དེ་རིང་ངྷ་སར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་རྒྱ་གར་སློབ་ཕྲུག་ཚོགས་པ་མཉམ་འབྲེལ་ཐོག དེང་སྐབས་རྒྱ་ནག་གི་མཐའ་སྲུང་དམག་མིས་ལ་དྭགས་ནང་བཙན་འཛུལ་བྱེད་ཀྱིན་པར་ངོ་རྒོལ་ལས་འགུལ་ཞིག་སྤེལ་སོང་།
དེ་རིང་ཉིན་གུང་ཆུ་ཚོད་ ༡༢།༣༠ སྟེང་ངྷ་ས་མེག་ལོར་རླངས་འཁོར་འབབ་ཚིགས་སུ། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ས་གནས་རྒྱ་གར་སློབ་ཕྲུག་ཚོགས་པ། ལ་དྭགས་སློབ་ཕྲུག་བཅས་མཉམ་འབྲེལ་ཐོག ཉེ་ཆར་རྒྱ་ནག་གིས་ལ་དྭགས་ཤར་ཁུལ་དུ་སྤྱི་ལེ་ ༡༥ ཙམ་ལ་ཚུར་བཙན་འཛུལ་བྱས་ཡོད་པར། “རྒྱ་མི་ཕར་རྒྱུག བོད་རང་བཙན། རྒྱ་གར་གྱི་བདེ་འཇགས་ཡིན” ཞེས་པའི་བརྗོད་གཞིའི་འོག་ངོ་རྒོལ་ཁྲོམ་སྐོར་དང་། གནས་ཚུལ་དེའི་ཐད་རྒྱ་གར་གཞུང་དང་སྲིད་བློན་ལ་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་སོང་།
ཐེངས་འདིའི་ལས་འགུལ་མཉམ་འབྲེལ་བསྒྲགས་གཏམ་ནང་། ཕྱི་ཟླ་ ༤ ཚེས་ ༡༥ ཉིན་རྒྱ་ནག་མཐའ་མཚམས་དམག་གིས་རྒྱ་གར་བྱང་ཕྱོགས་ལ་དྭགས་ཀྱི་ཌེ་བྷེ་ཨོ་(Daulat Beg Oldie) ས་གནས་སུ་སྤྱི་ལེ་ ༡༥ ཙམ་ལ་ཚུར་བཙན་འཛུལ་བྱས་ཡོད་པ་མ་ཟད། རྒྱ་གར་དམག་དོན་ཁང་གི་འབོད་སྐུལ་ལ་སྣང་མེད་ཀྱིས་ས་གནས་དེར་དམག་སྒར་ ༥ བརྒྱབ་ཡོད་པ་དང་། དེའི་རྗེས་ཀྱི་བདུན་ཕྲག་གཉིས་ཙམ་རིང་ཕྱོགས་གཉིས་ཀྱི་དམག་དཔོན་བར་ཐེངས་གསུམ་ལ་ཞི་འགྲིག་ཡོང་རྒྱུར་གྲོས་མོལ་བྱས་ཀྱང་གྲུབ་འབྲས་སོན་མེད་པའི་ཁར། ཕྱི་ཚེས་ ༢༩ ཉིན་རྒྱ་དམག་གིས་བསྐྱར་དུ་དམག་གུར་གཅིག་ཁ་སྣོན་བྱས་ཡོད་པ་དེས་གནས་བབ་ཛ་དྲག་ཇེ་ཆེར་བཏང་ཡོད་པར། རྒྱ་གར་སློབ་ཕྲུག་ཚོགས་པ་ཆེ་ཤོས་ཨེ་བྷེ་ཝེ་པེ་ (ABVP) ཡའི་ཁོངས་མི་ས་གནས་སློབ་ཕྲུག་དང་། ལ་དྭགས་སློབ་ཕྲུག བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་མཉམ་འབྲེལ་ཐོག་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་གར་གཞུང་གིས་གང་མགྱོགས་དགྲ་བོར་རྒོལ་ལན་སློག་དགོས་སྐོར་སོགས་བཀོད་འདུག
ཐེངས་འདིའི་ལས་འགུལ་ཐོག་དྭགས་སློབ་ཕྲུག་ཚོགས་པ་(All Ladakh Student Association)ཞེས་པའི་ཚོགས་གཙོ་ཟུར་པ་དང་ད་ལྟའི་ཇཱ་མོ་ཀཱ་ཤཱི་མེར་(J&K) མངའ་སྡེའི་བྷེ་ཇེ་པེ་གཞོན་ནུའི་མགྲིན་ཚབ་པ་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས། “ང་རང་ལ་དྭགས་པ་ཞིག་ཡིན་པའི་ཆ་ནས་རྒྱ་ནག་གི་བཙན་འཛུལ་དེས་སོ་སོའི་ནང་མི་དང་རྒྱལ་ཁབ་ལ་ཉེན་ཁ་བཟོ་བཞིན་པའི་སེམས་ཁྲལ་ཆེན་པོ་འདུག རྒྱ་ནག་གི་བྱེད་སྟངས་འདིས་རྒྱ་གར་བདེ་འཇགས་ལ་འཇིགས་སྣང་ཙམ་མ་ཟད། རྒྱལ་ཁབ་ལ་མཐོང་ཆུང་བྱེད་ཀྱི་ཡོད་པ་མཚོན་ཡོད། ངས་རང་གི་གཞུང་ལ་རྒྱ་ནག་གི་བཙན་འཛུལ་ལ་འཕྲལ་དུ་གདོང་ལེན་བྱ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། འདས་པའི་ལོ་ ༥༠ ལྷག་གི་རིང་རྒྱ་ནག་གི་དབང་སྒྱུར་འོག་སྤུན་ཟླ་བོད་རིགས་དག་གིས་མྱོང་བཞིན་པའི་དཀའ་སྡུག་དེ་ང་ཚོས་མྱོང་འདོད་མི་འདུག”ཅེས་བརྗོད་སོང་།
ཁོང་གིས་མུ་མཐུད་ “རྒྱ་ནག་གིས་སྔོན་མ་བོད་ལ་བཙན་འཛུལ་བྱས་པ་རེད། ༡༩༦༢ ལོར་རྒྱ་གར་ལ་དམག་བརྒྱབ་སྟེ་ས་ཆ་མང་པོ་བཙན་འཕྲོག་བྱས་ཡོད། ལྷག་པར་དུ་ ༢༠༡༢ ལོ་ཡས་མས་ནས་ལ་དྭགས་ས་མཚམས་ཁག་ཏུ་རྒྱ་དམག་འཚང་ནས་ཡོང་གི་ཡོད་ཀྱང་། རྒྱ་གར་གཞུང་གིས་དེ་དག་ཐག་གཅོད་མ་ཐུབ་པའི་ས་ཆ་(Disputed Area) རེད་ཟེར་ནས་བཞག་ཡོད་པ་རེད། རྒྱ་ནག་གི་བཙན་འཛུལ་དེས་ལ་དྭགས་པ་དང་བོད་མི། ཧི་མ་ལ་ཡའི་རི་རྒྱུད་ཡོངས་ལ་དམའ་འབེབ་དང་འཇིགས་སྣང་བཟོ་བཞིན་ཡོད་སྟབས། རྒྱ་གར་གཞུང་གིས་གང་མགྱོགས་ཐག་གཅོད་ཁ་གསལ་གནང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད”ཅེས་བརྗོད་སོང་།
ཨེ་བྷེ་ཝེ་པེ་ཡའི་ས་གནས་གཞོན་ནུའི་ལས་འགུལ་པ་ཨན་ཆཱལ་(Anchal Ranaut)ལགས་ཀྱིས། རྒྱ་ནག་མཐའ་མཚམས་དམག་རྒྱ་གར་ས་མཚམས་ནང་རྟེན་གཞི་བཙུགས་པ་དེར་རྒྱ་གར་གཞུང་གིས་འཕྲལ་དུ་རྒོལ་ལན་སྤྲོད་དགོས་པ་དང་། ས་ཁོངས་བདེ་འཇགས་བརྟན་བརླིང་དང་རྒྱ་གར་གྱི་མཐར་ཐུག་གི་བདེ་འཇགས་ནི་བོད་རང་བཙན་ཡིན་པ་ངེས་ཟིན་པའི་ཐོག རྒྱ་གར་གཞུང་གིས་ངེས་པར་དུ་རྒྱ་ནག་དང་མཉམ་དུ་བོད་ཀྱི་གནད་དོན་གླེང་དགོས་པ། རྒྱ་གར་གཞུང་ལ་ཐེངས་འདིའི་གནད་དོན་ཐག་གཅོད་མ་བྱུང་ཚེ་ཟླ་རྗེས་མར་རྒྱ་གར་ཕྱི་སྲིད་བློན་ཆེན་རྒྱ་ནག་ཏུ་བསྐྱོད་འཆར་ཕྱིར་འཐེན་དང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆཱིང་རྒྱ་གར་ལ་ཡོང་རྒྱུ་དེར་ངོ་རྒོལ་བྱ་དགོས་ཚུལ་བརྗོད་སོང་།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། ཉེ་ཆར་རྒྱ་ནག་མཐའ་མཚམས་དམག་གིས་རྒྱ་གར་གྱི་ས་ཁོངས་སུ་བཙན་འཛུལ་བྱས་པ་དེས། རྒྱ་ནག་གི་བཙན་འཛུལ་རྒྱ་སྐྱེད་རིང་ལུགས་བོད་ལས་བརྒལ་ཏེ། ཨེ་ཤ་ཡ་ཡོངས་ལ་དབང་སྒྱུར་བྱ་རྒྱུའི་ཧམ་སེམས་འཆང་གི་ཡོད་སྟབས། སྤུན་ཟླ་རྒྱ་གར་བ་ཚོ་དང་མཉམ་དུ་རྒྱ་ནག་གིས་རྒྱ་གར་ས་ཁོངས་སུ་བཙན་འཛུལ་བྱེད་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། ད་ལྟ་རྒྱ་གར་གྱིས་བོད་ཀྱི་གནད་དོན་ཐད་བསྐྱར་ཞིབ་དང་མ་འོངས་པའི་རྒྱ་ནག་དཔོན་རིགས་ཐུག་འཕྲལ་སྐབས་བོད་དོན་གླེང་སློང་བྱ་དགོས་པའི་དུས་ལ་སླེབས་ཡོད་སྐོར་སོགས་བརྗོད་སོང་།
ཁ་སང་ཕྱི་ཚེས་ ༢༩ ཉིན་རྒྱ་གར་གྱི་ཁ་གཏད་ཚོགས་པ་བྷེ་ཇེ་པེ་གཙོས་ཆབ་སྲིད་ཚོགས་པ་ཁག་གིས། རྒྱ་གར་གཞུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་ནོར་གྱི་ཡོད་པ་དང་། ལ་དྭགས་ནང་རྒྱ་དམག་གིས་བཙན་འཛུལ་བྱེད་ཀྱི་ཡོད་པ་ཕྱིར་འཐེན་མ་བྱས་བར་རྒྱ་དཀར་ནག་བར་གྱི་དཔོན་རིགས་ཐུག་འཕྲད་ལས་འཆར་ཕྱིར་འཐེན་བྱ་དགོས་སྐོར་བརྗོད་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།
ང་ཚོ་དབུ་མའི་ལམ་མམ་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་དུ་ཤར་བསྐྱོད་བྱེད་གཏན་འཁེལ་བ་དང་། དེང་གི་ཆར་ལམ་འདིའི་མངོན་འགྱུར་ཡོང་ཕྱིར་བོད་རང་བཙན་རག་རྒྱུ་མིན་པའི་དམ་བཅའ་འཇོག་བཞིན་པའི་གནས་ཚུལ་ཀུན་ཤེས་རེད། དེར་བརྟེན་ང་ཚོས་ཡིག་ཐོག་ནས་རྒྱ་ནག་གཞུང་ལ་ཁས་བླངས་པའི་དམ་བཅའ་སྟེ། ༼ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་༽པའི་གནས་བབ་འོག ༼ ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་རྒྱུན་འཁྱོངས་༽བཅས་ཁས་བླངས་དོན་ཚན་འདི་དག་ཁ་ཞེ་གཉིས་མེད་ཡིན་པ་དེ། རྒྱ་གཞུང་ལ་ཡིད་ཆེས་ཐོབ་བཅུག་དགོས་པ་གནད་འགག་ཆགས་ཡོད་པ་རེད། དེ་ལ་ང་ཚོའི་མདུན་དུ་ཡོད་པ་ནི། རྒྱ་ནག་གཞུང་གིས་མངའ་ཁོངས་ཡིན་པར་བརྗོད་བཞིན་པ་དེ་ལ་རྒྱབ་སྐྱོར་ཞུ་དགོས་པ་དེ་རེད་གནད་འགག་མིན་ནམ་བསམ་གྱི་འདུག
དེ་བཞིན་ང་རང་ཚོས་བརྗོད་བཞིན་པའི་རེ་འདུན། ༼བོད་རིགས་ཡོངས་རྫོགས་འཛིན་སྐྱོང་གཅིག་༽ཟེར་བ་དེ་མངོན་འགྱུར་ཡོང་དགོས་ན། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་བོད་རིགས་ཚོ་བློས་གཏོང་མི་ཐུབ་པ་ཞིག་རེད་བསམ་གྱི་འདུག
འཇིགས་བྲལ་བསྟན་འཛིན་ཟེར་བ་འདི་སྔོན་མ་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་མིའི་གྲས་ཡིན་པ་མ་ཟད། སྐབས་དང་པོའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་འདི་ངྷ་སར་ཚོགས་ཀྱི་ཚོགས་ཞུགས་མི་སྣ་གཙོ་བོའི་གྲས་རེད། བར་སྐབས་ཤུག་ནས་སྡོམ་པ་ལྟ་བ་གཉིས་ཀ་གཞན་ཞིག་ལ་ལོག་ནས་འགྲོ་བཞིན་ཡོད་པ་འདྲ།
དབུ་མའི་ལམ་ཐོག་འགྲོ་མཁན་ཞིག་གི་ངོས་ནས་བཤད་ན་ད་ལན་རྒྱ་ནག་ལ་ངོ་ལོག་གཏན་ནས་བྱེད་མི་རུང་བ་ཞིག་རེད། གང་ཡིན་ཟེར་ན། ༼ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་༽སྟབས་རང་གི་གཞུང་གི་ས་ཁྱོན་འཕེལ་རྒྱལ་ལ་དགའ་བསུ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་རིགས་ཚུར་བདག་སྤྲོད་བྱེད་པར་དགའ་བསུ་བྱེད་དགོས་པ་རེད་བསམ་གྱི་འདུག
རྒྱ་དཀར་ནག་གཉིས་ས་མཚམས་རྙོག་གླེང་ཡོང་དུས། ཞི་འཇགས་ལ་རེམས་དགོས་པ་ལས། ངར་ནས་དམག་འཁྲུགས་སློང་མི་ཉན་ནོ། །
དྲང་མོར་བཤད་ན། རྒྱ་གར་གཞུང་གིས་ཀྱང་བོད་ཀྱི་བདེན་དོན་འཐབ་རྩོད་ཐད། ནེའུ་རུ་ནས་བཟུང་སྟེ་གནས་སྐབས་རང་ཁེ་ཙམ་ལ་བལྟས་ནས་རང་གཞན་གཉིས་ཕུངས་ཀྱི་ནོར་འཁྲུལ་རིམ་པར་བཟོས་ཡོད། བདེན་པ་མ་ཡིན་པའི་ཆབ་སྲིད་འཁྲབ་སྟོན་དེ་དག་འདས་པའི་ལོ་རྒྱས་ཀྱིས་གསལ་བོ་བསྟན་ཡོད་པ་རེད། གང་ལྟར་དེ་དག་ནི་འདས་ཟིན་སྟབས་གླེང་ནས་ཡོང་རྒྱུ་ཅི་ཡང་ཡོད་པ་མ་རེད།
ད་ལྟའི་ཆར་རྒྱ་གར་གཞུང་གིས་བསམ་བློ་ཏན་ཏན་གཏོང་དགོས་པ་ཞིག་ནི། བོད་པའི་བདེན་དོན་འཐབ་རྩོད་ཐད་རྒྱ་གཞུང་གིས་ད་ལྟ་དང་མ་འོངས་པའི་ཆ་ཡང་དག་པའི་ཕྱི་གསལ་ནང་གསལ་གྱི་ལངས་ཕྱོགས་ག་འདྲ་ཞིག་འཛིན་དགོས་མིན་དེ་རེད། དེའི་ཐད་རྒྱ་གར་གཞུང་གིས་སོ་སོའི་རྒྱལ་ཁབ་ཀྱི་ཕུགས་རྒྱང་རིང་པོའི་བདེ་འཇགས་དང་། ཤར་ཨེ་ཤ་ཡ་སྤྱིའི་བདེ་འཇགས་བཅས་ལ་གཟིགས་ཏེ། བོད་དེ་ཨེ་ཤ་ཡའི་བར་གནས་ཞི་བདེ་རྒྱལ་ཁབ་ཅིག་གི་ངོ་བོར་གནས་ཐབས་ལ་བསམ་བློ་ཏན་ཏན་གཏོང་དགོས་པ་ཞིག་རེད།
ད་ལྟའི་ཆར་བོད་དང་རྒྱ་གར་གཉིས་གཅིག་ལ་གཅིག་བརྟེན་གྱི་འགྲོགས་འདྲིས་ལྡན་པའི་རྣམ་པ་ཞིག་ཐོག་བསྡད་ཡོད་ནའང་། གལ་སྲིད་མ་འོངས་པར་བོད་དེ་རྒྱ་ནག་གི་ཆ་ཤས་སུ་འགྱུར་དགོས་བྱུང་བ་ཡིན་ན། དེ་དུས་ཀྱི་བོད་དང་རྒྱ་གར་གྱི་འབྲེལ་བ་ནི་ཕན་ཚུན་ཁ་གཏད་དུ་འགྲེངས་པའི་རྩུབ་བརྡར་ཞིག་ཆགས་རྒྱུ་ཡིན་པ་ཐག་ཆོད་ཡིན་པ་རེད། དེ་དུས་རྩུབ་བརྡར་ནི་ད་ལྟའི་ཀྲུང་གོ་(༡༩༤༩ ལོར་རྒྱལ་ཁབ་ཀྱི་ངོ་བར་ཆགས་པ)དང་རྒྱ་གར་བར་གྱི་རྒྱལ་མཚམས་དཀའ་རྙོག་ཙམ་མ་ཡིན་པར། གནའ་བོའི་བོད་བཙན་པོའི་ལོ་རྒྱུས་དང་རིག་གནས་ཀྱི་ཁེབས་ཚད་ཀྱི་དཀའ་རྙོག་ཅིག་ཆགས་སྲིད་པ་རེད། དེ་ནི་ད་ལྟའི་ཆར་རྒྱ་ནག་གིས་ཨ་རི་དང་ཉི་ཧོང་གི་སྲུང་སྐྱོབ་གྲོས་ཆོད་འོག་ཡོད་པའི་མཚོ་གླིང་བདག་དབང་ཐད་རྩོད་རྙོག་བསླངས་བཞིན་པ་འདིས་ཀྱང་ཟུར་བལྟས་ལེབ་མཐོང་ཡིན།
བོད་དེ་རྒྱ་ནག་གི་ཆ་ཤས་སུ་གྱུར་བའི་ཉིན་མོ་དེ་ནས་བཟུང་། རྒྱ་གར་རྒྱལ་ཁབ་ཀྱི་མ་འོངས་པའི་ལས་དབང་གི་ཁ་ཕྱོགས་ནི་རྒྱལ་ཁོངས་ཁ་ཆད་སྣ་རལ་དུ་གྱུར་ཏེ། མིང་ཙམ་གྱི་རང་བཙན་ལྡན་པའི་རྐང་ལག་མེད་པའི་རྒྱ་ནག་གི་གྲིབ་རུས་ཤིག་ཏུ་འགྱུར་རྒྱུ་ཡིན་པ་དེ་རེད། མང་དོན་གཉིས་ལྡན་གྱི་རང་བཙན་རྒྱལ་ཁབ་ཅིག་རང་ཚིགས་ཚོར་བའི་མིང་ཙམ་གྱི་རྒྱལ་ཁབ་ཅིག་ཏུ་འགྱུར་བར། མི་མངོན་པའི་དཔལ་འབྱོར་དང་ཆབ་སྲིད་ཀྱི་འཐབ་འཁྲུག་དང་། མངོན་གསལ་བཏོད་པོའི་མི་ཤི་རྟ་འགྱེད་ཀྱི་དམག་དོན་འཁྲུག་ཟིང་འདྲ་མིན་ཅིག་ལུ་གུ་བརྒྱུད་དུ་ཡོང་རྒྱུ་ཡིན་པ་དེ་བཤད་མ་དགོས་པ་ཞིག་རེད།
དེ་དུས་བོད་གཙོ་བྱས་ཧི་མ་ལ་ཡའི་ཚུར་རྒྱབ་ཀྱི་བལ་ཡུལ་དང་འབྲུག པ་ཀི་སི་ཐན་སོགས་རྒྱ་གར་མཐའ་འབྲེལ་གྱི་རྒྱལ་ཁབ་དག་ནི་རྒྱ་ནག་གི་ལག་ཆ་རུ་འགྱུར་རྒྱུ་ཡིན་ལ། སྐབས་དེ་དུས་ཀྱི་རྒྱ་ནག་དང་རྒྱ་གར་གྱི་རྩོད་པ་ནི། ད་ལྟའི་ཆར་ཀྲུང་གོ་(༡༩༤༨ ལོར་རྒྱལ་ཁབ་ངོ་བོར་གྲུབ་པ)ཞེས་པ་འདི་དང་རྒྱ་གར་བར་གྱི་མཱོན་མོ་ཧན་ས་ཐིག་ཙམ་ཡིན་མི་སྲིད། བོད་རྒྱ་ནག་གི་ཆ་ཤས་སུ་གྱུར་ཟིན་པའི་ཀྲུང་གོ་དང་རྒྱ་གར་བར་གྱི་མ་འོངས་པའི་རྩོད་རྙོག་ནི། ད་ལྟའི་ལ་དྭགས་དང་ཨ་རི་ན་ཅལ་གྱི་བདག་དབང་གནད་དོན་ཙམ་མ་ཡིན་པར། གནའ་བོའི་བོད་བཙན་པོའི་ས་ཁོངས་དང་བོད་ཀྱི་རིག་གནས་ཀྱིས་ཁྱབ་ཚད་ས་ཁོངས་ཀྱི་རྩོད་རྙོག་ཅིག་ཆགས་རྒྱུ་ཡིན་ལ། སྐབས་དེའི་རྒྱ་ནག་གཞུང་གིས་རྒྱ་གར་ལ་བཤད་འགྱུར་གྱི་སྐད་ཆ་ནི་མཐའ་མཚམས་གནད་དོན་ཙམ་མ་ཡིན་པར། ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་གཙོ་རྐང་ཁེ་དབང་ཡིན་ངེས་པ་ཟད། སྔར་རྒྱ་གར་རྒྱལ་ཁབ་ཆེན་པའི་མངའ་ཁོངས་ནས་ལོགས་སུ་འབུད་འདོད་ཀྱི་ཟང་ཆ་བྱུང་མྱོངས་བའི་བྷན་ཇཱབ་མི་རིགས་ཀྱི་རང་བཙན་ལའང་རྒྱ་ནག་གིས་དངོས་ཤུགས་བརྒྱུད་གསུམ་ནས་རོགས་འདེགས་བྱེད་སྲིད་པ་རེད་ལ། གཅིག་བྱས་ན་པ་ཀི་སི་ཐན་གྱིས་ཀྱང་མིང་ཡིག་ (PAKIS) གིས་བསྡུས་པའི་ལུང་པ་བསྐྱར་འཛུགས་ཀྱི་རོ་ལངས་ཀྱང་འབྱུང་མི་སྲིད་པ་གཏན་མིན།
ད་ལྟའི་ཆར་རྒྱ་ནག་གི་ཤིན་ཅང་དང་བོད་ཁུལ་དུ་དམག་འཐབ་གནམ་ཐང་ ༣༠ འཛུགས་སྐྲུན་བྱས་ཡོད་ལ། ༢༠༡༢ ལོ་ནས་གནམ་ཐང་དེ་དག་ཏུ་རྒྱ་ནག་མཁའ་དམག་གི་ཆེད་སྤྱོད་དམག་འཐབ་གནམ་གྲུ་འཕུར་སྦྱོང་བྱེད་མགོ་བརྩམས་ཡོད། དེ་དག་ནི་རྒྱ་ནག་ལ་མཚོན་ན་མ་འོངས་པར་རང་ཉིད་ཨེ་ཤ་ཡ་སྤྱིའི་སྣེ་ཁྲིད་གཙོ་ཤུགས་སུ་འགྱུར་ཐབས་སུ། སོ་སོའི་དབང་འོག་དུ་ཡོད་པའི་ནང་ཁུལ་མི་རིགས་འདྲ་མིན་གྱི་དང་རིག་གནས་ཀྱི་འདུ་ཤེས་ཀྱི་འགལ་བའི་ཁྱབ་ཚད་ས་ཁོངས་མཐའ་དག་འཁྱུར་མིད་གཏོང་དགོས་པའི་མི་རིགས་གཅིག་སྒྱུར་(དེང་སྐབས་རྒྱ་གཞུང་གིས་རང་གི་དབང་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་རྣམ་ལ་ཀྲུང་གོ་མི་དམངས་སུ་མི་བརྗོད་པར་ཀྲུང་ཧྭ་མི་རིགས་སུ་བརྗོད་ཀྱིན་པས་ཀྱང་ཤེས་ཐུབ)གྱི་དམིགས་ཡུལ་དང་། རང་ཉིད་ཨེ་ཤ་ཡའི་གཙོ་ཤུགས་སུ་འགྱུར་བར་མི་གྲངས་དང་ས་ཁོངས་ཀྱི་ཆ་རྐྱེན་གང་ཐད་ནས་གེགས་རྐྱེན་དུ་གྱུར་ཡོད་པའི་རྒྱ་གར་རྒྱལ་ཁབ་ཆེན་པོ་དེ་ནུས་མེད་ཁ་འཐོར་དུ་གཏོང་རྒྱུའི་དམིགས་ཡུལ་བཅས་དང་ཡོངས་སུ་མཐུན་པ་ཆགས་ཡོད།
དེར་བརྟེན། རྒྱ་གར་གཞུང་གིས་ད་ལྟ་ནས་བཟུང་སྟེ། བོད་ནི་རྒྱ་གར་རྒྱལ་ཁབ་རང་ཉིད་ཀྱི་འདས་མ་ད་གསུམ་ལ་གལ་ཆེན་ག་འདྲ་ཞིག་ཆགས་ཡོད་མེད་དང་། དེར་མ་ཟད། མ་འོངས་པའི་ཨེ་ཤ་ཡ་སྤྱིའི་བདེ་འཇགས་ཐད་གལ་ཆེ་ལོས་ག་འདྲ་ཞིག་ཆགས་ཡོད་པ་གཞི་རྩར་བཟུང་སྟེ། མིག་སྔའི་དཔལ་འབྱོར་གྱི་ཁེ་ཕན་ཕྲན་བུ་ཙམ་ལ་མི་ལྟ་བར་མ་འོངས་པའི་བོད་ནི་ཨེ་ཤ་ཡའི་བར་གནས་ཞི་བདེ་རྒྱལ་ཁབ་ཅིག་ཏུ་བསྐྲུན་འདོད་ཀྱི་ལངས་ཕྱོགས་འཛམ་གླིང་ལ་གསལ་བོ་བཟོ་དགོས་པ་དེ་གལ་ཆེན་པོ་རེད། གལ་སྲིད་དེ་ལྟར་མ་བྱས་པར་འདི་མུར་ལངས་ཕྱོགས་མག་མོག་ངང་བསྡད་དེ། མ་འོངས་པར་བོད་རིམ་པར་རྒྱ་ནག་གི་ཆ་ཤས་སུ་གྱུར་ཚར་བའི་ཉིན་དེར། རྒྱ་གར་ནི་མིང་ཙམ་གྱི་རང་བཙན་ལྡན་པའི་རྒྱ་ནག་གི་གྲིབ་རིས་ཤིག་ཏུ་འགྱུར་རྒྱུ་ཡིན་པ་གདོན་མི་ཟད། དེ་དུས་ཧི་མ་ལ་ཡའི་རི་རྒྱུད་ནི་རྒྱ་ནག་གི་དམག་དོན་ས་བབས་ཀྱི་སྟོབས་ཤུགས་དང་། རང་བྱུང་ཐོན་ཁུངས་ཀྱིི་སྟོབས་ཤུགས། མ་འོངས་པར་འཛམ་གླིང་གི་དཀའ་ངལ་ཆེ་ཤོས་སུ་འགྱུར་ཉེན་ཡོད་པའི་རང་བྱུང་ཆུའི་ཐོན་ཁུངས་ཀྱི་སྟོབས་ཤུགས་བཅས་སུ་འགྱུར་རྒྱུ་ཡིན་པ་རེད། སྐབས་དེར་རྒྱ་གར་ལ་མཚོན་ནས་བཤད་ན་རྒྱ་གར་མི་མང་དུང་ཕྱུར་བཅུ་ཕྲག་འགའི་འཐུང་ཆུ་དང་ཞིང་ཆུ་ཚུད་ཆད་ཀྱི་བདག་དབང་རྒྱ་ནག་གི་ལག་པར་ཤོར་ཚར་བ་རེད།
དེ་དུས་རྒྱ་གར་ལ་རྒྱ་ནག་གི་གདོང་ལ་འབུད་བྱེད་ཀྱི་དམིགས་བསལ་སྟོབས་ཤུགས་གང་ཡང་ཡོད་པ་མ་རེད། ཐ་ན་འདས་པའི་ལོ་རྒྱུས་དང་རིག་གནས་ཀྱིས་ཕུ་ནུ་སྐེ་སྦྲེལ་ལྟ་བུར་གྱུར་མྱོང་ཞིང་། རྒྱ་ནག་ལ་གདོང་དང་སོ་སོར་བློ་སྣེ་གཏད་དེ་རང་ཉིད་ཀྱི་པང་དུ་བྲོས་བྱོལ་སྐྱབས་བཅོལ་དུ་འོངས་མྱོང་བའི་བོད་མི་རིགས་ཀྱི་ལག་གི་མདའ་ཁའང་ཕྱིར་སོ་སོ་རང་ཉིད་ལ་སྐོར་དགོས་པ་དེ་ལུང་དང་རིག་པ་གང་གིས་དགག་ཐབས་མེད། དཔེ་མཚོན་ཙམ་གྱིས་ཀྱང་རྟོགས་ཐུབ་སྟེ། དང་ཐོག་བོད་རྒྱ་ནག་གི་བཙན་འཛུལ་འོག་ཤོར་སྐབས། སོ་སོའི་རྒྱལ་དར་ཕབ་སྟེ་མྱ་ངན་ཞུ་མཁན་གྱི་རྒྱལ་ཁབ་དེ་པཱ་ཀི་སི་ཐན་ཆགས་ཡོད་ཀྱང་། རྗེས་ལ་གར་དམག་ཁོངས་སུ་ཡོད་པའི་བོད་མི་ཚོས་སོ་སོའི་མེ་མདའི་ཁ་སྐོར་ས་དེ་པཱ་ཀི་སི་ཐན་ཆགས་སོང་པ་འདིས་ཀྱང་ཟུར་བལྟས་ལེབ་མཐོང་ཡིན།
མདོར་དེད་ན། ད་ལྟའི་ཆར་རྒྱལ་སྤྱིའི་ཆབ་སྲིད་གནས་བབ་དང་རང་བྱུང་ས་བབས་གང་ཐད་ནས་བལྟས་ཀྱང་། རྒྱ་གར་གྱིས་མ་འོངས་པའི་རྒྱ་ནག་ཁ་དེར་གདོང་ལེན་གྱི་གཞི་རྩའི་ཆ་རྐྱེན་འཛོམས་བསྡད་ཡོད་པ་རེད། གསལ་བོར་བཤད་ན་རྒྱལ་སྤྱིའི་སྒང་སྲིད་དོན་དང་དཔལ་འབྱོར། དམག་དོན་བཅས་ཀྱི་གནས་བབ་གལ་ཆེན་འཛིན་ཐུབ་མིན་དེ་ནི། གཙོ་བོ་རྒྱལ་སྤྱིའི་རང་བཞིན་གྱི་ས་བབས་འཐབ་ཇུས་ཀྱི་གལ་གནད་རང་བཞིན་དང་། མི་འབོར་མཐུན་རྐྱེན་དང་འབྲེལ་བའི་ཚོང་རའི་གཞི་རྒྱ་ཆེ་ཆུང་། མི་ཤུགས་རིག་གནས་ཀྱི་ཐོན་ཁུངས་ཀྱི་མཐུན་རྐྱེན། དམངས་གཙོ་རང་བཞིན་གྱི་ཆབ་སྲིད་སྒྲིག་གཞིའི་མཐུན་རྐྱེན་གང་ཐད་ནས་རྒྱ་ནག་ལ་ཁ་གཏད་གཅོག་ཆོག་ཆོག་གི་མཐུན་རྐྱེན་ཡོད་ཚད་འཛོམས་བསྡད་ཡོད་པ་རེད། རང་ལ་འཛོམས་པའི་མཐུན་རྐྱེན་དེ་དག་རང་ཡལ་དུ་མ་བཏང་པར་རྒྱལ་སྤྱིའི་ཐོག་བཟོ་ཚོང་མཉམ་འབྲེལ་དང་དམག་དོན་མཉམ་འབྲེལ་གང་ཐད་ནས་རྒྱ་ནག་གི་སྔོན་ལ་གོམ་པ་རྒྱག་དགོས་རྒྱུ་དེ་གལ་ཆེན་པོ་རེད་ལ། ད་ལྟའི་ཆར་རང་ཉིད་ལག་དུ་ཡོད་པའི་བོད་ཀྱི་གནད་དོན་ཏེ། སྲིད་ན་ཐོབ་དཀའ་བའི་ཆབ་སྲིད་ཀྱི་འཇིག་རྡེལ་རྩ་ཆེན་པོ་འདི་རང་ཡལ་དུ་མི་གཏོང་རྒྱུ་དེ་གནད་ཀྱི་དོད་པོ་རེད། དེ་མ་གཏོགས་དྷ་སའི་ཁུགས་ཀྱོག་འདི་ནས་སྐད་འབོད་ཁྲོམ་གྱི་བྱིས་པའི་བྱ་སྤྱོད་འདི་རིགས་ཀྱིས་ཅི་ཡང་ཕན་གི་མ་རེད་དོ།།
ང་ཚོའི་ངོས་ནས་དེ་ལ་ངོ་རྒོལ་བྱེད་མི་བྱེད་ཐག་མི་ཆོད་པ་ཞིག་རེད། ལྷག་པར་དུ་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱ་མཁན་ཚོས་དེ་ལ་ངོ་རྒོལ་བྱ་རྒྱུ་སྟབས་མི་བདེ་པའམ་མ་འགྲིག་པ་ཞིག་རེད།
གནད་དོན་འདི་ཕྱོགས་གཉིས་དང་སྣེ་གཅིག་ནས་བཤད་དགོས་པ་རེད།
༡ རྒྱ་ནག་དང་ཉི་ཧོང་གི་མངའ་ཁོངས་རྩོད་རྙོག་ཧ་ལམ་འཇོག་ཐབས་མེད་པའམ། བསྐྱུར་སྲོལ་མེད་པའི་གནས་སུ་སླེབས་ཟིན་པ་རེད།
༢ ཏག་ཏག་སྐབས་འདིར་རྒྱ་གར་ལ་བརྙས་བཅོས་གཏོང་གི་ཡོང་བ་རེད། འཛམ་གླིང་ལ་མགོ་བསྐོར་གཏོང་ཐབས་ཤིག་རེད། རྒྱ་ནག་མི་མང་ལ་བསླུ་བྲིད་གཏོང་ཐབས་ཤིག་རེད། རྒྱ་གར་ལ་ཡིག་ཚད་གཏོང་སྟངས་ཤིག་རེད། ཡང་ཅིག་བཤད་ན། གོང་ས་མཆོག་གིས་ཅི་གསུང་ལྟ་ཡག་ཅིག་ཀྱང་ཡིན་སྲིད།
སྐབས་འདིར་ལས་འགུལ་འདི་འདྲ་སྤེལ་བ་དགོས་ཡག་ཅིག་རེད། བོད་དམག་ལམ་ལ་ཆས་པའི་གོ་སྐབས་ཤིག་རེད།
ད་ཡང་མང་དྲག་སོང་། མཁས་དབང་ཚོར་དགོངས་དག་ཞུ།
ཚོང་འབྲེལ་གྱི་ཁེ་ཕན་ནི་དགོས་མཁོ་ངོ་མ་དང་། ས་མཚམས་ཀྱི་རྩོད་པ་ནི་ཕྱིའི་རྣམ་འགྱུར་ཙམ་ཡིན་པར་འདོད། གཤམ་ལ་དབྱིན་ཇིའི་ཚགས་པར་གྷ་ཏྲེན་སྟེང་དུ་བཀོད་པའི་རྒྱ་གར་གྱི་ཕྱི་འཚོང་དང་ནང་འདྲེན་གྱི་སྡོམ་རྩིས་ཤིག་བཀོད་པར་གཟིགས།
སྤྱི་ལོ ༢༠༡༡ ནས ༢༠༡༢ བར་དུ། རྒྱ་གར་གྱིས་རྒྱ་ནག་ནས་ནང་འདྲེན་བྱས་པའི་ཚོང་ཟོང་གི་རིན་འབབ་ནི་ཨ་སྒོར་ཐེར་འབུམ ༥༧ ཟིན།
སྤྱི་ལོ ༢༠༡༢ ཟླ་དགུ་བ་ནས་སྤྱི་ལོ ༢༠༡༣ ཟླ་བཞི་བའི་བར་དུ། རྒྱ་གར་གྱིས་རྒྱ་ནག་ནས་ནང་འདྲེན་བྱས་པའི་ཚོང་ཟོང་གི་རིན་འབབ་ནི་ཨ་སྒོར་ཐེར་འབུམ ༢༨་ཟིན།
སྤྱི་ལོ ༢༠༡༡ ནས ༢༠༡༢ བར་དུ། རྒྱ་གར་གྱིས་རྒྱ་ནག་ལ་ཕྱི་ཚོང་བྱས་པའི་ཚོང་ཟོང་གི་རིན་འབབ་ནི་ཨ་སྒོར་ཐེར་འབུམ ༡༨ ཟིན།
སྤྱི་ལོ ༢༠༡༢ ཟླ་དགུ་བ་ནས་ ༢༠༡༣ ཟླ་བཞི་བའི་བར་དུ། རྒྱ་གར་གྱིས་རྒྱ་ནག་ལ་ཕྱི་ཚོང་བྱས་པའི་ཚོང་ཟོང་གི་རིན་འབབ་ནི་ཨ་སྒོར་ཐེར་འབུམ ༦་༤ ཟིན།
ཡོང་ཁུངས། http://www.guardian.co.uk/news/datablog/2013/feb/22/cameron-india-trade-exports-imports-partners#zoomed-picture
དེ་ཡང་ཏཱ་ལའི་ཡིས་ཕྱིར་བརྟེན་ནས་ཡིན་རློམ་བྱེད་པར་ཕམ་ཉེས་ཡོང་རྒྱུ་ལས་མ་འདས་ཅེས་པར་རྒྱ་ནག་གཞུང་གིས། རྒྱལ་རབས་རིམ་བྱུང་གི་ཀྲུང་གོའི་སྲིད་གཞུང་གིས་ཁྲིམས་འགལ་གྱི“མའེ་ཁེ་མ་ཧུང་ས་མཚམས”ཞེས་པ་ཁས་གཏན་ནས་ལེན་མྱོང་མེད། ཅེས་ཤོད་བཞིན་བོད་ཀྱི་ལོ་རྒྱུས་ཀྱི་མངའ་ཁོངས་ཆ་ཚང་ལ་སེམས་ཁུར་ཡོད་མདོག་བྱེད་ཀྱིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་དམར་གཞུང་གིས་བོད་ཀྱི་ས་ཆ་ཤར་ཁུམ་བུ་དང༌། གྱ་གློ་མ་ནང༌། ཝ་ལུང་སོགས་བལ་ཡུལ་ལ་གསོལ་རས་སུ་སྤྲད་དེ་བོད་ཀྱི་སྤྱི་གཙུག་ལྟ་བུའི་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མངའ་ཁོངས་ཁ་བྲལ་དུ་བཏང་བའི་དབང་ཡོད་ཀྱི་བྱ་སྤྱོད་དེ་དག་བོད་པ་ཚོས་རྩ་བ་ནས་བརྗེད་མེད་པ་དྲན་སྐུལ་དང༌།
སྤྱིར་ན་རྒྱ་དཀར་ནག་གཉིས་ཀའི་ངོས་ནས་ཕྱི་ལོ་ ༡༩༡༤ ལོའི་སིམ་ལའི་ཆིངས་ཡིག་དུས་ཚོད་འདས་པ་དང་ནུས་མེད་དུ་ཆ་འཇོག་བྱེད་ཀྱི་ཡོད་ཟེར་ན། མེག་མོ་ཧན་ས་ཐིག་ཀྱང་ཆ་འཇོག་བྱེད་ཐབས་མེད་པ་དང༌། ཡང་ན་ས་མཚམས་ལ་ཆ་འཇོག་བྱེད་ཀྱི་ཡོད་ན་ཆིངས་ཡིག་ལ་ཆ་འཇོག་ངེས་པར་བྱེད་དགོས་ཀྱི་ཡོད་ཅིང༌། དེ་མིན་རྒྱ་གར་ལ་ཧི་མ་ལ་ཡའི་རི་བརྒྱུད་ཁག་ཅིག་གི་བདག་དབང་ཇི་ལྟར་ཡོད་པའི་གནད་དོན་འདི་སླེབས་ཀྱི་ཡོད།
གང་ལྟར་ཡང་རྒྱ་དཀར་ནག་གཉིས་ཀས་ཕྱི་ལོ་ ༡༩༡༤ ལོའི་ཆིངས་ཡིག་ལ་ཆ་འཇོག་མེད་ཟེར་ན། འདས་པའི་དུས་ཡུན་ནང་མཐོ་སྒང་བོད་ཀྱི་ཧི་མ་ལ་ཡའི་རི་བརྒྱུད་དུ་ངེས་གཏན་འཁེལ་བའི་ས་མཚམས་ཤིག་མེད་པས་རྒྱ་དཀར་ནག་གཉིས་ཀ་བོད་ས་རྩོད་པའི་ས་མཚམས་རྩོད་རྙོག་སེལ་བར་བོད་ཀྱི་བདག་དབང་གི་དྲི་བ་ནི་གདོང་ཐུག་གི་དཀའ་ངལ་ཆགས་མིན་ལྟད་མོ་བལྟ་རྒྱུ་ལས། བོད་ཀྱི་ངོས་ནས་རྒྱ་དཀར་ནག་སུ་ལ་ཡང་ལོ་རྒྱུས་ཀྱི་བོད་དུམ་བུར་གཏོང་བའི་ཁས་ལེན་གང་ཡང་བྱེད་དགོས་དོན་མ་མཐོང༌།
ཆབ་སྲིད་ཀྱི་གནད་འགག་ཆེན་པོ་ཡོད་པའི་ལས་འགུལ་འདི་རིགས་ལ་མཉམ་ཞུགས་བྱེད་དུས་ཏན་ཏན་ཏིག་ཏིག་གནང་དགོས་པ་རེད། བོད་རང་བཙན་སློབ་ཕྲུག་ཚོགས་པ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་རེད་ལ། རྒྱ་གར་གྱི་འབྲེལ་མཐུད་འགན་འཛིན་མཐོ་སློབ་ཐོན་པ་ཙམ་གྱི་གནས་ཚད་ལས། རྒྱ་གར་ནག་དང་བོད་བཅས་ཆབ་སྲིད་ཀྱི་རྣོ་གསུམ་གར་ཤེས་རྟོགས་ཡོད་མཁན་ཞིག་མིན་ཐག་ཆོད་ལ་སོང། བཙན་བྱོལ་བོད་མིའི་བསྟི་གནས་རྡ་རམ་ས་ལ་ལྟ་བུར་ལས་འགུལ་འདི་འདྲ་སྤེལ་མིན་དང། དེ་འཛུལ་ཞུགས་ཅི་ལྟར་བྱ་མིན་ལ་ཏན་ཏན་བསམ་བློ་གཏོང་རྒྱུ་འདུག་བསམས། ལ་དྭགས་སློབ་ཕྲུག་ཚོགས་པ་དང་རྒྱ་གར་སློབ་ཕྲུག་ཚོགས་པ་ཁོང་རྣམ་པར་བབ་འོས་རེད། ལས་འགུལ་སྤེལ་གདའ་སྤེལ། ཡིན་ནའང། ཁོང་རྣམས་པས་ཀྱང་རྡ་རམ་ལ་ལས་རྒྱལ་ས་ལྡི་ལིར་ལྟ་བུར་སྤེལ་ཐུབ་ན་ཡག་གི་རེད། དམིགས་བསལ་བོད་མིའི་འདུས་སྡོད་ཆེ་ཤོས་ཡོད་སར་ཡོང་དགོས་དོན་མི་འདུག་སྙམ། མདོ་དོན་སློབ་ཕྲུག་རང་བཙན་ཚོགས་པས་ཚོགས་པ་རང་ཉིད་ཀྱི་ཁེ་ཕན་འབྲེལ་བ་ཁོ་ན་དོན་རྩར་བཟུང་ནས་བོད་སྤྱིའི་རྩ་དོན་གྱི་གནས་བབ་དང་ལངས་ཕྱོགས་གང་ལའང་ལྟོས་མེད་བྱེད་པ་འདི་ཡག་པོ་ཞིག་རྩ་བ་ཉིད་ནས། སློབ་ཕྲུག་རང་བཙན་ཚོགས་པའི་བསམ་ཚུལ་མང་པོ་ཞིག་ཕྱི་རྒྱལ་ནས་ཚུར་ཡོང་གི་ཡོད་སྟབས། ལས་དོན་བྱེད་ཕྱོགས་དང་ལས་དོན་གྱི་དམིགས་ཡུལ་གཉིས་ཀར་བོད་མིའི་བསམ་འདུན་དང་སེམས་ཁམས་བཅས་ལ་མི་འཕྲོད་པ་ཡོང་བཞིན་པ་འདིར་གཟབ་གཟབ་བྱེད་རོགས། མདོར་རྩ་བཤད་ན་ལས་འགུལ་འདི་འདྲར་འཛུལ་ཞུགས་བྱེད་དོན་ནི་དངུལ་ལོ་ཁོ་ན་རེད་ཅེས་མི་མང་གིས་ངོས་འཛིན་བྱེད་པ་ནི་ཐེ་ཚོམ་མེད་པ་ཞིག་རེད། དེ་བས་ལས་འགུལ་གྱི་ཆེད་དུ་ལས་འགུལ་མི་སྤེལ་ཞིང། གནད་དོན་མགོ་འཚོས་ཟིན་པའི་ལས་འགུལ་སྤེལ་རྒྱུ་ནི་དེ་བས་ཀྱང་གལ་ཆེན་རེད།
གཞན་ལ་དྭགས་སོགས་་་་་་་ཡུལ་མི་་་་་ད་མང་པོ་བརྗོད་འདོད་མེད།།།