ཤིན་ཏུ་ནས་དགོས་གལ་ཆེ།
གནད་དོན་གཉིས་འདུག ༡ མཚན་སྨོད་དག་སེལ་བྱེད་ཡུལ་རྒྱ་གཞུང་རེད་མ་གཏོགས་བོད་མི་ནང་ཁུལ་མ་རེད་ལ། སྐུ་ངོ་འདི་དག་རྒྱ་གཞུང་ལ་འདི་ལྟར་ཞེད་དོན་ཅི། ༢ སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་འཇུག་པ་ཞིག་ཡིན་ན། དོགས་སློང་ནི་ཡིག་ཚད་རེད་ལ། དང་ལེན་གནང་མ་ཐུབ་དུས། ཟེགས་སོང་བ་རེད།
འཇམ་དབྱངས་ནོར་བུའི་ལོག་རྩོམ་ལ་དཔྱད་པ་ཞེས་འབྲི་མཁན་དེ། ད་ལྟའི་སྤྱི་འཐུས་ལས་ཐོག་པ། བཀའ་ཟུར་ཐུབ་བསྟན་ལུང་རིགས་ཡིན་ན། བཀའ་འདྲི་ཞུ་རྒྱུར། ད་དབུ་མའི་ལམ་གྱིས་ག་རེ་རྩོད་ཀྱི་ཡོད་རེད། ང་གཅིག་པོ་མིན་པར་དངོས་གནས་མི་མང་པོ་ཞིག་གིས་ཧ་གོ་ཡི་ཡོད་ཚོད་མི་འདུག སྐུུ་མཁྱེན་གསུང་མཁྱེན་བཀའ་ལན་དྲང་གསལ་ཞིག་གནང་རོགས།
མ་རྟོགས་པ་དང་ལོག་པར་རྟོག་པའི་གཞན་དབང་དུ་སོང་བའི་བོད་མི་རེ་ཟུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཡོངས་ཁྱབ་ཀུན་ཕན་གྱི་མཛད་བཟང་ལ་རང་འདོད་དང་མ་མཐུན་པའམ། རང་དོན་མ་འགྲུབ་པ་ཁོ་ན་རྒྱུ་མཚན་དུ་བྱས་ཏེ་ཟུར་ཟ་སྐྱོན་བརྗོད་ཞུ་མཁན་དེ་དག་ནི་སྙིང་རྗེའི་ཡུལ་ལས་མ་འདས་མོད། གཟུར་གནས་མང་ཚོགས་ཀྱིས་དེ་དག་སྣང་མེད་དུ་བཞག་ན་ངན་པ་ལང་ཤོར་འགྲོ་གཞི་མ་ཟད། ཅང་མི་སྨྲ་བས་དང་དུ་ལེན་པ་ལྟ་བུའི་འཕྲལ་རྐང་འཁྱོག་བཤད་ཀྱི་གཞི་རྩ་དང་། དུས་ཡུན་རིང་པོའི་རྗེས་བྱུང་རབས་གསལ་ཆ་མེད་པའི་སྐྱོན་ཅན་བཅས་སུ་འགྱུར་ཉེན་ཡོད་སྟབས། སྐབས་མཚམས་སོ་སོར་འགྲེལ་བརྗོད་གསལ་བཤད་དགོས་གལ་ཆེ་ཡང་། རང་རེ་མང་ཚོགས་གསེར་བོང་མཉམ་གཟིགས་ཀྱིས་ཆགས་བྲལ་བ་ལྟ་བུར་བཞུགས་པ་ནི་ཞན་ཆ་ཞིག་ལས་བཟང་སྤྱོད་ག་ལ་ཡིན།
འཇམ་ནོར་གྱི་རྩོམ་ཡིག་ལ་དགག་སྒྲུབ་ཅི་བྱེད་ཀྱི་ཐད་ནས་བཤད་རྒྱུ་ཅི་ཡང་མེད།
ཡིན་ནའང་། རྗེས་ཕྱོགས་བོད་དབྱིན་བསྲེས་རྩོམ་འདི་འདྲ་མི་སྤེལ་བའི་རེ་བ་ཞུ་བཞིན་ཡོད། བོད་ཡིག་གི་སྒང་ནས་རྩོམ་ཡིག་སྤེལ་གྱི་ཡོད་ན། ལུངས་འདྲེན་གྱི་ཚིག་དུམ་དག་བོད་བསྒྱུར་གྱིས་རྩོམ་ལུས་སུ་བཀོད་དེ་རྩོམ་ཡོངས་སུ་མཇུག་བསྡུས་རྗེས། གཤམ་དུ་ལུང་འདྲེན་མ་ཚིག་གསལ་འདོན་གྱི་ཚུལ་དུ་དབྱིན་ཡིག་ཐོག་མ་རྩོམ་གྱི་ཚིག་དུམ་དག་ཟུར་འགོད་གནང་རོགས།
རྩོམ་འབྲི་དུས་མ་མཐའ་ཡང་རང་ཉིད་ཀྱི་རྩོམ་ཡིག་གི་ཁ་ཕྱོགས་སའི་ཀློག་པ་པོ་གང་ཡིན་མིན་ལ་བསམ་གཞིགས་ནན་མོ་གཏོང་དགོས་པ་རེད། རྩོམ་ཡིག་འདི་ནི་བོད་ཡིག་ཀློག་པ་པོ་རྣམས་ལ་ཁ་ཕྱོགས་ཏེ་བྲིས་པ་ཞིག་ཡིན་ཚེ། ཧ་ལམ་གོ་ཁག་པོ་རེད།
དེ་མིན། དེང་སྐབས་བོད་ནང་དུ་མི་མང་དཀྱུས་མའི་ཁྲོད་བོད་པ་ཕན་ཚུན་ལ་བསྲེས་སྐད་བཤད་རྒྱུར་ཡང་ཐབས་ཤེས་གང་ནུས་ཀྱིས་འགོག་ཐབས་གནང་བཞིན་པའི་སྐབས་འདིར། འུ་ཅག་བཙན་བྱོལ་ནང་ཆེ་ཆེ་གྲགས་གྲགས་དག་གིས་ཀྱང་སྐད་གཉིས་བསྲེས་རྩོམ་འདི་འདྲ་སྤེལ་བ་ཡིན་ན། ཧ་ཅང་བློ་ཕམ་དགོས་པའི་གནས་ཤིག་ཏུ་མཐོང་།