མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་ཆུང་གིས་བཀའ་ཕེབས་སོང་།

བོད་ཀྱི་དུས་བབ།
༢༠༡༣/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཀའ་ཤག་གིས་གསལ་བསྒྲགས་སྤེལ་ཏེ་གནས་ཆུང་ཆོས་རྒྱལ་ཆེན་པོས་བོད་མིའི་རང་ལུས་མེར་བསྲེགས་མཚམས་འཇོག་གནང་ན་ལེགས་པའི་བཀའ་ལུང་ཕེབས་ཡོད་སྐོར་གསུངས་འདུག 

དེ་རིང་ཕྱི་དྲོར་བཀའ་ཤག་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཉེ་ལམ་རྒྱ་ནག་གཞུང་འབྲེལ་སི་སི་བརྙན་འཕྲིན་བརྒྱུད་བོད་ནང་གི་རང་ལུས་མེ་བསྲེགས་ཀྱི་འབྱུང་རྐྱེན་ཕྱི་ཕྱོགས་ཀྱི་ངན་སྐུལ་ཡིན་པ་དང་། དེའི་སྒྲུབ་བྱེད་དུ་༧གོང་ས་མཆོག་དང་སྲིད་སྐྱོང་། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་བཅས་ཀྱི་གསུང་བཤད་བཅད་གཏུབ་ཀྱིས་བརྙན་པར་བཟོས་ཡོད་པའི་རྫུན་གཏམ་དེ་དག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལྐུག་པར་རྩིས་པ་ཡིན་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱིས་སྔོན་མ་ནས་ལས་འགུལ་ཚབས་ཆེན་རིགས་མི་སྤེལ་རྒྱུའི་འབོད་སྐུལ་ཞུས་ཡོད་པ་དང་། ཟླ་འདིའི་ཚེས་ ༡༨ ཉིན་བཅས་སུ་གནས་ཆུང་ཆོས་རྒྱལ་ཆེན་པོས་བོད་མིའི་རང་ལུས་མེར་བསྲེགས་མཚམས་འཇོག་དགོས་པའི་བཀའ་ལུང་བསྩལ་བ་ལྟར། གཞིས་བྱེས་བོད་མི་ཡོངས་ཀྱིས་རང་ལུས་མེར་བསྲེགས་སོགས་ཚབས་ཆེའི་ལས་འགུལ་རིགས་མི་སྤེལ་རྒྱུའི་སྐུལ་ཞུས་འདུག

བཀའ་ཤག་གི་གསལ་བསྒྲགས་ནང་བསྟན་དོན། “ ཉེ་ཆར་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༦ ཉིན་རྒྱ་ནག་གཞུང་གི་ཕྱི་གཏོང་བརྙན་འཕྲིན་སྒོ་ལམ་ ( CCTV 4 ) ཐོག་རང་ལུས་མེར་བསྲེགས་ཀྱི་གནད་དོན་ངོ་སྤྲོད་ཀྱི་བརྙན་པར་བརྡ་ཁྱབ་ཅིག་སྤེལ་ཡོད་པའི་བརྗོད་དོན་སྙིང་པོར་བོད་ནང་བྱུང་བའི་རང་ལུས་མེར་བསྲེགས་ཀྱི་རྒྱུ་རྐྱེན་གཙོ་བོ་བོད་ཀྱི་ཕྱི་ནས་ངན་བསྐུལ་བྱས་ཡོད་ཚུལ་དང༌། དེའི་སྒྲུབ་བྱེད་ཀྱི་ཚུལ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང༌། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང༌། བཀའ་ཟུར་ཀིརྟི་རིན་པོ་ཆེ་སོགས་ཀྱི་གསུང་བཤད་དུམ་བུ་འགའ་རྒྱ་གཞུང་གི་དགོས་མཁོ་ལྟར་གཏུབས་བསྒྲིགས་བྱས་ཏེ་ལུང་འདྲེན་བྱས་ཁུལ་བྱས་འདུག་པ་ནི། ཁྲིམས་ལུགས་དང་མིའི་བཟང་སྤྱོད་གཉིས་ཀ་དང་ཡོངས་སུ་འགལ་བའི་ཐ་ཤལ་གྱི་བྱ་ཐབས་ ཤིག་ཡིན་པར་མ་ཟད། ཡར་ཐོན་ཅན་གྱི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལོང་བ་དང་ལྐུགས་པ་ལྟ་བུར་བརྩིས་པའི་དམའ་འབེབས་ཆེན་པོ་ཞིག་ཀྱང་རེད། བརྡ་ཁྱབ་དེའི་བརྗོད་དོན་ཁག་ལ་བདེན་ཆ་སྤུ་ཙམ་མེད་ཅིང་རྒྱལ་སྤྱིའི་གསར་འགྱུར་ བརྒྱུད་ལམ་ཁག་ཏུ་ཡང་རྒྱ་ནག་གཞུང་ལ་ཡིད་ཆེས་འཕེར་བའི་ཁུངས་སྐྱེལ་བསྟན་རྒྱུ་མེད་སྐོར་ཐོན་ཡོད། སྔོན་དུ་ལན་མང་བསྒྲགས་ཟིན་པ་ལྟར་བོད་ནང་བྱུང་བའི་དོན་རྐྱེན་དེ་དག་ཕྱི་ནས་ངན་སྐུལ་བྱས་པ་ཞིག་ཡིན་མིན་རྟོག་ཞིབ་སླད་ཞིབ་དཔྱོད་ཇི་འདྲ་ཞིག་བྱ་འདུན་ཡོད་རུང་ང་ཚོས་དང་ལེན་ཞུ་རྒྱུ་ཡིན།

བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐོག་མ་ཉིད་ནས་ཚབས་ཆེའི་ལས་འགུལ་དེ་རིགས་མུ་མཐུད་མི་སྤེལ་བའི་འབོད་བསྐུལ་གསལ་ལ་ནན་པ་ཡོངས་ཁྱབ་ཏུ་ཞུས་ཡོད་པ་དང༌། ང་ཚོས་ཁ་ཞེ་གཉིས་མེད་དང་བསམ་པ་རྣམ་དག་གིས་འབོད་བསྐུལ་དང་འབད་རྩོལ་ཇི་ལྟར་ཞུས་ཡོད་མེད་ཕྱི་ནང་ཀུན་གྱི་དྲན་ལམ་དང་མིག་སྔར་གནས་ཡོད་པ་མ་ཟད། ཡིད་ཆེས་དང་གདེང་འཇོག་འཕེར་བའི་རྒྱལ་སྤྱིའི་གྲགས་ཅན་ཚོགས་སྒེར་མང་པོས་ཀྱང་དེ་དག་ལ་ངོས་ལེན་དང་བདེན་དཔང་གསལ་པོ་བྱས་ཡོད།

ཉེ་སྔོན་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༢ དང་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༨ སོ་སོར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ལུང་བསྩལ་བའི་ནང་དུའང༌། བོད་མི་རྣམས་ཀྱིས་རང་ལུས་མེར་སྲེག་མཚམས་འཇོག་བགྱིས་ན་ལེགས་ཚུལ་ཕེབས་ཡོད་པ་ལྟར། ད་ལམ་ཡོངས་ཁྱབ་གསལ་བསྒྲགས་འདི་བརྒྱུད་གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་ལ་རང་ལུས་མེར་སྲེག་གིས་གཙོས་ཚབས་ཆེའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་བསྐུལ་བསྐྱར་ནན་ཞུ་རྒྱུ་ཡིན། བོད་མི་སྤྱི་ཡོངས་ཀྱི་མངོན་འདོད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང༌། བོད་མིའི་རང་དབང་སླར་གསོ་ཡོང་ཐབས་ལ་འབད་བརྩོན་མུ་མཐུད་ཞུ་རྒྱུ་ཡིན་ན། དེ་ལུགས་ཚང་མས་ཐུགས་སྣང་གཟབ་བསྐྱེད་གནང་འོས” ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 29

  1. སྟག་ཚང་རིག་རྒོད་། says:
    ལོ་ 12 སྔོན།

    ང་ཚོས་དུས་རྒྱུན་དུ་གསོལ་བཞིན་པའི་ལྷ་ཀླུ་འདི་དག་ནི་དགོས་དུས་མེད་པའི་རྒྱུ་ནོར་ཞིག་དང་གཅིག་མཚུངས་རེད།
    ང་ཚོས་བྱ་བ་འདི་་དག་མཚམས་མ་བཞག་ན་ད་ལྟའི་མཇུག་འབྲས་ལས་ངན་པའི་མཇུག་འབྲས་ཞིག་ཡོང་སྲིད་པ་རེད།

    Reply
  2. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 12 སྔོན།

    གནས་ཆུང་གིས་བཀའ་ཤགས་དང་སྲིད་སྐྱོངས་ལ་ལུང་བསྟན་གསུང་པ་རེད་དམ། ཡང་ན་༧ ་གོང་ས་མཆོག་ལ་གསུང་པ་རེད།

    Reply
  3. ལུང་རྟོགས། says:
    ལོ་ 12 སྔོན།

    ངའི་དོག་པ་དེ་ལ་ལྗང་གཞོན་གྱིས་ར་སྤྲོད་བྱས་སོང་། མི་འདི་ཚོས་གོང་ས་མཆོག་ལ་ཡང་འདི་ལྟར་བཤད་ཡོང་དུས་གཞན་ལ་སྨོས་ཅི་དགོས། ད་ངོ་མ་བོད་པ་ཁག་ཅིག་སྨྱོ་ཚར་འདུག

    Reply
  4. ཤར་མདའ། says:
    ལོ་ 12 སྔོན།

    གང་ལྟར་

    གང་ལྟར་༸གོང་ས་མཆོག་རྒན་ཡོལ་ལ་ཕེབས་ཟིན་པ་རེད།   ད་སྲིད་སྐྱོང་གིས་འཇོན་གྱི་མེད་པ་དང་དེ་ལས་ལྷག་ཞིག་ལམ་ཁ་སྟོན་ཐུབ་མཁན་དང་མི་རིགས་ལ་སྣེ་འཁྲིད་བྱེད་ཐུབ་མཁན་ཡོད་ན་རང་ཉིད་ལམ་སྟོན་གནང་དང་དཔེར་ན་བོད་མི་རིགས་ཀྱི་རྩ་དོན་སོགས་ཀྱི་ཆེད་དུ་རང་ཉིད་ནས་མགོ་རྩམ་ནས་འགྲོ་བཞིན་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལ་གཟིགས་དང་འདི་ལྟར་ལམ་ལ་བུད་ནས་སྣེ་ཁྲིད་བྱས་དང་སྲིད་སྐྱོང་གི་མ་འགྲིག་པ་དང་ལྷས་ལུང་བསྟན་གནང་པ་སོགས་ཡིད་ཆས་མེད་ན་ད་རང་ཉིད་ཀྱིས་མགོ་རྩམ་ནས་ལས་འགུལ་ཞིག་རྩོམ་རོགས་མ་གཏོང་ཁ་བཤད་ཙམ་གྱི་ཕན་ལས་གནོད་ཤེས་ཆེ་བས་གཙོ་བོ་རང་ཉིད་མགོ་འཁྲིད་ལམ་བསྟོན་གནང་རོགས་ཞུ་རྒྱུ་བཅས་ཤར་འདའ་ནས།

    Reply
  5. ཡུལ་གྱར་བའི་མི་ཚེ། says:
    ལོ་ 12 སྔོན།

    མི་འུ་ཐུགས་ལྷ་ཞུས། ལྷ་འུ་ཐུགས་རྫུན་བཤད་།

    Reply
  6. ལྗང་གཞོན། says:
    ལོ་ 12 སྔོན།

    པཎ་ཆེན་སྐུ་ཕྲེང་ ༡༡ པ་མཆོག་ངོས་འཛིན་ཐུགས་ཐག་གཅོད་སྐབས། གནས་ཆུང་གིས་དུས་ལ་བབ་འདུག་ཅེས་བཀའ་ལུང་བསྩལ་ཡོད་པར་གསུང་གི་ཡོད་རེད། དེ་ནི་གཅིག་ནས་ལག་པ་འཕྱི་ས་ཤིག་འཚོལ་གྱི་ཡོད་པའི་རྟགས་རེད་ལ། གཉིས་ནས་གནས་ཆུང་གི་བཀའ་ལུང་དེ་འདྲ་ཞིག་བསྩལ་བ་དངོས་བདེན་ཡིན་ན། བཀའ་ལུང་དེའི་མཇུག་འབྲས་གང་འདྲ་ཞིག་བྱུང་ཡོད་པ་ད་ཆར་ང་ཚོ་ཚང་མས་ཤེས་གསལ་ལྟར། ཆུང་སྲིད་རིན་པོ་ཆེ་འཇིག་རྟེན་འདིར་འཚོ་བཞུགས་ཡོད་མེད་ཙམ་ཡང་ཤེས་རྟོགས་མེད་པར་མི་ལོ་ ༡༨ འདས་ཟིན་པ་རེད། ད་གནས་ཆུང་ལ་ཇི་སྲིད་བར་དུ་བཀའ་ལུང་ཞུ་རྒྱུ་ཡིན་ནམ།

    Reply
  7. ལུང་རྟོགས། says:
    ལོ་ 12 སྔོན།

    ༸གོང་ས་སྐྱབས་མགོན་ཆེན་པོས་ཀྱང་སྲིད་དབང་རྩིས་སྤྲོད་མ་གནང་བར་ཆབ་སྲིད་ཀྱི་གལ་ཆེའི་ལས་དོན་མཐའ་དག་གནས་ཆུང་དང་དཔལ་ལྡན་ལྷ་མོ་སོགས་ལ་མོ་ལུང་རྟགས་པ་ཞུས་ནས་ཐག་བཅོད་གནང་གི་ཡོད་པ་དང་། གལ་ཆེའི་དོན་དག་ནོར་འཆུག་བྱུང་མ་མྱོང་ཞེས་ཞལ་དྲོན་མོ་ནས་གསུང་ཡོད་ན། དེ་རིང་སྲིད་སྐྱོང་གིས་གནས་ཆུང་གི་བཀའ་ལུང་ཞིག་ཁྱབ་བསྒྲགས་བྱས་པར་དེ་ཙམ་ཧང་སང་དགོས་དོན་ཅི་ཡོད། མི་འདི་ཚོའི་བཤད་སྟངས་ལ་ལྟས་ན་གོང་ས་མཆོག་གིས་ཀྱང་གནང་ཆུང་ལ་བཀའ་ལུང་ཞུས་པ་དེ་ལག་པ་ཕྱི་ས་བརྩལ་བ་རེད་མི་ཟེར་བའི་ངེས་པ་མི་འདུག

    Reply
  8. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    འབྲོང་སོག་འདི་གཅིག་པུས་དངོས་ཐོག་བདེན་འཚོལ་གྱིས་གཏམ་སྨྲས་པ་དགའ་ནས་ཡོད། གཞན་ཚང་མ་སེམས་འཚོར་ཙམ་དང་གཡས་ཕྱོགས་གཡོན་ཕྱོགས་ལ་གནས་ཏེས་སྒེར་འཁོན་རྩོད་རྒྱུ་མ་གཏོག་དཀྱུས་ལ་འགྲོ་ཐུབ་ནི་མ་རེད།

    Reply
  9. འབྲོང་བུ་སོག་ཚ། says:
    ལོ་ 12 སྔོན།

    ༧རྒྱལ་བ་རིན་པོ་ཆེའི་བཀའ་དང་། གནས་ཆུང་གི་ལུང་། སྲིད་སྐྱོང་གི་གསལ་བསྒྲགས། ཟམ་གདོང་གི་བཙན་བཀའ་འདི་ཐམས་ཅད། མཐའ་བཏུག་ན་རྒྱ་དམར་སྲིད་གཞུང་གི་དགོས་དོན་བསྒྲུབ་རྒྱུ་ལས་གཞན་གང་ཡང་མི་འདུག་ཡག་པོ་ལྟོས་དང་ཤེས་ངེས་རེད། ཁོང་ཚོའི་རེ་འདོད་ནི་༧རྒྱལ་རིན་པོ་ཆེ་བོད་དུ་ཕེབས་ཐུབ་རྒྱུ་གཅིག་པོ་ལས། བོད་མི་མང་གིས་འདུན་ལམ་ནི་ག་པར་སོང་ཡང་སྣང་མེད་རེད་ད། ཡག་པོ་ལྟོས་ཨ་གཏན་གཏན་ཤེས་ཡོང་།

    Reply
  10. thapkegyatso says:
    ལོ་ 12 སྔོན།

    སྲིད་སྐྱོང་མཆོག་བོད་ཀྱི་རྩ་དོན་ཐད་ཐབས་ཟད་འུ་ཐུག་འདུག གསར་གཏོད་ཅེས་མགྲིན་པ་གཟེངས་སུ་བཏགས་ནས་སྨྲས་པ་དག་གང་དུ་ཡལ་སོང་། གང་ལྟར་མང་བོ་ལབ་ཀྱང་དགོས་པ་མི་འདུག ཡིན་ཡང་གསེར་འབྲུག་སྡེར་ལྔ་ལས་དྲྭ་མཆན་པ་ཀུན་ཀྱིས་བློ་གཟུ་བོས་བསམ་ཚུལ་སྤེལ་འདུག་པར་དགའ་བས་བརྟས་ཡོད།

    Reply
  11. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 12 སྔོན།

    ད་ཡིན་ན་སྲིད་སྐྱོང་མཆོག་འུ་ཐུག་འདུག
    སྲིད་སྐྱོང་གི་ཁ་ཕོ་ཆེ་སྲུང་དམར་བཅོལ་འདུག

    Reply
  12. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    ཤར་ཁུག། རང་སྲེག་ཐད་བཀའ་ཤག་གིས་འཛིན་པའི་སྲིད་ཇུས་ཞིག་ཅི་འདྲ་ཡོད་པ་རེད། མངོན་སུམ་གྱིས་མ་དམིགས་པའི་སྲིད་ཇུས་ཞིག་ཡོད་ན་ཁྱོད་ཀྱིས་ཇི་ལྟར་རྟོགས་པ་རེད། ད་བར་སེང་གེ་བཀའ་ཤག་ཅི་བྱ་ལྟོས་བྲལ་དུ་ལུས་ཡོད་པ་རེད་ལ་ལ་མོ་ཕར་ནང་ནས་ཉེས་པ་ཡོད་ཚད་ལ་མོ་ཚུར་ནང་གཡུགས་ཡོང་བའི་ལམ་ལུགས་ལ་ཁྱོད་རམ་འདེགས་བྱེད་དགོས་པའི་རྒྱུ་མཚན་ཅི་རེད། འདིའི་ལབ་གླེང་ཡོང་རྫོགས་ཁྱོད་ཀྱིས་མེར་སྲེག་འཚེ་བར་བསྒྲུབ་པ་དང་མེར་སྲེག་ལས་འགུལ་ཐད་༧རྒྱལ་བ་རིན་པོ་
    དང་བཀའ་ཤག་གིས་ཞལ་མ་བསྒྲགས་པར་ཀུ་ཅོ་མང་དག་ཅིག་བསྒྲགས་སོང་། ད་ཆ་མེར་སྲེག་ལས་འགུལ་ལ་བཀོད་འདོམས་བྱེད་པའི་དབང་ཚད་ཅི་ཡང་མེད་པའི་སེང་གེ་བཀའ་ཤག་ལ་ཁྱོད་ཀྱིས་མགོ་རྔ་མི་མཚུངས་པའི་ཀུ་ཅོ་བསྒྲོགས་དོན་ཅི་རེད།

    Reply
  13. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་རྩ་དོན་འཐབ་རྩོད་ཇི་ལྟར་བྱེད་མིན་གཟུགས་འདས་ལ་སྐད་ཆ་འདྲི་བའི་ལམ་ལུགས་དེ་སེང་གེ་བཀའ་ཤག་གིས་གསར་གཏོད་ཅིག་མིན་པར་སྲིད་དབང་བགྲེས་ཡོལ་ལ་མ་ཕེབས་སྔོན་ནས་ཡོད་པའི་ལམ་ལུགས་ཅིག་མ་རེད་པས། བྱས་ཙང་ནམ་རྒྱུན་རྒྱུན་འཛིན་བྱེད་དགོས་པའི་ཁ་གཡང་བསྒྲོགས་མཁན་དག་དེ་རིང་ག་རེ་བྱས་སོང་བ་རེད། གང་ཟག་ལ་རྟོན་པ་མ་རེད་པས།

    Reply
  14. Dawai Shonu says:
    ལོ་ 12 སྔོན།

    ཤར་ཕྱོགས་ཁུག་རྟ་ཟེར་བའི་མི་དེར་དྲིས་རྒྱུ། ཁྱེད་རང་བཀའ་ཤག་དང་བཙན་འབྱོལ་བོད་མིར་ཁ་གཏོང་རྒྱུ་ཟླ་བ་ལ་གླ་ཕོགས་སྤྲོད་མཁན་འདུག་གམ། ཡང་ན་ཁྱེད་རང་གིས་དམ་བཅའ་བཞག་པ་ཡིན་ནམ།

    Reply
  15. འཇིགས་མེད་གེ་སར། says:
    ལོ་ 12 སྔོན།

    ཁ་པོ་ཆེས་”རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་རྒྱུ་ཡིན་”ཞེས་སྟོང་གཏམ་ཁོ་ན་བཤད་པ་ལས། དོན་དངོས་སུ་བོད་དོན་བདེན་མཐའ་སེལ་ཐབས་ཀྱི་ལང་ཕྱོགས་གསལ་སྟོན་དང་། དངོས་ཡོད་ལས་དོན་སྣ་གཅིག་ཀྱང་མ་བསྒྲུབ་པས། དེང་སྐབས་ཟེར་རྒྱུས་ཕོངས་ཏེ་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བ་ཡོད་ཅེས་མང་ཚོགས་མགོ་བོ་རྨོངས་བར་བྱེད་ཀྱི་ཡོད།
    བཀའ་ཤག་གིས་རང་ལུས་མེར་སྲེག་ཐད་འཛིན་པའི་སྲིད་བྱུས་ནི་ཧ་ཅང་མག་མོག་ཅིག་ཡིན་ཞིང་། འདི་ལོའི་ཟླ་ ༤ ཚེས་ ༡༢ ཉིན་གནས་ཆུང་གིས་རང་ལུས་མེར་བསྲེགས་མཚམས་འཇོག་གནང་ན་ལེགས་ཚུལ་གྱི་བཀའ་ལུང་ཕེབས་ཡོད་ཀྱང་། སྐབས་དེར་བཀའ་ཤག་གིས་མང་ཚོགས་ལ་བརྒྱུད་བསྒྲགས་མ་བྱས་པར་བཀའ་ལུང་གསང་མཛོད་དུ་བཅུག་པ་རེད། འོ་ན་ད་ཐེངས་གཞི་ནས་བཀའ་ལུང་ལ་བརྩི་བཀུར་ཞུས་ཏེ་མེར་བསྲེགས་མཚམས་འཇོག་གི་འབོད་སྐུལ་ཞུ་དགོས་དོན་གང་ཡིན་ནམ།
    བདག་གིས་བསམ་ན་གཅིག་ནས་རྒྱ་ཕྱོགས་ནས་སྐྱོན་བརྗོད་ལོག་པ་བྱས་པར་ལང་ཕྱོགས་བརྟན་པོའི་གདོང་ལེན་བྱ་རྒྱུའི་ཉམས་མྱོང་གིས་མ་འདང་བ་དང་། གཉིས་ནས་བར་ལམ་སྲིད་སྐྱོང་དང་བཀའ་ཤག་སྐབས་བཅུ་བཞི་པའི་བྱ་སྤྱོད་ཐད་རྩོམ་ཡིག་གང་མང་ཐོན་ཞིང་། དོན་དངོས་ཀྱི་གནས་ཚུལ་མང་པོ་ཞིག་ལ་གསལ་ཁ་ཐོན་པས། ད་ནི་ཉི་ཤར་སྦར་མོས་མི་ཁེབ་པར་བསམ་སྟེ། ལས་དོན་ལེགས་གྲུབ་མ་བྱུང་བའི་གནད་དོན་འཛར་འཛོར་དེ་དག་གནས་ཆུང་ལ་ལག་འཕྱིས་བྱས་པ་ལས་མ་འདས།
    བོད་རིགས་མི་མང་རྣམ་པ་དང་ལྷག་པར་བཙན་བྱོལ་བོད་མི་ཚོ། ད་ནི་ང་ཚོས་བཀའ་ཤག་སྐབས་རྗེས་མའི་ཐད་ངེས་པར་བསམ་བློ་གཏོང་བའི་དུས་ལ་སླེབས་འདུག ངོ་མ་རེད། ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བ་རེད། ང་ཚོ་ལ་འབུམ་རམ་པ་དང་མཁས་དབང་གི་མིང་རྫིག་པོ་དེ་འདྲ་དགོས་དོན་ཡེ་ནས་མི་འདུག ང་ཚོ་ལ་དོན་དངོས་ཀྱི་ལས་དོན་བསྒྲུབ་མཁན་དེ་འདྲ་དགོས་འདུག ཁ་སྟོང་པར་གནམ་ལ་འཕུར་བསྡད་མཁན་དེ་འདྲ་དགོས་དོན་གཏན་ནས་མི་འདུག དོན་ངོ་མའི་ལས་ཀ་བྱེད་མཁན་དགོས་འདུག དེང་སྐབས་གང་སྐྱིད་ནས་ཚོགས་གཙོ་སྤེན་པ་ཚེ་རིང་ཡར་རྒྱུགས་མར་རྒྱུགས་བྱེད་པ་མཐོང་རྒྱུ་ཡོད་པ་ལས། སྲིད་སྐྱོང་མཐོང་རྒྱུ་མི་འདུག་ཟེར།

    Reply
  16. སེམས་བཟང་། says:
    ལོ་ 12 སྔོན།

    མི་ཨུ་ཐུག་ན་ལྷར་བཅོལ།། ལྷ་ཨུ་ཐུག་ན་རྫུན་བཤད།། ཟེར་བའི་ང་ཚོ་བོད་པར་ཁ་དཔེ་ཡོད་པ་རེད། ད་ནི་སྲིད་སྐྱོང་མཆོག་ཕྱི་རྒྱལ་ལ་རྒྱུགས་རྒྱུགས་ནས། རང་བསྲེགས་ཀྱི་སྐོར་བཤད་བཤད་ནས། ཨ་ཐང་ཆད་པ་འདྲ། བོད་ཀྱི་དཔོན་པོ་ཚོས་འཇོན་སོང་ན་གཏམ་བཤད་ཀྱི་ཐོག་ལ་ཧམ་བཤད་ཀྱང་བཤད་ཀྱི་རེད། མི་འཇོན་བསམ་ན་ལག་པ་འབྱི་ས་ཞིག་བཙལ་པའི་གོམས་གཤིས་ངན་པ་ཞིག་ཡོད། ནམ་ཞིག་ཁོང་ཚོ་ལ་ནག་ཉེས་གང་ཡང་མེད་པར་བོད་ཀྱི་ལོ་རྒྱུས་ནང་རླབས་ཆེན་གྱི་མི་སྣ་ཞིག་བསྐྲུན་སྙམ་པའི་ཉིན་དཀར་གྱི་རྨི་ལམ་གཏོང་གི་ཡོད་པ་རེད། གསལ་བསྒྲགས་གནང་སྟངས་འདིར་ལྟོས་དང་། མི་ ༡༡༨ བསྲེགས་ཚར་པའི་སྐབས་འདིར་གཞི་ནས་གནས་ཆུང་གིས་རང་བསྲེགས་མཚམས་འཇོག་དགོས་པའི་བཀའ་ལུང་ཕེབས་སོང་ཟེར། དེ་སྔོན་གནས་ཆུང་གིས་བཀའ་ལུང་མ་ཕེབས་པའི་རྒྱུ་མཚན་ཅི་ཡིན་ནམ། དེ་སྔོན་བཀའ་ཤག་གིས་ཁ་གསལ་པོའི་སྒོ་ནས་རང་བསྲེགས་མཚམས་འཇོག་གནང་རོགས་ཞེས་འབོལ་སྐུལ་གསལ་བསྒྲགས་མ་བསྐྱངས་དོན་གང་ཡིན་ནམ། བཀའ་ཤག་གི་གསལ་བསྒྲགས་སྔོན་མའི་ནང་བོད་མི་ཚོ་རང་བསྲེགས་མཚམས་འཇོག་གནང་རོགས་ཞེས་ཁ་གསལ་པོ་མ་བཀོད་དོན་ཅི་ཡིན་ནམ། དྲི་བ་མང་པོ་ཡོང་གི་རེད་ལ། ཡོང་དགོས་ངེས་ཤིག་ཀྱང་རེད། འོས་ཤོག་མ་ཐོབ་གོང་གི་འབྲུག་སྐད་ངར་མ་དོ་ཚོ་གང་ལ་ཕྱིན་སོང་། ད་ལྟ་ནས་ལྒང་བུའི་དབུགས་ཕྱི་ལ་ཐོན་རྩིས་རྒྱག་པ་ཅི་ཞིག་གིས་ལན་སོང་། བོད་རྒྱ་འབྲེལ་མོལ་ལ་ཤུགས་རྒྱག་གི་ཡིན་ཞེས་སྐད་གསེངས་མཐོན་པོ་མ་སྒྲོག དབུ་མའི་ལམ་གྱི་དམིགས་ཡུལ་གཙོ་བོ་འབྲེལ་མོལ་གྱི་ལམ་ནས་བོད་དོན་སེལ་ཐུབ་དེ་མ་ཡིན་ནམ། བཀའ་སྤྱི་བོད་གཞུང་མང་གཉིས་ཀའི་ངོ་རྒོལ་སྐད་འབོད་དེ་ཚོས་རྒྱ་བོད་འབྲེལ་མོ་སྒོ་བརྒྱབས་སོང་དྲན་གྱི་མི་འདུག་གམ། ད་ནི་ཅི་ཞིག་བྱས་ནས་རྒྱ་བོད་འབྲེལ་མོལ་ཐོག་ཤུགས་རྒྱག་རྒྱུ་ཡིན་ནམ། བོད་རྒྱ་འབྲེལ་མོལ་ཐོག་ཤུགས་རྒྱག་རྒྱུ་ཡིན་ཟེར།

    Reply
  17. ལྗང་གཞོན། says:
    ལོ་ 12 སྔོན།

    སྲིད་སྐྱོད་དང་བོད་མིའི་སྒྲིག་འཛུགས་ཀྱི་གནང་ཕྱོགས།

    ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་དབུ་ཁྲིད་པའི་བཀའ་ཤག་གིས་ག་རེ་གནང་གི་ཡོད་རེད་དམ། རྒྱ་ནག་གི་སྙོན་འཛུགས་ལ་རང་ཉིད་དཀའ་འདོན་བྱེད་མ་ཚར་བར་བསྡད་འདུག རང་ཉིད་དཀར་འདོན་བྱེད་པར་བོད་མིའི་རྩ་དོན་བཙོང་། རང་སྲེག་ལས་འགུལ་ཉེས་ཅན་དུ་བརྩི་ལ་ཉེ་བའི་ཚད་དུ་སླེབས་འདུག
    རང་ལུས་མེ་སྲེག་གནང་མཁན་བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་གྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་སོ་སོའི་ཚེ་སྲོག་དང་ནང་མི་བུ་ཕྲུག་བློས་གཏོང་གནང་གི་ཡོད་པ་དེར། གོང་དུ་“ཚབས་ཆེ་བའི་ལས་འགུལ་”ཞེས་བཀོད་འདུག དེ་སྔོན་སྲིད་སྐྱོང་གིས་དབྱིན་སྐད་ནང་བོད་མིའི་རང་སྲེག་ལ་ “drastic action”ཞེས་པའི་ཐ་སྙད་བེད་སྤྱོད་བཏང་སོང་། ཐ་སྙན་འདི་རྒྱ་ནག་གིས་བོད་མིའི་རང་སྲེག་ལ་བེད་སྤྱོད་བྱེད་སྲིད་པ་ཞིག་ལས་བོད་མིའི་དབུ་ཁྲིད་ཅིག་གིས་བེད་སྤྱོད་གཏོང་སྲིད་པ་ཞིག་བསམ་ཡིད་ལས་འདས་པ་རེད།

    ཐེངས་འདིར་གནས་ཆུང་གི་བཀའ་ལུང་བསྩལ་བྱུང་ཞེས་བོད་མིའི་སེམས་ཁམས་ལ་བཙན་གནོན་བྱེད་ཀྱི་འདུག བོད་མི་ཚོས་གནང་བབ་གང་འདྲ་ཞིག་གི་འོག་རང་ལུས་མེ་སྲེག་ཅིའི་ཕྱིར་གཏོང་གི་ཡོད་པ་ད་ལྟའི་བཀའ་ཤག་གིས་གསལ་བོར་མཁྱེན་གྱི་མེད་པ་རེད་དམ། མཁྱེན་བཞིན་དུ་རང་ཉིད་དཀར་འདོན་བྱ་ཆེད་དེ་ལྟར་གསུང་གི་ཡོད་རེད། དེ་སྔོན་༧གོང་ས་མཆོག་དང་བསམ་གདོང་རིན་པོ་ཆེ་སོགས་ཀྱིས་བོད་ནང་གི་བོད་མི་ཚོར་རང་ལུས་མེར་སྲེག་ཐོངས་ཟེར་ཆོག་གི་མ་རེད་ལ། རང་ལུས་མེར་སྲེག་མ་གཏོང་ཞེས་གསུང་རྒྱུའི་འོས་བབ་ང་ཚོར་ཡོད་མ་རེད་གསུངས་ཡོད་རེད། འདི་ཕྱོགས་ནས་མི་མང་པོ་ང་ཚོས་མེ་སྲེག་མ་གཏོང་ཟེར་རྒྱུའི་ཐོབ་ཐང་ཡོད་མ་རེད་ཅེས་བརྗོད་ཀྱི་ཡོད་རེད།

    འོན་ཀྱང་། བཀའ་ཤག་གིས་ཡང་ནས་བསྐྱར་དུ་རང་ལུས་མེ་སྲེག་མཚམས་འཇོག་བྱ་དགོས་པར་གསུངས་པ་རེད། དེ་དག་ཀྱང་རང་ལུས་མེ་སྲེག་ལ་སྐུལ་སློང་བྱེད་མཁན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་མགོ་ཁྲིད་ཚོ་ཡིན་པའི་སྙོན་འཛུགས་བྱེད་ཡོང་སྐབས། རང་ལུས་མེ་སྲེག་གི་རྒྱབ་ཏུ་བཙན་བྱོལ་སྒྲིག་འཛུགས་དང་མགོ་ཁྲིད་ཚོ་མེད་པ་དཀར་འདོན་དང་འབྲེལ་ཏེ་རང་ལུས་མེ་སྲེག་མཚམས་འཇོག་བྱ་དགོས་སྐོར་གསུང་གི་ཡོད་པ་རེད།

    ད་ལྟའི་བཀའ་ཤག་གིས་ལས་དོན་ཡོད་ཚད་གནང་ཆུང་གི་བཀའ་ལུང་འོག་སྒྲུབ་ཀྱི་ཡོད་དམ། ད་ཆར་ཆོས་སྲིད་ཐ་དད་ཡིན་ཟེར་གྱི་ཡོད་རེད་ལ། ལྷག་པར་དུ་དགའ་ལྡན་ཕོ་བྲང་དང་བོད་མིའི་སྒྲིག་འཛུགས་ཁ་ཁ་ཡིན་ཟེར་གྱི་ཡོད་རེད། དེ་ན་བཀའ་ཤག་གིས་གནང་ཆུང་ལ་བཀའ་ལུང་ཞུ་བའི་ཁྲིམས་སྒྲིག་ཅིག་བཅའ་ཁྲིམས་ཀྱི་དོན་ཚན་གང་ཞིག་ཏུ་གསལ་ཡོད་དམ། དེ་བས་གོང་ཡིག་ནང་ “བོད་མིའི་སྒྲིག་འཛུགས་ཀྱི་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ལུང་བསྩལ་་་་་་”ཞེས་བཀོད་འདུག་པ་དེ་རེད། བོད་མི་རིགས་ནི་ནང་པ་དང་བོན། ཁ་ཆེ། ཡི་ཤུ་སོགས་ཆོས་ལུགས་སྣ་ཚོགས་ལས་གྲུབ་པའི་མི་རིགས་ཤིག་རེད། དགའ་ལྡན་ཕོ་བྲང་དང་བོད་གཞུང་གཉིས་ཁ་ཁ་བཟོས་རྗེས་གནས་ཆུང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་བསྟེན་དགྲ་ལྷ་ཇི་ལྟར་ཆགས་པ་རེད། ང་ཚོ་ཆོས་ལུགས་རིས་མེད་ཡིན་ཟེར་བཞིན་དུ་གཞུང་བསྟེན་དགྲ་ལྷ་ཞིག་ཇི་ལྟར་ཡོང་ཆོག་གི་རེད་དམ།

    སྲིད་སྐྱོང་མཆོག་དང་བཀའ་ཤག བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་རྣམ་པས་ལས་དོན་གང་བྱེད་པར་སྔ་འདང་ཕྱི་འདང་ཡག་པོ་རེ་གནང་རོགས། དེ་མིན་བོད་མི་རིགས་ཀྱི་རྩ་དོན་ལ་དགེ་སྐྱོན་གང་གི་ཕྱོགས་སུ་འགྲོ་གི་ཡོད་མེད་དང་། ལོ་རྒྱུས་ཀྱི་གཟི་བརྗིད་ཅིག་གམ་ནག་ཉེ་གང་ཞིག་ཏུ་འགྱུར་གྱི་ཡོད་མེད་ལ་དགོངས་པ་ཡག་པོ་བཞེད་དགོས་ཀྱི་འདུག

    Reply
  18. ཚེ་རིང་རྡོ་རྗེ། says:
    ལོ་ 12 སྔོན།

    གཞིས་པ་བོད་མི་ཚོས་བཙལ་བྱོལ་བོད་མི་ལ་རེ་ལྟོས་བྱེད་པ་དང་། དེ་ལས་ཀྱང་རྒྱལ་བ་རིན་པོ་ཆེ་ལ་རེ་ལྟོས་ཆེན་པོ་བཅངས་ཡོད་པ་ཀུན་ལ་གསལ། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་པར་རེ་སྒུག་བྱེད་དོན་ནི་ཁོང་ལ་ཞལ་མཇལ་ཞུ་བ་ཙམ་དང་ཁོང་གི་བཀའ་སློབ་གསན་འདོད་པ་ཙམ་གྱི་ག་ལ་ཚད། ཁོང་ནི་རང་དབང་དང་བདེ་སྐྱིད་ཀྱི་མཚོན་བྱེད་ཡིན། ཁོང་བོད་ལ་ཕེབས་ཐུབ་དགོས་ན་རྒྱལ་སྤྱིའི་རྒྱབ་སྐྱོར་ཤི་མ་གསོན་ཞིག་གིས་ག་ལ་འགྲུབ། རྒྱ་ནག་དམར་ཤོག་སྲིད་གཞུང་ནི་བོད་མི་ཙམ་དུ་མ་ཟད། རྒྱ་མི་དུང་ཕྱུར་བཅུ་གསུམ་ལྷག་གི་དགྲ་ཟླར་ལངས། རྒྱ་ནག་དམར་ཤོག་སྲིད་དབང་གིས་དབང་སྒྱུར་བྱའི་མི་རྣམས་ཀྱི་རང་དབང་རྐང་འོག་ཏུ་མནན་ནས་འཚོ་བཞིན་ཡོད་པས། བོད་ལ་གུ་ཡངས་དང་རང་དབང་སྤྲད་ན་རྒྱ་དམར་གཞུང་རང་ཤི་བརྒྱབ་པ་དང་ཀུན་ནས་མཚུངས།
    ད་ཆར་དཔལ་འབྱོར་ཁེ་ཕན་གྱིས་ཁ་ལོ་སྒྱུར་བའི་འཛམ་གླིང་གི་ཆབ་སྲིད་ཁོར་ཡུག་ནས་རྒྱ་དམར་གཞུང་ལ་གནོན་ཤུགས་གཡོལ་དཀའ་བ་ཞིག་སུས་ཀྱང་སྤྲོད་མི་ཐུབ། རྒྱ་ནག་དམར་ཤོག་གཞུང་གི་མགོ་ཁྲིད་ཚོས་རང་འགུལ་གྱིས་བོད་ལ་རང་དབང་སྤྲད་ནས་རང་ཤི་རྒྱག་པར་རེ་བ་ནི་སྟོང་བསམ་ཁ་ོན་ཡིན། དེའི་ཕྱིར། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་ནུས་ན། བོད་མི་ཚོ་སྨྲོས་ཅི་དགོས། རྒྱ་ནག་མི་དམངས་རྣམས་ཀྱང་དམར་ཤོག་སྒེར་གཅོད་སྲིད་དབང་གི་འོག་ནས་བཅིངས་གྲོལ་བྱས་པ་ཡིན། དེ་འདྲའི་ནུས་མཐུ་ལྡན་པའི་ཨ་མའི་བུ་ཞིག་འཛམ་གླིང་འདིའི་སྒང་ན་ཨེ་ཡོད།
    ཅི་ལྟར་བཤད་ཀྱང་། བོད་ནང་གི་རང་ལུས་མེར་སྲེག་མཚམས་འཇོག་དགོས་པའི་འབོད་སྐུལ་བྱེད་པ་དེ་དང་། བོད་དོན་ལས་འགུལ་གྱི་གྲུབ་འབྲས་དང་དཀའ་ངལ་རྣམས་བོད་ནང་ལ་ཁ་གསལ་པོས་བརྗོད་མི་འདོད་པ་གཉིས་ནང་འགལ་ཆགས་འདུག གཞིས་པ་བོད་མི་ཚོར་བོད་དོན་ལས་འགུལ་གྱི་མི་འཇོན་ས་དང་དཀའ་ངལ་རྣམས་དྲང་པོར་མ་བཤད་པའི་ནག་ཉེས་ནི་ང་ཚོ་བཙན་བྱོལ་བ་མང་བྱིངས་ཀྱིས་འཁུར་དགོས་པ་དང་། མ་འོངས་པར་ང་ཚོར་སྡར་མ་ཁོག་ནག་གི་མིང་ཆད་ཅིག་སྤྲོད་ངེས་སོ།།

    Reply
  19. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    སྲུང་མ་དམ་ཚིག་ཅན་ལ་མཚན་སྨོད་ཞུ་བཞིན་པའི་ཉེས་པ་འདི་ཡོངས་རྫོགས་བཀའ་ཤག་གི་སྟེང་དུ་འབབ་པ་ཡིན། བཀའ་ཤག་གིས་འགན་འཁུར་དགོས་པ་ཡིན། བཀའ་ཤག་གསར་པ་༧རྒྱལ་བ་རིན་པོ་ཆེའི་མཛད་རྗེས་ནག་བསུབ་གཏོང་གི་ཡོང་པ་མ་རེད་གདའ།།

    Reply
  20. འབྲོང་བུ་སོག་ཚ། says:
    ལོ་ 12 སྔོན།

    ལྷ་མིན་འདྲེ་མིན་གནས་ཆུང་ཆོས་རྒྱལ་ལ།
    ཇ་མིན་ཆུ་མིན་མང་ཇ་འདི་ཕུལ་བས།
    གཞོན་མིན་རྒན་མིན་བོད་རིགས་འདི་ཐམས་ཅད།
    སྲིད་མིན་ཆོས་མིན་འདི་ལས་ཐར་བར་མཛོད།

    དགེ་བཤེས་བ་ཀོ་རབ་འབྱམས་ཀྱི་གསུང་བྱིན་ཅན་འདི་ཁ་བསྒྱུར་གྱི་བོད་རིགས་མཆོག་དམན་ཀུན་ལ་བརྩེ་བས་ཕུལ།།

    Reply
  21. མཉམ་ཞུགས says:
    ལོ་ 12 སྔོན།

    ང་ཚོས་ད་ལྟའི་བར་གཞན་ལ་ཆེ་ཆེ་རྫིག་རྫིག་གི་ཐོག་གཞན་ལ་ངོམ་སོ་ཞེས་པའི་མཁས་དབང་བློ་བཟང་སེང་གེ་ཡང་མདོར་བསྡུས་ན་ཆབ་སྲིད་ཀྱི་གོ་རྟོགས་ཀྱང་གནས་ཆུང་ལས་སྐྱོ་བ་ཡིན་པ་འདྲ།རྗེས་ཕྱོགས་ནས་སྲིད་སྐྱོང་འོས་བསྡུའི་ཚབ་ལ་མང་མོས་ཐོག་གནས་ཆུང་ཆོས་རྒྱལ་གྱི་མཚན་བསྒྱུར་(གནས་ཆུང་སྲིད་སྐྱོང་)ཏེ་བསྐོས་ན་ཡག་པོ་འདུག ཨ་རི་ཨ་ཝར་ཊི(Havard university)གཙུག་ལག་སློབ་གྲྭའི་འབུམ་རིམ་གྱི་གནས་རིམ་ཡོད་པའི་སྲིད་སྐྱོང་གིས་ཆབ་སྲིད་ཀྱི་ཐོག་ནས་ཀྱང་གནས་ཆུང་ལ་མགོ་བོ་སྒུར་ཡོད་ཚེ་དེ་ལས་གཞན་པ་བཤད་མ་དགོས་པ་རེད། ཧ་ཅང་འུ་ཐུག་ཡོད་པ་འདྲ། རྗེས་ལ་དོན་དག་མ་བྱུང་ཚེ་མི་མངོན་པའི་དབྱིངས་ན་བཞུགས་པའི་གནས་ལ་ལག་པ་ཕྱིས་ན་སྲིད་སྐྱོང་ཁོ་གཙང་མ་གཙང་རྐྱང་ཆགས་ངེས་ཡིན། གོ་ཐོས་ལ་སྲིད་སྐྱོང་ཁོང་ལས་ཁུངས་ནས་བསྡོད་པའི་དུས་ཚོད་ལས་ཕྱི་རྒྱལ་འགྲོ་དུས་ཚོད་མང་པོ་མེད་འགྲོ་བསམ་གྱི་འདུག དེའི་འགྲོ་སོང་ལའང་དང་ཐུགས་སེམས་བཞེས་དགོས་པར་སེམས། ཕྱིའི་རྒྱལ་ཁབ་ཀྱི་སྤྱི་འཐུས་ཞིག་ལ་ཐུག་པ་ཙམ་གྱི་བོད་དོན་ལ་འགྱུར་བ་ཐེབས་མི་ཟད་མ་ཟད་དེ་བོད་དོན་ཆེད་རེད་ཅེས་ཀྱང་བརྗོད་དཀའ་བ་ཡིན། གང་ལྟར་ཡག་པོ་གནང་པའི་རེ་བ་བྱེད་ཀྱི་ཡོད།

    Reply
  22. བསྟན་ཆོས། says:
    ལོ་ 12 སྔོན།

    ཧལ་བ་སྦྲི་ནས་སློབ་ཐོན་བྱས། །རྒྱལ་སྤྱིའི་ཁྲིམས་ནས་རྒྱ་འདེད་ཅེས།།ཁ་སྤོར་གནམ་སར་ཤོང་མིན་བཤད།།ལག་ལེན་བེ་ཧར་འདྲེས་ལ་བཅོལ།།སྔ་ལོར་སྔོན་ཆད་གདེན་དྲེངས་བཞིན།།སྔོན་ནས་སྔོན་ལ་མཆོང་བསྐུལ་བྱས།།བཅུ་གསུམ་ལོ་འདི་བཅུ་གསུམ་པས།གསལ་བསྒྲག་བསྐྱང་ཚུལ་གསལ་བཤད་བྱས།།

    Reply
  23. འབྲུག་གྲགས་རྒྱལ་པོ། says:
    ལོ་ 12 སྔོན།

    བཀའ་ཤག་ནས་དེ་སྔོན་འབོད་སྐུལ་འདི་རབ་དང་རིམ་པར་གནང་ཡོད། ད་ལན་ཐོག་མ་མ་རེད། ཧ་ལས་མདོག་མི་དགོས། ད་ལམ་གནས་ཆུང་ཆོས་སྐྱོང་ལ་ལུང་བསྟན་ཞུས་པ་དེ་ང་ཚོའི་གོམས་གཤིས་ལ་བདག་པོ་བརྒྱབ་པ་ཞིག་རེད། མི་འདོད་པའི་རྣམ་འགྱུར་སྟན་ནས་གང་ཡོང་། དེ་ལས་འཇོན་པོ་ཡིན་ན་རྒྱ་མིའི་བརྗོད་བབ་ལ་ལན་རྒྱོབ།

    Reply
  24. མངའ་རིས་འཕྲིན་ལས། says:
    ལོ་ 12 སྔོན།

    ད་ནི་སྲིད་སྐྱོང་མཆོག་གནས་ཆུང་གྲྭ་ཚང་དུ་ཆོས་ཞུགས་གནང་ནས་གནས་ཆུང་འཕྲིན་བཅོལ་འདོན་མཁན་གནང་རྒྱུ་ལས། རྒྱལ་ཁབ་དང་མི་རིགས་ཤིག་གི་ཆབ་དཔལ་རིག་གསུམ་སྐྱོང་ཐུབ་མཁན་ཞིག་ཨེ་ཡིན་སྙམ། སླར་ཡང་གཞིས་བྱེས་གཉིས་ནས་ཅི་ཞིག་འཚོལ་དགོས་སམ།

    Reply
  25. མངའ་རིས་འཕྲིན་ལས། says:
    ལོ་ 12 སྔོན།

    གཞིས་ལུས་བརྒྱ་ཕྲག་ལྷག་བོད་མི་རིགས་ཀྱི་བདེ་དོན་དུ་རང་སྲོག་ལུས་ལོངས་སྤྱོད་དང་བཅས་ཕུལ་དང་ཕུལ་བཞིན་པ་དེ་ལྟར་ཡང་། བཙན་བྱོལ་གཞུང་ད་དུང་ལྷ་བླའི་ལུང་བསྟན་ལ་གཞི་བཅོལ་གཞིས་ལུས་པ་རྣམས་ལ་འབོད་བསྐུལ་བྱེད་པ་ནི་སེམས་ཕམ་དགོས་པ་ཞིག་རེད། ལྷ་མིན་འདྲེ་མིན་གནས་དོལ་སུ་ཞིག་ལ་ཡིད་ཆེས་འོས་སམ། འདས་པའི་ཆ་ལ་གཟིགས་དང་ད་དུང་རྨོངས་གཉིད་ལས་མ་གྲོལ་བ་རེད་དམ། སྔར་ཡིན་ན་མི་མང་ནས་སྲིད་སྐྱོང་མཆོག་ལ་ཡིད་ཆེས་ག་ཚོད་བྱས་ཡོད། ད་ཆོས་གོས་གྱོན་དང་མ་གྱོན་ཁྱད་པར་ལས་ཆོས་བྱེད་དགེ་འདུན་པ་ཞིག་དང་ཅིས་མ་མཚུངས། ད་དུང་་་་ད་དུང་་་་

    Reply
  26. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ལྷ་མིའི་ལྟ་སྤྱོད་མཐུན་ཞེས་གྲགས། །
    རྩེ་མཐུན་ལུང་བསྟན་བརྩིས་འོས་སོ། །

    Reply
  27. དུག་མདུང་རྩེ་དགུ། says:
    ལོ་ 12 སྔོན།

    བོད་ལ་གཏམ་དཔེ་ཞིག་ཡོད་རེད། མི་འུ་ཐུག་ནས་ལྷ་ལ་ཞུས།། ལྷ་འུ་ཐུག་ནས་སྐྱག་རྫུན་བཤད། །

    Reply
  28. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    རང་ལུས་མེར་སྲེག་ཐད་འཛིན་པའི་བཀའ་ཤག་གི་སྲིད་བྱུས་ཀྱི་རྫུན་རྐུབ་བརྡོལ་མཚམས། དམ་ཚིག་ཅན་གྱི་སྲུང་མ་གནས་ཆུང་ཆོས་རྒྱལ་ཆེན་པོར་ལག་པ་འཕྱི་བའི་སྲིད་སྐྱོང་གི་བྱེད་བབ་འདི་ལ་ངོས་ལེན་གཏན་ནས་མེད་ལ། རྒྱ་ནག་གཞུང་གིས་རང་སྲེག་གཏོང་མཁན་ཚོར་ཉེས་འཛུགས་བཙོན་འཇུག་འབྲེལ་ཡོད་ནང་མིར་འཇིག་སྐུལ་བྱས་པའི་ངན་སྤྱོད་དེའི་ཁ་གཏད་ནས། སྲིད་སྐྱོང་གཙོས་བཀའ་ཤག་སྐབས་བཅུ་བཞི་པས་བོད་ནང་དུ་ད་བར་རེ་བ་སྟོང་པ་ལུང་པ་གང་སྤྲད་པ་བཅས་ཕྱོགས་གཉིས་ནས་བོད་ནང་གི་བོད་མི་ཚོའི་མཁས་མཛངས་ལྡན་པའི་འགན་འཁུར་གང་ཡང་བྱས་མེད་སྟབས། རང་སྲེག་དང་འབྲེལ་བའི་མཇུག་འབྲས་ཅི་བྱུང་གི་འགན་རྒྱ་ནག་གཞུང་ལ་ཡོད་པས་མ་ཟད། སྲིད་སྐྱོང་བློ་སེང་གིས་དབུ་འཁྲིད་པའི་བཀའ་ཤག་ལའང་འགན་གཅིག་མཚུངས་སུ་ཡོད་པ་འདི། ལོ་རྒྱུས་དང་དངོས་ཡོད་གནས་ཚུལ། ལས་རྒྱུ་འབྲས་གང་གིས་ཀྱང་ཐར་བ་མི་གཏོང་བའི་དོན་དངོས་ཤིག་ཡིན་པ་ཤུགས་ཆེན་པོས་བསྐྱར་ནན་ཞུ་རྒྱུ་ཡིན།།

    Reply
  29. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་ ཟླ་འདིའི་ཚེས་ ༡༨ ཉིན་བཅས་སུ་གནས་ཆུང་ཆོས་རྒྱལ་ཆེན་པོས་བོད་མིའི་རང་ལུས་མེར་བསྲེགས་མཚམས་འཇོག་དགོས་པའི་བཀའ་ལུང་བསྩལ་བ་ལྟར། གཞིས་བྱེས་བོད་མི་ཡོངས་ཀྱིས་རང་ལུས་མེར་བསྲེགས་སོགས་ཚབས་ཆེའི་ལས་འགུལ་རིགས་མི་སྤེལ་རྒྱུའི་སྐུལ་ཞུས་འདུག ་་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese