ཉེ་ལམ་ཨ་རིར་གནས་སྡོད་བོད་རིགས་བུད་མེད་ཀུན་བཟང་སྒྲོལ་མ་ལགས་ཀྱིས། མོ་རང་གི་ཀྱག་ཀྱོག་མི་ཚེའི་ལོ་རྒྱུས་དཔེ་དེབ་<< A Hundred Thousand White Stones>> ༼ རྡེའུ་འབུམ།༽ཞེས་པ་ཞིག་དཔར་འགྲེམས་བྱས་རྗེས། ཨ་རི་དང་ཡུ་རོབ་ཀྱི་མི་མང་པོ་ཞིག་གིས་དོ་སྣང་བྱེད་ཀྱི་ཡོད་པ་མ་ཟད། བོད་པའི་བརྒྱུད་ལམ་ཁག་ཏུའང་གླེང་སློང་ཤུགས་ཆེན་ཡོང་གི་ཡོད་སྟབས། གསར་འགོད་པས་དཔེ་དེབ་དེ་དང་འབྲེལ་ཏེ་མོའི་མི་ཚེའི་ཤུལ་ལམ་སྐོར་ལ་བཅར་འདྲི་ཞུས་ཡོད།
དྲི་བ། ཐོག་མར་ཁྱེད་རང་གི་མི་ཚེའི་བརྒྱུད་རིམ་ངོ་སྤྲོད་མདོ་བསྡུས་ཤིག་གནང་རོགས།
ལན། ང་རང་གི་ཕ་ཡུལ་མདོ་སྨད་མང་རྭ་མར་ཁུ་ཐང་ཟེར་བ་དེ་ནས་ཡིན། ང་ཆུང་དུས་སློབ་གྲྭ་ལོ་རིམ་གསུམ་པ་ཙམ་ལ་སྐྱོད་རྗེས་ཆ་རྐྱེན་གྱི་དབང་གིས་མུ་མཐུད་འགྲོ་ཐུབ་མ་སོང་། ལོ་བཅོ་ལྔའི་སྟེང་མང་རའི་ཉེ་འཁོར་གྱི་བཙུན་དགོན་ཞིག་ཏུ་ཨ་ནེ་བྱས་ཏེ་ལོ་གཉིས་ཙམ་རིང་ནང་ཆོས་དང་བོད་པའི་རིག་གནས་ཐོག་སློབ་སྦྱོང་གི་གོ་སྐབས་ཕྲན་ཙམ་ཐོབ། ལོ་བཅོ་བརྒྱད་སྟེང་རྒྱ་གར་ལ་ཡོང་ནས་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཞུགས་པ་ཡིན། སློབ་གྲྭ་ཐོན་རྗེས་ ༢༠༠༤ ལོར་ངའི་ད་ལྟའི་ཁྱོ་ག་ཨེ་ཝན་སྒྲེ་ནོ་(Evan Denno)དང་ངོ་ཐུག་སྟེ་ ༢༠༠༥ ལོར་ཨ་རིར་ཕྱིན་པ་ཡིན། ད་ལྟ་བུ་མོ་གཉིས་དང་ངེད་བཟའ་མི་བཞི་བོ་ཨ་རིའི་བྱང་ཤར་མངའ་སྡེ་མཱེན་( Maine )ནང་འཚོ་བ་སྐྱེལ་བཞིན་ཡོད། ༢༠༡༢ ལོའི་སྟོན་ཁར་ང་རང་ཕ་ཡུལ་ལ་གཉེན་འཕྲད་དུ་ཕྱིན་པ་ཡིན། ངའི་མི་ཚེའི་ལོ་རྒྱུས་རོབ་ཙམ་དེ་འདྲ་ཞིག་རེད།
དྲི་བ། ཉེ་ལམ་ཞིག་ནས་ཁྱེད་རང་གིས་སོ་སོའི་མི་ཚེའི་བཞུད་ལམ་སྐོར་གྱི་དཔེ་ཅིག་བྲིས་ཡོད་སྐོར་གླེང་སློང་ཡོང་གི་འདུག དེབ་དེའི་ནང་དོན་དང་དེ་འདྲ་ཞིག་འབྲི་དགོས་པའི་དམིགས་ཡུལ་ངོ་སྤྲོད་ཅིག་གནང་རོགས།
ལན། ང་རང་གི་དེབ་དེ་དབྱིན་ཡིག་ནང་བྲིས་ཡོད་པ་རེད། ཕྱི་ཟླ་ ༦ ཚེས་ ༡༢ ཉིན་དངོས་སུ་ཨ་རི་དང་ཡུ་རོབ་ནང་བཀྲམས་པ་ཡིན། དེབ་དེ་ལ་རྩ་བའི་ཤོག་ངོས་ ༢༥༠ དང་། ཚན་པ་དང་པོ་༼བཙན་འཛུལ༽ཞེས་པ་ནས་མཐའ་མ་༼ནང་མི་ལྷན་འཛོམས༽ཞེས་པའི་བར་ལེའུ་ ༣༢ ཡོད། ནང་དོན་གཙོ་བོ་ང་རང་ཆུང་དུས་ནས་དཀའ་ངལ་སྣ་ཚོགས་འཕྲད་པའི་སྐོར་དང་། ལོ་བཅུ་བཞི་བཅོ་ལྔའི་ཐོག་མི་གཞན་གྱིས་བཙན་གཡེམ་ཐེབས་ཏེ་ཕྲུ་གུ་ཆགས་པ། གནས་ཚུལ་དེའི་དབང་གིས་སྤྱི་ཚོགས་ནང་མཐོང་ཆུང་དང་བརྙས་བཅོས་ཚད་མེད་མྱངས་པ། དེ་ནས་ཨ་ནེ་བྱས་ཏེ་རྒྱ་གར་ནང་བྲོས་བྱོལ་དུ་ཡོང་བ། རྒྱ་གར་ནང་ངའི་ཁྱོ་ག་དང་འཕྲད་ནས་ཨ་རིར་སྐྱོད་པ་སོགས་ཁ་སངས་པོ་དང་ཞིབ་ཚགས་པོས་བྲིས་ཡོད། དེབ་འབྲི་མཁན་མང་པོ་ཞིག་གིས་སྐྱོན་དང་ནོར་འཁྲུལ་རིགས་ཁ་སངས་པོས་འབྲི་ཐུབ་ཀྱི་མེད་པ་དང་། ལྷག་པར་དུ་བོད་པའི་བུད་མེད་ཚོས་བརྙས་བཅོས་མྱོང་གི་ཡོད་པ་ཤེས་ཀྱི་ཡོད་ཀྱང་དེའི་སྐོར་ལ་གླེང་སློང་དང་དེབ་འབྲི་མཁན་དཀོན་པོ་རེད། མང་ཚོགས་ནང་ངའི་དེབ་དེར་དོ་སྣང་སླེབས་དོན་གཙོ་བོ་གཅིག དེབ་དེའི་ནང་སོ་སོར་མིས་བཙན་གཡེམ་ཐེངས་ཁ་ཤས་ཐེབས་པ་རེ་རེ་བཞིན་ཁ་སངས་པོས་བྲིས་ཡོད་སྟབས་དོ་སྣང་ཡོང་གི་ཡོད་པ་རེད། དེ་བཞིན། དེབ་འབྲི་སྟངས་ཀྱི་ཐད་ནས་ཀྱང་བོད་ཡིག་ནང་གི་མི་སྒེར་གྱི་ལོ་རྒྱུས་འབྲི་སྟངས་དང་མི་འདྲ་བར། ནུབ་ཕྱོགས་ཀྱི་མི་ཚེའི་ལོ་རྒྱུས་འབྲི་སྟངས་ལྟར་བྲིས་ཡོད་སྟབས་ཅུང་མ་འདྲ་བ་ཞིག་ཆགས་ཡོད་པ་རེད།
དྲི་བ། ཁྱེད་རང་ཆུང་དུས་ཕ་ཡུལ་གྱི་གོམས་གཤིས་ཟེར་ན་འདྲ་མི་ལ་ལར་སྤྱོད་པ་ལོག་སྟེ་ཟེར་ན་འདྲ། གང་ལྟར་སོ་སོར་འདོད་པ་མེད་བཞིན་དུ་མིས་བཙན་གཡེམ་བྱས་པ་དེས་ཁྱེད་རང་གི་མི་ཚེ་ལ་ལེགས་ཉེས་ཀྱི་ཤུགས་རྐྱེན་ག་རེ་ཐེབས་སོང་།
ལན། ང་རང་ལོ་བཅོ་ལྔའི་ཐོག་མིའི་བཙན་གཡེམ་བྱས་ཏེ། མཐའ་མར་མངལ་ཆགས་པ་སོགས་ནི་ངའི་མི་ཚེའི་ནང་གི་ཆག་སྒོ་ཆེ་ཤོས་སུ་གྱུར་ཏེ། ཆུང་ས་ནས་རང་གི་ཕ་མ་སྤུན་མཆེད་དང་སྡེ་བ་ཚོ་བ། ཆེ་ས་ནས་རང་གི་སྤྱི་ཚོགས་ཀྱི་གནོན་ཤུགས་དང་བརྙས་བཅོས་ཚད་མེད་མྱངས་དགོས་བྱུང་སོང་། ཁྱིམ་ཚང་ནང་དུ་རང་ཉིད་ལ་ཁ་ལོག་ཚིག་ལོག་རྒྱབ་པ་དང་། སྡེ་བ་ཚོ་བའི་ནང་དུ་བུ་མོ་ཆུང་ཆུང་ཞིག་ལ་ཕྲུ་གུ་འཁོར་བ་ངོ་ཚ་དང་ཐན་ལྟས་ཤིག་ཏུ་བརྩིས་ཏེ། མི་འགའ་རེས་གདོང་ལ་བལྟས་ཏེ་སྐད་ཆ་ངན་པ་བཤད་པ་དང་། འགའ་རེས་རྒྱབ་ལོགས་ནས་འཕྱ་སྨོད་བྱེད་པ། སྡེ་བ་ཚོ་བ་འཛོམས་སར་མི་གྲལ་དུ་མི་འཇོག་པར་སྤྱི་ཚོགས་ནང་གི་གད་སྙིགས་ལྟ་བུ་ཞིག་ཆགས་སོང་། མཚམས་ཤིག་རང་ཉིད་ལའང་རང་བཞིན་གྱིས་སོ་སོ་ནི་ཆེས་ཐ་ཤལ་བ་ཞིག་ཡིན་པ་དང་། རང་གི་སེམས་ནང་གི་སྡུག་བསྔལ་ཡོངས་རྫོགས་རང་ཉིད་ཀྱི་སྡུག་གྱོང་ཡིན་པ་ལྟ་བུའི་ཚོར་སྣང་ཡོང་གི་འདུག
དཀའ་སྡུག་དང་བརྙས་བཅོས་དེའི་འོག་ནས་ང་རང་ཨ་ནེ་བྱས་ཤིང་། མཐའ་མ་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་བ་ཡིན། ཡིན་ནའང་སེམས་ནང་གི་སྡུག་བསྔལ་དང་དངངས་སྐྲག་དེ་ལོ་ཟླ་མང་པོ་ཞིག་ལ་སོ་སོ་གཅིག་པུས་འཁུར་དགོས་བྱུང་སོང་། རྗེས་སུ་ངའི་ཁྱོ་ག་འདི་དང་ངོ་ཤེས་ཆགས་ཏེ་རིམ་གྱིས་ཕན་ཚུན་རྒྱུས་ལོན་དང་སེམས་ཐག་ཉེ་རུ་ཕྱིན་ཞིང་། ཁོ་བོ་ནི་ང་རང་གི་སེམས་ཀྱི་སྡུག་བསྔལ་བཤད་སའི་མི་གཅིག་པུ་དེ་ཡིན་པའི་ཡིད་ཆེས་ཤིག་སྐྱེས་ཏེ། ཐེངས་མང་པོ་ཞིག་ལ་བཤད་རྩིས་བྱས་ཀྱང་ཁ་ནས་འདོན་ཐུབ་མ་སོང་། མཐའ་མར་ངའི་བུ་མོ་གཉིས་ཀྱང་སྐྱེས་ཚར་བའི་རྗེས་ཤིག་ལ་གཞི་ནས་ངས་ཁྱོ་གར་ང་རང་ཆུང་དུས་བྱུང་བའི་གནས་ཚུལ་ཚང་མ་བཤད་ཡིན། ང་རང་ངུ་ཞོར་དུ་བཤད་པ་ཡིན། སྐབས་དེར་ཁོས་ཁྱོད་ཀྱིས་སྡུག་བསྔལ་མང་པོ་མྱངས་འདུག་ཟེར་ཞིང་། ཁོ་རང་གི་གདོང་ལའང་སྐྱོ་སྣང་གིས་ཁེངས་ཏེ། ང་ལ་སེམས་གསོ་བྱས་སོང་།
དྲི་བ། ཁྱེད་ཀྱིས་དེབ་འདི་འདྲ་ཞིག་འབྲི་རྒྱུའི་སྤོབས་པ་དེ། ཁྱེད་རང་གི་ཁྱོ་ག་ཕྱི་གླིང་བ་ཡིན་པའི་ཤུགས་རྐྱེན་ཐེབས་པ་རེད་དམ། ཡང་ན་རྒྱུ་མཚན་རྒྱབ་ལྗོངས་ངེས་ཅན་ཞིག་གི་འོག་ནས་སོ་སོས་ཐག་གཅོད་བྱས་པ་ཡིན།
ལན། མི་སྒེར་ཞིག་གི་ངོས་ནས་བཤད་ནའང་རེད། སྤྱི་ཚོགས་ཤིག་གི་ངོས་ནས་བཤད་ནའང་རེད། སྐྱོན་དང་ནོར་འཁྲུལ་གང་འདྲ་ཞིག་ཡོད་ཀྱང་དེ་དག་གནས་སྐབས་ཙམ་ལས་དུས་གཏན་དུ་གསང་བ་བྱེད་ཐུབ་པ་ཞིག་རེད་བསམ་གྱི་མི་འདུག སྤྱི་ཚོགས་ཀྱི་སྐྱོན་ཆ་ཞིག་ཡིན་ན་ཡང་ཉི་མ་གཅིག་ཕྱི་ལ་འཐོན་ཡོང་གི་རེད་ལ། མི་སྒེར་ཞིག་གིས་ནོར་འཁྲུལ་ཡིན་ནའང་གོ་སྐབས་ཞིག་ཤར་ན་ཁ་ནས་བཏོན་ཡོང་གི་རེད། ངའི་ཁྱོ་ག་དུས་རྒྱུན་རྩོམ་ཡིག་འབྲི་མཁན་ཞིག་ཡིན་སྟབས་ངེད་གཉིས་ཀྱིས་ངའི་ལོ་རྒྱུས་དེ་དག་ཡིག་ཐོག་ཏུ་ཕབ་རྒྱུ་བྱས་པ་ཡིན། ཐོག་མར་ཤོག་ལྷེ་བརྒྱ་ཡས་མས་ཅན་ཞིག་བྲིས་ཏེ་ངའི་ཁྱོ་གའི་ཕ་མ་གཉིས་དང་གྲོགས་པོ་འགར་ནང་ཚགས་ཀྱིས་བསྟན་སྐབས། ཁོ་རང་ཚོས་ངའི་སྒྲུང་དེ་ཧ་ཅང་སྙན་པོ་དང་རྩ་ཆེན་པོ་འདུག་ཟེར་ནས་གདེང་འཇོག་ཆེན་པོ་གནང་སོང་།
དེ་ནས་ངེད་གཉིས་ཀྱིས་གྲོས་བྱས་ཏེ་དཔེ་དེབ་དཔར་རྒྱུའི་སེམས་ཐག་བཅད་པ་ཡིན། ང་རང་གིས་འདས་པའི་གནས་ཚུལ་དག་ལ་གཏིང་ཟབ་མོས་ཕྱིར་དྲན་བྱེད་ཁུལ་བྱས་པ་ཡིན། དེབ་དེ་བྲིས་པའི་བརྒྱུད་རིམ་དེ་ང་ལ་མཚོན་ན། ཆེས་དཀའ་སྡུག་དང་ན་ཟུག་གི་དུས་ཡུན་ཞིག་ཆགས་སོང་། མཚམས་རེར་སེམས་སྐྱོ་ནས་མིག་ཆུ་ཤོར་བ་དང་། མཚམས་རེར་ཁོང་ཁྲོ་ལངས་ཏེ་སྙིང་རླུང་སྟོད་ལ་འཚང་པ། སོ་སོའི་ཚོར་བ་གནོན་མ་ཐུབ་པར་སེམས་མ་སྐྱིད་པ་ཆགས་ཏེ་ཟླ་བ་ཁ་ཤས་རེར་དེབ་འབྲི་མཚམས་བཞག་པའང་བྱུང་མྱོང་ཡོད། ང་རང་ལ་དེབ་འདི་འབྲི་བར་སྤོབས་པ་དང་སེམས་ཤུགས་སྤྲོད་མཁན་གཙོ་བོ་ང་རང་གི་ཁྱོ་ག་དང་བུ་ཕྲུག་ཚོ་ཡིན་བསམ་གྱི་ཡོད། ངའི་ཁྱོ་གའི་ཕ་མ་གཉིས་དང་ལས་གྲོགས་ཚོས་ང་ལ་རྒྱབ་སྐྱོར་ཆེན་པོ་གནང་སོང་། དེ་ནས་ཁོར་ཡུག་གི་ཤུགས་རྐྱེན་ཡང་ཐེབས་ཡོད་སྲིད་པ་རེད། འདི་གའི་མི་ཚོས་དོན་དག་ཡོད་མེད་ཚང་མ་གསང་བ་བྱེད་རྒྱུར་དགའ་བོ་མི་འདུག་པ་མ་ཟད། ཕན་ཚུན་སྐད་ཆ་བཤད་སྐབས་ཀྱང་ཁ་ཐུག་དང་དྲང་མོར་ཤོད་ཀྱི་འདུག གང་ལྟར། ངའི་མི་ཚེའི་སྐོར་གྱི་དཔེ་དེབ་འདི་མིག་ཆུ་དང་བསྡེབས་ནས་ལོ་ངོ་ཧྲིལ་བོ་བཞིའི་རིང་བྲིས་པ་ཡིན།
དྲི་བ། ཕྱི་རྒྱལ་དུ་མི་སྒེར་གྱི་མི་ཚེའི་ལོ་རྒྱུས་འབྲི་མཁན་མང་པོ་ཞིག་གིས་སོ་སོར་བཙན་གཡེམ་ཐེབས་པའི་གནས་ཚུལ་དེ་འདྲ་ཡོད་ན། མི་དེའི་མིང་དང་ལོ་རྒྱུས་གསལ་བོར་བཀོད་སྲོལ་ཡོད་ཀྱང་ཁྱེད་རང་གི་དེབ་ནང་དེའི་སྐོར་བྲིས་མེད་དོན་ཅི་ཡིན།
ལན། ངས་ཀྱང་དེབ་འདི་ཐོག་མར་འབྲི་སྐབས་དེའི་སྐོར་ལ་བསམ་བློ་བཏང་ཡིན། དེར་མ་ཟད་གྲོགས་པོ་གྲོགས་མོ་འགས་ཀྱང་མི་དེ་ཚོའི་སྐོར་གསལ་བོར་བྲིས་ན་ལེགས་ཚུལ་བཤད་སོང་། འོན་ཀྱང་། སོ་སོ་ཡང་ཕྲུ་གུ་གཉིས་ཀྱི་ཨ་མ་ཞིག་ཡིན་པའི་ཆ་ནས། ཕ་མ་དང་ཕྲུ་གུའི་བར་གྱི་བརྩེ་བ་རྟོགས་ཐུབ་ཀྱི་ཡོད། ང་རང་གི་བུ་མོ་གཉིས་ལ་མཚོན་ན་ཡང་། ཨ་ཕ་ལ་བརྩེ་བ་ག་ཚོད་ཅིག་ཡོད་པ་ང་རང་གིས་དངོས་སུ་མཐོང་གི་ཡོད་པ་རེད། ངས་མི་དེ་ཚོའི་མིང་སོགས་གསལ་བོར་བྲིས་པ་ཡིན་ན། ཁོ་ཚོར་ཡང་གཟའ་ཚང་དང་ཕྲུ་གུ་ཡོད་པ་རེད། རྗེས་སུ་ཁོ་ཚོའི་ཕྲུ་གུ་དེ་ཚོ་ཆེན་པོ་ཆགས་དུས་གནས་ཚུལ་ཚང་མ་ག་ལེར་ཤེས་འགྲོ་གི་རེད། དེ་དུས་ཕྲུ་གུ་དེ་ཚོའི་སེམས་ལ། ཨ་ཙི། ངའི་ཨ་ཕ་འདི་དེ་འདྲའི་མི་སྤྱོད་ངན་ཞིག་ཡིན་ས་རེད་བསམ་ན། ཕ་བུའི་བར་གྱི་ཡིད་ཆེས་དང་བརྩེ་བར་དོ་ཕོག་འགྲོ་བ་མ་ཟད། བུ་ཕྲུག་ཚོའི་སེམས་ནང་དུའང་མ་སྐྱིད་པ་དང་སྤྱི་ཚོགས་ཐོག་དོག་མ་བདེ་བ་ཡོང་གི་རེད་སྙམ་ནས་ངས་མི་དེ་ཚོའི་མིང་མ་བྲིས་པ་ཡིན།
དྲི་བ། ཁྱེད་རང་གི་སློབ་སྦྱོང་གི་བརྒྱུད་རིམ་རིང་ནའང་དབྱིན་ཡིག་སྦྱོང་བའི་དུས་ཚོད་དེ་ཙམ་རིང་པོ་མིན་སྟབས། ཁྱེད་ཀྱི་མི་ཚེའི་ལོ་རྒྱུས་སྐོར་གྱི་དཔེ་དེབ་དེ་དབྱིན་ཡིག་ནང་འབྲི་རྒྱུར་མི་གཞན་པའི་རོགས་རམ་ལ་བརྟེན་པ་རེད་དམ།
ལན། ང་རང་སློབ་གྲྭ་མང་པོ་འགྲིམས་མྱོང་མཁན་དེ་འདྲ་མིན། ཁྱིམ་ཚང་གི་དཀའ་ངལ་ལ་རྐྱེན་བྱས་ཏེ་ཆུང་དུས་ཕ་ཡུལ་དུ་སློབ་ཆུང་ལོ་རིམ་གསུམ་པ་བར་དུ་མ་གཏོགས་འགྲོ་ཐུབ་མ་སོང་། དེ་ནས་ལོ་བཅོ་ལྔའི་ཐོག་ཨ་ནེ་བྱས་པ་ཡིན། ཨ་ནེ་དགོན་པར་ལོ་ཁ་ཤས་བསྡད་པའི་རིང་ལ་བོད་ཡིག་སློབ་སྦྱོང་བྱས་ཀྱང་། དེ་ཡང་འདོད་བློ་ཁེངས་པ་ཞིག་སྦྱངས་ཐུབ་མ་སོང་། རྒྱ་གར་ནང་བྲོས་བྱོལ་དུ་འབྱོར་རྗེས་གསོག་སྒར་སློབ་གྲྭ་ནས་སློབ་མཐར་ཕྱིན་པ་ཡིན། ཕྱིས་སུ་ཨ་རིར་འབྱོར་རྗེས་ལུང་པ་འདིའི་འགྲོ་སྟངས་དང་སྡོད་སྟངས། འཚོ་བ་བསྐྱལ་སྟངས་སོགས་ཀྱི་དཀའ་ངལ་མང་པོ་ཞིག་གི་འོག་སློབ་སྦྱོང་མི་བྱེད་ཀ་མེད་ཆགས་ཏེ། ལོ་མང་པོ་ཞིག་ལ་དབྱིན་ཇིའི་སྐད་ཡིག་སྦྱངས་པ་ཡིན། སློབ་སྦྱོང་གི་གོ་རིམ་འདྲ་བོ་དེ་འདྲ་ཞིག་རེད། ངའི་དེབ་དེ་ལ་མཚོན་ན་ཡང་གཙོ་བོ་ངའི་ཁྱོ་གས་འབྲི་རོགས་བྱས་ཏེ་ལེགས་འགྲུབ་བྱུང་བ་ཞིག་ཡིན་པ་ལས། ང་རང་ཉིད་ལ་མཚོན་ན་རང་གཞན་གཉིས་ཀྱི་སྐད་ཡིག་གང་གི་ངོས་ནས་ཀྱང་། དེབ་འབྲི་བའི་ཤེས་ཚད་དེ་འདྲ་ཡོད་པ་མ་རེད།
དྲི་བ། བོད་པའི་སྲོལ་རྒྱུན་གྱི་གོམས་གཤིས་ཤིག་གི་དབང་གིས་ན་གཞོན་ཕོ་མོ་ཚོའི་འབྲེལ་བ་བྱེད་ཕྱོགས་ཐོག དེང་གི་ཁྲིམས་ལུགས་དང་མི་མཐུན་པ་མང་པོ་ཞིག་ཡོང་གི་ཡོད་པའི་ཐད་ཁྱེད་རང་ལ་ལྟ་ཚུལ་གང་འདྲ་ཡོད་དམ།
ལན། ང་རང་གི་བསམ་པར། གལ་སྲིད་བུ་མེད་ཅིག་ལ་འདོད་པ་མེད་ན་རང་དགར་འཇོག་རྒྱུ་ལས། གང་བྱུང་ལག་པ་འཆིང་བ་དང་བཙན་ཤུགས་ཀྱིས་འོ་བྱེད་པ་སོགས་རྩ་བ་ཉིད་ནས་འགྲིག་གི་མི་འདུག མ་གཞི་བྱ་སྤྱོད་དེ་རིགས་ཁྲིམས་འགལ་ཆགས་ཀྱི་ཡོད་པ་རེད། ཁྲིམས་ལུགས་ལ་རྒྱུས་མངའ་མེད་མཁན་ཞིག་ཡིན་ཡང་། རང་གི་བྱ་སྤྱོད་དེ་ནོར་འཁྲུལ་ཞིག་ཡིན་པ་ཤེས་དགོས་ཀྱི་འདུག ང་རང་གི་ཉམས་མྱོང་སྒང་ནས་བཤད་ན། འདོད་པ་མེད་བཞིན་དུ་ལག་པ་འཆིང་བ་དང་འོ་བྱེད་པ། བཙན་ཤུགས་བཀོལ་བ་སོགས་ཀྱིས་སེམས་ནང་དངངས་སྐྲག་དང་། ཁོང་ཁྲོ་ཆེན་པོ་སློང་གི་འདུག གལ་སྲིད་རང་ཉིད་སྐྱེས་པ་ཞིག་ཡིན་ན་འཛིང་རེས་བྱེད་ས་རེད་བསམ་པ་དྲན་གྱི་འདུག མི་འགའ་རེས་བུད་མེད་ཚོ་ཚུར་དགའ་ཡི་ཡོད་ཀྱང་། ངོ་ཚ་སྨིན་པོ་དང་བོད་པའི་གཤིས་ཀའི་ཐད་ནས་མཚམས་རེར་ཕར་ཅུང་རྩུབ་པོ་མ་བྱས་ན། ཚུར་རང་རྒྱུས་ཤོར་འཇུག་གི་མ་རེད་ཟེར་མཁན་ཡོད་ཀྱང་། དུས་ཚོད་དེ་རྫོགས་ཚར་རེད། དེང་སྐབས་གལ་སྲིད་ཁྱོད་རང་བུ་མོ་ཞིག་ལ་དགའ་ཡི་ཡོད་པ་དང་བུ་མོ་དེ་ཡང་ཁྱོད་རང་ལ་འདོད་པ་ཡོད་ན། ཁྱོད་ཀྱིས་གོ་སྐབས་ཤིག་བཙལ་ཏེ་འགྲོ་སྟངས་ཚུལ་ལྡན་ཐོག་ནས་ཁ་སངས་པོས་བཤད་ཐུབ་པ་ཡིན་ན་མོས་ཀྱང་ཏན་ཏན་ངོས་ལེན་བྱེད་གི་རེད་སྙམ།
དྲི་བ། ད་ལྟ་ཁྱེད་རང་གི་ཁྱོ་ག་ཕྱི་གླིང་བ་ཞིག་ཡིན་པ་དེས་བོད་པའི་སྤྱི་ཚོགས་ནང་ཁྱེད་ལ་ལྟ་ཚུལ་གང་འདྲ་ཡོང་གི་ཡོད་པ་དང་། ཁྱེད་རང་སྒེར་ངོས་ལ་སྣང་བ་རྣམ་རྟོག་དེ་འདྲ་འདུག་གམ།
ལན། རང་གི་ཉམས་མྱོང་གི་སྒང་ནས་བཤད་ན། ང་ཚོའི་སྤྱི་ཚོགས་ནང་མི་རིགས་གཞན་པ་ཞིག་དང་འགྲོག་ན་ལྟ་ཚུལ་མི་ལེགས་པ་ཡོང་གི་འདུག ང་རང་གིས་བསམ་ན། བོད་པ་ཡིན་མིན་དེ་གལ་ཆེ་ཤོས་མ་རེད། བཟའ་ཚང་ཟེར་བ་འདི་ཚེ་གཅིག་གི་བྱ་བཞག་གལ་ཆེན་ཞིག་ཡིན་སྟབས། གཙོ་བོ་རང་ཉིད་ལ་མཐོང་དང་བརྩེ་བ་ཡོད་མཁན་ཞིག་ཡིན་ན་མི་ཚེ་བདེ་སྐྱིད་ཡོང་གི་རེད། སྐད་དང་གོམས་གཤིས་མི་འདྲ་བ་ཡོད་ཀྱང་། ངས་དེ་ནི་དཀའ་ངལ་ཆེན་པོ་ཞིག་ཏུ་ཚོར་མ་སོང་། མི་རིགས་མ་འདྲ་བ་གཉིས་ཆང་ས་རྒྱབ་ན་དགེ་མཚན་ཡང་ཡོད་པ་རེད། དཔེར་ན། ཕན་ཚུན་གྱི་རིག་གཞུང་དང་གོམས་གཤིས་མང་པོ་ཞིག་ཧ་གོ་ཡོང་གི་རེད་ལ། ཕྲུ་གུ་ཚོ་ཡང་སྐད་ཡིག་དང་རིག་གཞུང་མ་འདྲ་བ་གཉིས་ཀྱི་འོག་འཚར་ལོངས་བྱུང་ན། མ་འོངས་པར་གཞན་དང་མ་འདྲ་བ་ཞིག་ཆགས་གི་རེད། མི་ཚེ་སྐྱེལ་རོགས་དེ་བོད་པ་ཞིག་ཡིན་དགོས་པའི་བསམ་བློ་དེའི་ཤུགས་སུ། མཆོག་དམན་གྱི་མི་རིགས་དབྱེ་འབྱེད་ཀྱང་ཡོང་གི་ཡོད་པ་རེད། སྔོན་ཆད་ངའི་གྲོགས་མོ་ཞིག་གིས་ཀྱང་དེ་ལྟར་བཤད་མྱོང་། ཁྱོད་རང་བོད་མི་ཞིག་ལ་ཆང་ས་རྒྱབ་ན་རང་གི་སྤྱི་ཚོགས་ནང་འགྲོ་སྲོལ་ཡོད་པ་རེད། འོན་ཀྱང་ཕྱི་རྒྱལ་བ་ཞིག་དང་ཆང་ས་རྒྱབ་ན། རང་གི་སྤྱི་ཚོགས་ནང་འགྲོ་སྲོལ་ཡོད་པ་མ་རེད་ལབ་མྱོང་ཡོད། སྐད་ཆ་དེ་ནི་མི་གཞན་གྱི་མི་ཚེ་དང་ལས་དབང་། བརྩེ་བ་སོགས་ལ་འགན་མ་འཁུར་བའི་སྐད་ཆ་ཞིག་རེད་དྲན་གྱི་ཡོད།
དྲི་བ། ཁྱེད་རང་ཨ་རིར་བསླེབས་རྗེས་གཞི་ནས་སྤྱི་ཚོགས་གསར་པ་ཞིག་ལ་འགྲོག་འདྲིས་བྱེད་དགོས་སྟབས། དཀའ་ངལ་དང་གནོན་ཤུགས། ཡང་ན་སློབ་སྦྱོང་དང་ཉམས་མྱོང་གང་འདྲ་རག་སོང་ངམ།
ལན། ཨ་མི་རི་ཀར་མ་བསླེབ་སྔོན་ལ་སེམས་ནང་ལ། ཨ་རིར་བསླེབས་རྗེས་རང་གི་མི་ཚེ་ལ་བཟང་ཕྱོགས་ཀྱི་འགྱུར་བ་མང་པོ་ཞིག་འགྲོ་གི་རེད་བསམ་པའི་རེ་བ་ཡོད་ཀྱང་། ས་འདིར་དངོས་སུ་བསླེབས་དུས། ཡུལ་སྲོལ་གོམས་གཤིས་དང་སྐད་ཡིག་སོགས་ཀྱི་དཀའ་ངལ་ཙམ་མ་ཡིན་པར། ཐ་ན་འགྲོ་སྟངས་འདུག་སྟངས་དང་ཟ་སྟངས་འཐུང་སྟངས་ཚུན་དུ་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་ཀྱི་འདུག ད་ལྟ་ང་རང་སྔོན་ཆད་དང་བསྡུར་ན་ཕྱོགས་གང་ཐད་ནས་དཀའ་ངལ་མེད་པ་འདྲ་བོ་རེད། ཡིན་ནའང་ང་རང་འཚར་ལོངས་བྱུང་སའི་སྤྱི་ཚོགས་ནང་གི་བུད་མེད་ཚོའི་སྐོར་ལ་བསམ་བློ་བཏང་ན། ང་འདི་ལྟར་བསྡད་ན་དུས་ཚོད་འཕྲོ་བརླག་རེད་བསམ་པ་དྲན་གྱི་འདུག སྤྱི་ཚོགས་ལ་ཕན་པ་ཞིག་བསྒྲུབ་ཐུབ་ན་བསམ་སྟེ་ངའི་ཁྱོ་ག་དང་ངེད་གཉིས་ཀྱིས་འཆར་གཞི་འཐེན་ཏེ་བོད་ལ་འགྲོ་རྒྱུ་བྱས་པ་ཡིན། བོད་ནང་གི་བུད་མེད་ཚོར་རོགས་སྐྱོར་གྱི་ལས་གཞི་ཞིག་མགོ་འཛུགས་ཐུབ་ན་བསམ་ཡང་། བོད་ནང་རྒྱུན་རིང་པོ་སྡོད་རྒྱུའི་ཡིག་ཆ་ཁྱོན་ནས་རག་གི་མི་འདུག
དྲི་བ། ཉིད་ཀྱིས་བོད་པའི་སྤྱི་ཚོགས་ནང་གི་བུད་མེད་ཚོའི་གནས་སྟངས་མང་པོ་ཞིག་མཐོང་ཡོད་པ་མ་ཟད། སོ་སོས་དངོས་སུ་མྱངས་ཡོད་པ་རེད། མ་འོངས་པར་དེའི་ཐད་ལས་དོན་འདྲ་གནང་འཆར་ཡོད་དམ།
ལན། བོད་པའི་སྤྱི་ཚོགས་ནང་ད་དུང་ཡང་ང་ལྟ་བུའི་བུད་མེད་མང་པོ་ཞིག་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད་དྲན་ན། ག་དུས་ཡིན་ནའང་སེམས་ལྷོད་ལ་འབབ་ཐུབ་ཀྱི་མི་འདུག ལས་འཕྲོ་ཞིག་ལྷག་ཡོད་པ་འདྲ་བོ་ཞིག་ཚོར་གྱི་འདུག ངས་འདིའི་སྐོར་ལ་བསམ་བློ་མང་པོ་བཏང་ཡིན། མཐའ་མར་ད་ལོ་ངེད་བཟའ་མི་གཉིས་ཀ་རྒྱ་གར་ལ་འགྲོ་རྒྱུ་ཐག་གཅོད་བྱས་ཏེ། ངེད་གཉིས་ཀྱི་ཁང་པ་ཡང་བཙོང་ཚར་ཡིན། ཕ་གིར་ལོ་ཁ་ཤས་ལ་སྤྱི་ཚོགས་ནང་གི་བུད་མེད་ཚོའི་གནས་སྟངས་ལ་ཞིབ་འཇུག་བྱས་ཏེ། སོ་སོས་ཁོང་ཚོའི་དཀའ་ངལ་སེལ་ཐུབ་པ་ག་རེ་ཡོད་ཀྱང་འབད་བརྩོན་བྱེད་དགོས་བསམ་ཡོད།
དྲི་བ། ད་ལྟ་ཁྱེད་རང་གིས་ཡང་བསྐྱར་དེབ་ཅིག་འབྲི་མགོ་བརྩམས་ཡོད་རབས་གོ་སོང་། དེབ་དེའི་ནང་དོན་བརྗོད་བྱ་གང་ཞིག་ཡིན་པ་དང་། དེབ་དེ་ག་དུས་ཤིག་ལ་འགྲེམ་སྤེལ་བྱེད་འཆར་ཡོད་དམ།
ལན། ངས་ད་ལྟ་འབྲི་བཞིན་པའི་དེབ་གཉིས་པའི་ནང་དོན་གཙོ་བོ། དེབ་སྔ་མ་དང་ཕལ་ཆེར་འདྲ་བོ་རེད། དེབ་སྔ་མའི་ནང་འབྲི་རྒྱུ་ལྷག་སོང་བའི་རིགས་དང་། ཉམས་མྱོང་གིས་མ་འདང་བར་ཞིབ་ཚགས་མ་བྱུང་བའི་རིགས་ཁ་གསབ་ཕྲན་བུ་ཞིག་དང་། གཙོ་བོ་ང་རང་ཨ་རིའི་ནང་བསླེབས་རྗེས་ཀྱི་མི་ཚེའི་འགྱུར་ལྡོག་དང་འཚོ་བའི་གནས་ཚུལ། མི་འགྱངས་པར་རྒྱ་གར་དུ་ཕྱིན་ཏེ་བོད་པའི་སྤྱི་ཚོགས་ནང་གི་བུད་མེད་དཀའ་སྡུག་ཅན་ཚོར་དངོས་སུ་རྒྱུས་ལོན་བྱས་ཏེ། དཀའ་ངལ་ཆེན་པོ་ཡོད་མཁན་དང་། དམིགས་བསལ་ང་ལྟ་བུའི་སེམས་སྡུག་བཤད་མ་ཕོད་པ་དང་། བཤད་ས་མ་རག་པའི་བུད་མེད་ཚོའི་གནས་ཚུལ་བསྡུ་རུབ་བྱས་ཏེ་དཔེ་དེབ་གཉིས་པའི་ནང་འགོད་རྩིས་ཡོད། ད་ལྟའི་ཆར་དཔེ་དེབ་དེ་ག་དུས་ཤིག་ལ་དཔར་བསྐྲུན་བྱེད་ཐུབ་མིན་བཤད་ཚོད་ཐིག་མ་སོང་།།
ས་གནས་གསར་འགོད་པ། ཕྱོར་ཚང་འཇམ་དབྱངས།
རིག་བཟང་ཚེ་རིང་ལགས་ནས་སེམས་གཏིང་གི་སྐད་ཆ་དེ་བཤད་འདུག་པས་ཐུགས་རྗེ་ཆེ་ཞུས་པ་ཡིན། ངའི་ཉེ་འཁོར་ལའང་བོད་པའི་བུད་མེད་བཟའ་ཟླ་མི་རིགས་གཞན་པ་ཡིན་པ་ཡོད་ལ་བོད་པའི་བུ་བཟའ་ཟླ་མི་རིགས་གཞན་ཡིན་མཁན་ཡང་ཡོད། ཕོ་མོ་ལ་དབྱེ་འབྱེད་མེད་པར་ཁོང་ཚོའི་གཅིག་མཐུན་གྱི་བསམ་བློ་མཚོན་པའི་ཡོངས་གྲགས་ཀྱི་སྐད་ཆ་ནི་དགའ་རོགས་སྒྲིག་པ་ལ་རྒྱལ་མཚམས་དང་མི་རིགས་ཀྱི་དབྱེ་འབྱེད་སོགས་རྩ་བ་ནས་མེད་ཀྱང་མི་ཚེ་སྐྱེལ་རོགས་ཏེ་བཟའ་ཟླ་ནི་སོ་སོའི་མི་རིགས་ཡག་ཤོས་ཡིན་པར་བཤད་ཀྱི་འདུག འདི་ནི་ཁོང་ཚོའི་ཉམས་མྱོང་ལས་བྱུང་བའི་སྐད་ཆ་ཞིག་ཡིན་པ་ལས་གང་བྱུང་དུ་བཤད་པའི་སྐད་ཆ་ཞིག་ཁྱོན་ནས་རེད་མི་འདུག ཉིན་རེར་ཆུ་ཚོད་ཉེར་བཞིའི་རིང་གདུང་ལེན་བྱེད་དགོས་པའི་རང་རང་གི་རིག་གཞུང་གི་རྒྱབ་ལྗོངས་ལ་བརྟེན་ནས་བྱུང་བའི་ཧ་ཅང་ཆུང་ཙག་རིགས་མང་པོ་ཞིག་གིས་སེམས་མ་སྐྱིད་པ་དང་བར་ཐག་རིང་དུ་འགྲོ་ཡི་འདུག་ཟེར། ཁྱོ་ག་བུ་ཡིན་པ་རྣམས་ཀྱིས་རྩེད་མོ་དང་སྦྲགས་ནས་བཤད་རྒྱུར་”ཉིན་གང་ལས་ཀ་བྱས་ཏེ་ངལ་གསོ་ཡག་པོ་ཞིག་རྒྱག་དགོས་བསམ་ནས་ནང་ལ་སླེབས་པ་དང་བཟའ་ཟླ་ཨ་ཅག་ལགས་ནས་མགྱོགས་པ་གཟུགས་པོ་ཁྲུས་ནས་ཤོག་ཟེར་བའི་ཚིག་དེ་གོ་དུས་ཞེད་སྣང་གི་སྐྱེ་གི་འདུག་ཟེར།”ཧ་ཧ།ང་ཚོས་ཉན་ཚེ་རྩེད་མོའི་ཚིག་ཅིག་ཡིན་ནའང་ཁོང་ཚོར་མཚོན་ན་འདིའང་བཟའ་ཟླའི་བར་གྱི་དཀའ་ངལ་ཆེན་པོ་ཞིག་རེད།
ཀུན་བཟང་སྒྲོལ་མ་ལགས། ཁྱེད་རང་ཕྱི་གླིང་བ་དང་ཆང་ས་བརྒྱབ་ཡོད་པའི་ནང་ནས་སྐྱིད་ཤོས་ཀྱི་གྲས་ཤིག་ཡིན་ས་རེད། ང་རང་ཡང་ཕྱི་གླིང་བ་ཞིག་གི་མག་པ་ཡིན། ཡིན་ནའང་ད་ལྟ་སྐྱིད་སྣང་ཞིག་རྩ་བ་ནས་མི་འདུག ངོ་མ་དཀའ་ལས་ཁག་པོ་ཞིག་ཆགས་ཡོང་གི་འདུག བཟའ་ཚང་ལོགས་ཀ་ཆགས་པ་ཡིན་ན་ཁྲིམས་ཐོག་ནས་ང་ལ་གྱོང་ཆེན་པོ་རེག་རྒྱུ་ཡིན་པ་མ་ཟད། ཕྲུ་གུ་ཚོར་བསམ་བློ་གཏོང་དགོས་ཀྱི་འདུག་ལ་ང་རང་སོ་སོའི་མི་ཚེ་ཡང་འཕྲོ་བརླག་ཏུ་ཕྱིན་པ་རེད་དྲན་གྱི་འདུག བཟའ་ཚང་ལོགས་ཀ་མ་ཆགས་ན་ངོ་མ་ཉིན་མཚན་ཁྱོལ་གྱི་མི་འདུག མཚལས་ལ་རེར་སེམས་ནང་འདྲ་མིན་འདྲ་དྲན་ཡོང་གི་འདུག ངེད་གཉིས་ཐོག་མ་དགའ་རོགས་སྒྲིག་པ་དང་དེ་ནས་བཟང་ཚང་ཆགས་པའི་གོ་རིམ་ཁྲོད་སྣང་བ་སྐྱིད་པོ་ཡོད་པ་མ་ཚད། ངེད་གཉིས་བར་དུ་ལྟ་བ་བསམ་བལaོ་མི་མཐུན་ས་དང་འགྲོ་སྟངས་གོམ་གཤིས་མི་འདྲ་སའི་ཁྱད་པར་ཆེན་པོ་ཞིག་ཡོད་པ་ཚོར་མ་སོང་། ལོ་བརྒྱད་དགུ་བཅུ་གྲངས་ཕྱིན་རྗེས་ཕྱོགས་མང་པོ་ཞིག་ནས་དཀའ་ངལ་འཕྲད་ཡོང་གི་འདུག སོ་སོ་ལ་མཚོན་ན་ལོ་རྒན་པ་ཆགས་པ་དང་མཉམ་དུ་རང་གི་ཐོག་མའི་གོམ་གཤིས་དང་སྐད་ཆ་བཤད་སྟངས་སོགས་ཕྱི་ཤོལ་བརྒྱབ་ཡོང་གི་འདུག ང་ནང་བཞིན་མོ་རང་ཡང་དེ་འདྲ་ཆགས་ཡོང་གི་ཡོད་པ་ཞིག་ཚོར་གྱི་འདུག ལྷག་པར་དུ་ཕྱི་གླིང་བ་འདི་ཚོར་གོམས་གཤིས་འགྱུར་བ་གཏོང་རྒྱུ་ཟེར་བ་དེ་ཕལ་ཆེར་མི་སྲིད་པ་ཞིག་རེད། ད་ངས་མང་པོ་མི་བཤད། སྐད་ཆ་འདི་ཙམ་བོད་རིགས་གཞོན་སྐྱེས་ཚོར་སྙིང་གཏམ་ཙམ་ཡིན། སོ་སོའི་མི་ཚེའི་ལམ་ཁ་མ་ནོར་བ་ཞིག་འདེམ་དགོས་ཀྱི་འདུག ཡིན་ནའང་བཟའ་ཚང་སྒྲིག་ཟིན་པ་ཚོས་སྔ་མོ་ནས་འཆམ་མཐུན་དང་། ཕན་ཚུན་གྱི་བརྩེ་བའི་བར་ལ་རླུང་མ་ཤོར་བ་ཞིག་གནང་དགོས་ཀྱི་འདུག དེ་སྙིང་གཏམ་ཡིན།
་་་་་་ ད་ལྟ་ང་རང་སྔོན་ཆད་དང་བསྡུར་ན་ཕྱོགས་གང་ཐད་ནས་དཀའ་ངལ་མེད་པ་འདྲ་བོ་རེད། ཡིན་ནའང་ང་རང་འཚར་ལོངས་བྱུང་སའི་སྤྱི་ཚོགས་ནང་གི་བུད་མེད་ཚོའི་སྐོར་ལ་བསམ་བློ་བཏང་ན།
ང་འདི་ལྟར་བསྡད་ན་དུས་ཚོད་འཕྲོ་བརླག་རེད་བསམ་པ་དྲན་གྱི་འདུག སྤྱི་ཚོགས་ལ་ཕན་པ་ཞིག་བསྒྲུབ་ཐུབ་ན་བསམ་སྟེ་ངའི་ཁྱོ་ག་དང་ངེད་གཉིས་ཀྱིས་འཆར་གཞི་འཐེན་ཏེ་བོད་ལ་འགྲོ་རྒྱུ་བྱས་པ་ཡིན།
བོད་ནང་གི་བུད་མེད་ཚོར་རོགས་སྐྱོར་གྱི་ལས་གཞི་ཞིག་མགོ་འཛུགས་ཐུབ་ན་བསམ་ཡང་། བོད་ནང་རྒྱུན་རིང་པོ་སྡོད་རྒྱུའི་ཡིག་ཆ་ཁྱོན་ནས་རག་གི་མི་འདུག ་་་་་་ཟེར།
ཀུན་བཟང་སྒྲོལ་མ་ལགས་ཀྱི་བློ་སྟོབས་ལས་ཐོན་པའི་དཔེ་དེབ་དེར་བསྔགས་བརྗོད་དང་འཚམས་འདྲི་ཡོད། མ་ཟད་མོའི་ལང་ཚོའི་མེ་ཏོག་དེ་བཙན་གཡེམ་གྱི་སད་སེར་གྱིས་བཅོམ་པ་བརྡུང་སེམས་མཉམ་བསྐྱེད་ཡོད། དེབ་དེའི་མོ་ལ་བཙན་གཡེམ་ཕོག་པའི་རྒྱུད་རིམ་རྣམས་ཁ་གསལ་དང་ཞིབ་ཚགས་ཐོག་བཀོད་ཡོད་པའི་རེ་བ་བྱེད་ཀྱི་ཡོད། བཙན་གཡེམ་ཟེར་བ་དེ་སྒེར་སེམས་ཁོ་ན་ལས་ཐོན་པའི་མ་རབས་ཀྱི་བྱ་སྤྱོད་ཅིག་ཡིན་པ་མ་ཟད་ཁྲིམས་ཐོག་ནས་བཤད་ཚེ་མི་གསོད་གྱོད་གཞི་དང་དོ་མཉམ་དུ་བརྩི་མཁན་གྱི་རྒྱལ་ཁབ་ཀྱང་མང་པོ་ཡོད། འོན་ཀྱང་རིག་གཞུང་གི་རྒྱབ་འོག་བལྟོས་ཚེ་བཙན་གཡེམ་དང་ཨུ་ཚུགས་གཉིས་ལ་ཁྱད་པར་ཏོག་ཙམ་མེད་འགྲོ་བསམ་གྱི་ཡོད། ང་ཚོ་བོད་ཀྱི་བུད་མེད་རྣམས་ནི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བུད་མེད་རྣམས་དང་མི་འདྲ་བར་བུ་ཞིག་གིས་མོར་དགའ་བའི་རྣམ་འགྱུར་བསྟན་པ་ཙམ་མམ་ཡང་ན་ཕོ་མོའི་འབྲེལ་བ་བྱེད་འདོད་ཡོད་པའི་ཚིག་གཅིག་བཤད་པ་ཙམ་གྱིས་ལགས་སོ་ཞུ་བའི་གོམས་གཤིས་མེད་ལ། སྐྱེས་པའི་ངོ་ནས་བུད་མེད་དེར་དགའ་གི་ཡོད་པའི་དན་རྟགས་སུ་འུ་ཚུགས་མཐར་བསྐྱེལ་བྱས་ཚེ་གཞི་ནས་བུད་མེད་ཀྱི་ངོས་ནས་ཁོང་གཉིས་ཁོ་ནར་དབང་བའི་བདེ་སྐྱིད་དེར་ལོངས་སུ་སྤྱོད་རྒྱུའི་མོས་མཐུན་ཐོབ་ཀྱི་ཡོད་པའི་གནས་ཚུལ་ཧ་ཅང་མང་། འདི་འདྲའི་བུད་མེད་རྣམས་ལ་བོད་པའི་སྤྱི་ཚོགས་ནང་བརྩི་མཐོང་ཡང་ཐོབ་ཀྱི་ཡོད། འདི་ནི་བོད་ཀྱི་རིག་གཞུང་འབྲེལ་བའི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ཡིན་པར་བརྟེན་སུས་ཀྱང་འདི་ལ་ཡག་ཉེས་ཀྱི་ཁ་མཚོན་གཅོད་དཀའ་བར་སེམས། འོན་ཀྱང་ཨུ་ཚུགས་ཙམ་མ་ཡིན་པར་བུད་མེད་ལ་འདོད་པ་རྩ་བ་ནས་མེད་པ་ཧ་གོ་བཞིན་དུ་དབང་ཤུགས་དང་སྤྱོད་པ་རྩུབ་པོའི་ཐོག་ལུས་འབྲེལ་བྱས་ཚེ་འདི་ནི་ཧ་ཅང་མ་རབས་མཐའ་ཤུལ་གྱི་ལས་ཀ་བཙན་གཡེམ་ཞེས་བརྗོད་ཆོག་པ་ཡིན་ལ། ཀུན་བཟང་སྒྲོལ་ལགས་ལའང་འདི་འདྲིའི་ཉེས་བྱས་སམ་བཙན་གཡེམ་ཞིག་ཕོགས་པ་མིན་འགྲོ་བསམ་ཚེ་སེམས་ལ་ན་ཟུག་སྐྱེས་ཀྱི་འདུག ད་དུང་ཁྱོད་དང་འདྲ་བར་ན་ཟུག་མྱོང་བཞིན་པའི་བོད་ཀྱི་བུད་མེད་མི་ཉུང་བ་ཞིག་ཡོད་ངེས་པས་ཁོང་ཚོའི་མགྲིན་ཚབ་བྱེད་ཐུབ་པའི་རེ་བ་ཡོད།
གོང་འཁོད་དཔེ་དེབ་རྡེའུ་འབུམ་ཞེས་པའི་ནང་གི་ཚན་པ་གཅིག་བོད་ཡིག་ནང་བསྒྱུར་འདུག་པ་འོག་ཏུ་སྤེལ་ཡོད། (དང་པོ།)
སྔོན་མ་འཆར་གཞི་ཅི་ཞིག་ཡིན་ཡང་གཞན་གྱིས་བཀོད་འདོམས་ཀྱི་འོག་ཏུ་སོང་བའི་རྐྱེན་གྱིས་གནས་ཚུལ་ཁག་ཅིག་ལོག་ལམ་ཏུ་ཕྱིན་ནས་མི་ལེགས་ཤིང་ཐབས་རྡུགས་ཀྱི་ངོ་བོར་གྱུར་པ་རེད། གལ་སྲིད་ལོ་དེར་ངའི་མི་ཚེི་ལ་འགྱུར་བ་ཞིག་བྱུང་མེད་ཚེ། ང་ཕལ་ཆེར་མགྱོགས་མྱུར་གྱིས་ང་ཚོའི་སྡེ་བའི་ཕོ་གསར་ཞིག་དང་མཉམ་དུ་གཉེན སྒྲིག་བྱས་ཏེ་ངའི་ཕ་མ་གཉིས་སར་སྡོད་དགོས་བྱུང་བ་གཏན་ཁེལ་རེད་ལ། ངའི་མི་ཚེའི་ལྟ་ཚུལ་དང་མཐོང་སྣང་དེའང་སྔོན་མའི་ཤེས་ཚད་དེ་ལས་བརྒལ་མེད་པར་མུ་མཐུད་དུ་དེ་རིང་གི་ཉི་མ་འདི་དང་ངའི་མི་ཚེའི་མཐའ་མཇུག་ཚང་མ་གནས་དེ་རུ་ བསྐྱལ་ཡོད་རྒྱུ་རེད། གང་ལྟར། གནས་སྟངས་ག་གེ་མོ་ཞིག་གིས་ངའི་མི་ཚེའི་རྐང་ལམ་ཕྲ་མོ་དེ་གཏམ་རྒྱུད་འཁྲུག་ པོའི་ཟློས་གར་བཞིན་གནམ་སའི་སྟེང་འོག་བརྗེས་སོང་།
ལོ་རྟག་པར་དགུན་ཟླ་བཅུ་གཅིག་པའི་ནང་ཞིང་པའི་སྡུག་ལས་དང་མུག་ལས་ཀྱི་བྱ་བ་ཚང་ མར་ལྷིང་འཇགས་དང་འཇམ་ཐིང་ངེར་གྱུར་དུས། སྡེ་བ་སོ་སོའི་ཡུལ་སྲོལ་ལྟར་ཉིན་བཅུའི་ཞབས་བརྟན་སྡེ་བའི་ལྷ་ཁང་དུ་སྒྲུབ་ གྱིན་ཡོད། དེར་ཁྱིམ་ཚང་རེའི་མི་རེ་ངེས་པར་ཏུ་མ་ཆད་པར་འགྲོ་དགོས་ལ། གལ་སྲིད་ཁྱིམ་ཚང་ཞིག་གི་འཐུས་མི་ཡོང་མ་ཐུབ་ཚེ་ཆད་པ་ཅུང་ཙམ་རེ་སྟེར་དགོས་ པའང་ཡིན། ང་ལོ་བཅོ་ལྔ་ཟིན་པའི་ལོ་དེར་ཨ་མས་ང་ཉིན་བཅུའི་ཞབས་བརྟན་སྒྲུབ་སར་ང་ཚོའི་ནང་ མིའི་འཚབ་ཏུ་བཏང་སོང་། ང་ཞོགས་ཀ་སྔ་པོའི་ཆུ་ཚོད་བཞི་བ་ནས་ཡང་ལངས་ཤིང་སྡེ་བའི་ལྷ་ཁང་དུ་སོང་ནས་ཉིན་ གང་བོར་མ་ཎི་གསོག་འདོན་བྱེད་རྒྱུ་དེ་ང་ལ་བབས་པའི་ལས་འགན་ཡིན། ད་དུང་ང་ས་རུབ་དུས་མ་གཏོགས་ཕྱིར་ནང་ལ་སླེབས་ཐུབ་ཀྱིན་མེད་པར་བརྟེན། ཉིན་གསུམ་པ་དེའང་ཉིན་མ་གཞན་པ་ཚོ་དང་གཅིག་མཚུངས་ཀྱིས་ས་རུབ་ཅིང་ནག་ཁུང་ཆགས་ དུས་མ་གཏོགས་ང་རང་ཁྱིམ་ལ་སླེབས་མ་སོང་། ངས་རྒྱ་སྒོ་ཕྱེས་པ་དང་མུན་ནག་ནང་ནས་མི་ཞིག་རྒྱུགས་ཡོང་ཏེ་ང་བཟུང་སོང་། ཆབས་ཅིག ང་སྐྲགས་ནས་སྐད་ཅོར་ཤོར་སྐབས་མི་དེས་ཁ་རོགས་སྡོད་ཅེས་ཉེན་བརྡ་བཏང་སོང་། ངས་ཁོ་རང་གི་སྐད་གོ་བ་དང་མི་དེ་སུ་ཡིན་མིན་ངོས་འཛིན་བྱེད་ཐུབ་སོང་། ཁོ་རང་ནི་ཕལ་ཆེར་ལོ་བཅོ་བརྒྱད་ཡས་མས་ལ་ཟིན་པའི་ང་ཚོའི་སྡེ་བའི་ཕོ་གསར་ཞིག་ རེད་ལ། ཁོ་རང་ནམ་རྒྱུན་ང་ལ་དགའ་གི་ཡོད་པ་ངས་ཤེས་ཀྱང་། དེ་ངས་དང་ལེན་བྱས་མྱོང་མེད།
ཁོ་རང་གིས་ང་ལ་འོ་བྱེད་པར་འགོ་བཙུགས་པ་མ་ཟད་ངའི་རྐང་སྣམ་ཡང་ཕུད་འགོ་བཙུགས་ པའི་རྐྱེན་གྱིས་ངས་ཁོ་རང་ལ་དེ་མཚམས་འཇོག་བྱེད་རོགས་ཞེས་བཤད་པ་ཡིན་ལ། ཁྱེད་རང་གིས་ང་གཅིག་པོ་མ་བཞག་ཚེ་ངས་ཨ་མ་འབོད་རྒྱུ་ཡིན་པར་ཡང་ལབ་པ་ཡིན་མོད། ཁོང་རང་གིས་ང་ཁ་རོགས ་སྡོད། གལ་སྲིད་ངས་སྐད་ཅོར་བརྒྱབ་ཚེ་ངའི་རྐང་སྣམ་གཤག་རྒྱུ་ཡིན་བའི་ལན་བརྒྱབ་སོང་། དེའི་དུས་ངས་ཕྱིར་འདང་བརྒྱབ་སྐབས་ང་ངོ་ཚ་ཞིང་ངའི་རྐང་སྣམ་གཤག་པར་སེམས་ཁྲལ་ བྱས་ནས་སྐད་ཅོར་རྒྱག་ཐུབ་མ་བྱུང་། ང་ནི་ཇི་འདྲའི་ལྐུག་པ་ཞིག་རེད་ཨང་། ང་ལ་བཙན་གཡབ་བྱས་པ་ནི་རྐང་སྣམ་གཤགས་པ་ལས་སྡུག་པ་མིན་པར་ཤེས་བཞིན་དུ་འདི་ འདྲ་བྱེད་དོན་ཅི། ཡིན་ཡང་། ངས་གོན་ཡོད་པའི་རྐང་སྣམ་དེ་གཤགས་ཚེ་ངའི་ནང་མི་ཡིས་ང་ལ་རྐང་སྣམ་གསར་བ་ཞིག་ ཉོ་མི་ཐུབ་པའི་རྒྱུ་མཚན་ལ་བརྟེན། གལ་སྲིད་ཁོང་རང་གིས་ངའི་རྐང་སྣམ་གཤགས་ཚེ། ཕྱིའི་ཉིན་མོ་ང་ལ་རྐང་སྣམ་གཞན་པ་ཞིག་གོན་རྒྱུ་མེད་པར་བསམ་བློ་བཏང་བ་ཡིན། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། ངས་རྐང་སྣམ་རུལ་པོ་ཞིག་གོན་ནས་ནང་ལ་སླེབས་ན་ངའི་ཕ་མ་གཉིས་ཀྱིས་ང་ལ་ག་རེ་ བཤད་པར་ཡང་ཤེས་ཀྱིན་མེད། ངའི་ཨ་མ་ནི་ངའི་ཨ་ཕ་ལས་ཡག་པར་ཡོད་ཀྱང་། ང་ཁོ་རང་གཉིས་ཀ་ལ་ནམ་རྒྱུན་ཞེད་སྣང་སྐྱེ་གིན་ཡོད། ངའི་ཨ་མས་བདེ་སྡུག་ཡོད་ཚད་ལ་གདོང་ལེན་བྱེད་དགོས་པས་རྙོག་དྲ་ཐེབས་པ་ཞིག་ གདོང་ལེན་བྱེད་ཐུབ་མིན་ཡང་ངས་ཤེས་ཀྱིན་མེད་པས་ན། ང་ཧ་ཅང་ངོ་ཚ་ཞིང་སྐྲགས་ནས་ངའི་དོན་རྐྱེན་དེ་མི་སུའང་ཤེས་ཀིན་འཇུག་འདོད་མེད་ པ་དེ་ཡིན།
དེ་ལྟར་ངས་ཁོང་རང་དང་མཉམ་དུ་འཐབ་འཛིང་ག་ཚོད་བྱས་ཀྱང་ཁོ་རང་ང་ལས་སྟོབས་ཤུགས་ ཆེ་དྲགས་པས་ངས་ཁོ་རང་ལ་དོ་ཡ་མེད་པ་མ་ཟད་ཁོང་རང་གིས་ང་ལ་ཨུ་ཚུགས་མཐར་སྐྱེལ་ གྱིས་བཙན་གཡེམ་བྱས་སོང་། དེ་ནས་ཁོང་རང་གིས་བསམ་དོན་འགྲུབ་པ་དང་ལོག་ནས་ཕྱིན་སོང་། ང་ཅི་འདི་མེད་པར་ས་ཐོག་ཏུ་བསྡད་དེ་ངས་ག་རེ་བྱེད་དགོས་པར་བསམ་བློ་བཏང་བ་ཡིན། གལ་སྲིད་ངས་ང་ལ་བྱུང་བའི་གནས་ཚུལ་དེ་ཕ་མ་གཉིས་ཀར་བཤད་ན་ཁོང་གཉིས་ཁོང་ཁྲོ་ཟ་ ཐག་གཅོད་ཡིན། དེའི་རྒྱུ་མཚན་ནི་བོད་ནང་དུ་གསར་མོ་ཞིག་ཡིན་ཚེ་གཉེན་སྒྲིག་མ་བྱས་པར་འཁྲིག་ པ་སྤྱོད་སྲོལ་མེད་པས་རེད། དེས་ན། ངས་ཡ་ང་བའི་སྐྱོ་གནས་དེ་གསང་བ་བྱེད་རྒྱུའི་སེམས་ཐག་མ་བཅད་རང་བཅད་ལ་ཐུག་ སོང་། ངས་སེམས་ཐག་གཙང་བཅད་བྱས་རྗེས་ཡུན་རིང་ཞིག་ལ་ས་ཐོག་དེ་ག་རང་ཙོག་གེར་ལྷག་ཅིང་ མིག་ཆུའི་བཞུར་རྒྱུན་དེ་མཚམས་འཇོག་མི་བཏུབ་པ་བྱུང་། མཐའ་མཇུག་དེ་ང་ནང་དུ་ཕྱིན་པ་ཡིན། ཨ་མས་ང་ཕྱི་པོ་ཆགས་པ་ཤེས་ཀྱང་ང་ལ་རྒྱུན་ལྡན་མ་ཡིན་པས་གནས་ཚུལ་ཞིག་བྱུང་ཡོད་ པའི་དོགས་པ་ཟོས་མ་སོང་། མོ་རང་གིས་ང་མཐོང་དུས་ཁྱེད་རང་སླེབས་ཡོང་ངམ་ཞེས་ལབ་ཞོར་ང་གཉིས་ཉལ་པར་ཕྱིན་ པ་ཡིན། དགོང་མོ་དེར་ང་གཉིད་རྩ་བ་ནས་ཁུག་མ་སོང་ཡང་། ཞོགས་པ་ཆུ་ཚོད་བཞི་བ་ནས་ཡར་ལངས་ནས་དགོན་པར་ཕྱིན་པ་ཡིན། དེ་ནས་བཟུང་ཉི་མ་རེ་རེ་བཞིན་འདས་ཤིང་མི་ཚེ་ཡང་སྔོན་མ་ལྟར་མདུན་དུ་བསྐྱོད་ དེ། ཡོད་ཚད་ཐམས་ཅད་རྒྱུན་གཏན་ཏུ་ཆགས་ཀྱང་། ངའི་ཟླ་མཚན་མ་བབས་པ་ནས་བཟུང་ངས་ང་རང་ལ་བྱིས་པ་འཁོར་ཡོད་པའི་དོགས་ཟོན་གྱི་ སེམས་ཁྲལ་བྱེད་འགོ་བཙུགས། ང་བུ་མོ་ཞིག་ཡིན་ཡང་ངས་གནས་སྟངས་འདིའི་སྐོར་གང་ཡང་ཤེས་ཀྱིན་མེད། འདི་ནི་ཕ་མ་དང་བྱིས་པའི་བར་བཤད་པའི་རྒྱུན་ལྡན་གྱི་སྐད་ཆ་ཅིག་ཀྱང་མིན་པས་ངས་ ཁུ་སིམ་པོར་བཞག་པ་ཡིན།
ཟླ་གསུམ་གྱི་རིང་ང་ལ་ཟླ་མཚན་མ་བབས་པར་བརྟེན་ང་ང་ཚོའི་སྡེ་བའི་ནང་གི་བུད་ མེད་ཅིག་ལ་ཐུག་འཕྲད་དུ་ཕྱིན་པ་ཡིན། མོ་རང་ནི་གཉེན་སྒྲིག་བྱས་ཡོད་ཅིང་མངལ་ཡང་སྦྲུམ་ཡོད་པས་ངའི་སྐྱིད་སྡུག་ལ་ བསམ་ཤེས་བྱེད་ཐུབ་ཅིང་ང་ལ་རོགས་འདེགས་བྱ་ཐུབ་པར་སྙམ་སྟེ་དེ་གར་ཕྱིན་པ་ཡིན། མོ་རང་གིས་ང་ལ་ས་རྫ་བརྡུངས་ཤིང་ཕྱེ་མ་བཟོས་ཏེ་ང་ཚོའི་ཁང་པའི་གདུང་མའི་ཐོག་ གི་དུ་དྲེག་དང་ས་ཐལ་རྣམས་ཆུ་ནང་དུ་མཉམ་དཀྲུགས་བྱས་ནས་འཐུང་ན་བྱིས་པ་གྲོད་ ཁོག་ནང་ནས་ཕྱིར་འདེད་བྱ་རྒྱུ་ཕན་པར་ལབ་བྱུང་ལ། ངས་མོ་རང་གིས་གསུངས་པའི་བསླབ་བྱ་རྣམས་དེ་ག་རང་ལག་བསྟར་ཡང་བྱས་པ་ཡིན། དེས་ན། ངས་བྱིས་པ་དུས་ཐོག་ཏུ་ཕྱིར་འདེད་བྱེད་པའི་རེ་སྒུག་བྱས་ཤིང་གཅེན་པ་གཏོང་ ཐེངས་རེར་བྱིས་པ་ཐོན་ཡོད་མེད་བལྟས་པ་ཡིན་མོད། དེ་ཡིས་ཕན་པ་དང་མཇུག་འབྲས་གང་ཡང་བྱུང་མ་སོང་། གཅིག་བྱས་ན་དེའི་དུས་ངས་ང་རང་མ་བསད་པ་ཡང་རླུང་རྟ་རྒྱུགས་པ་ཞིག་རེད། དེ་ལྟར་རིམ་བཞིན་ངའི་མངལ་ལ་བྱིས་པ་སྦྲུམ་ཡོད་པར་སྡེ་བའི་ནང་དུ་ས་ཁྱབ་རྡོ་ ཁྱབ་ཏུ་ཕྱིན་སོང་། ངས་བུད་མེད་དེ་ལ་ངའི་གནས་སྟངས་བཤད་པའི་ཉིན་ཤས་ཀྱི་རྗེས་མ་གཏོགས་ངས་ང་རང་གི་ ལུས་ལ་བྱིས་པ་ཆགས་ཡོད་པའི་བསམ་བློའང་འཁོར་མ་སོང་།
ཨ་མས་ངའི་སྐོར་གྱི་གཏམ་ངན་དེ་མི་ཁ་ནས་གོ་བ་དང་། མོ་རང་ཚ་གི་ཚི་གི་བྱས་ནས་ནང་ལ་སླེབས་སོང་། དེ་ནས་མོ་རང་གིས་ངའི་གདོང་ལ་བལྟས་ཤིང་གཏམ་ངན་དེ་བདེན་པ་ཡིན་མིན་ང་ལ་དྲིས་ སོང་། ངས་ང་ལ་བྱིས་པ་འཁོར་ཡོད་མེད་ངོ་མ་ཤེས་མ་སོང་། གང་ལྟར་ངའི་ཟླ་མཚན་མ་ཡོང་ནས་ཟླ་ཤས་ཕྱིན་སོང་ཞེས་ལན་བརྒྱབ་པ་ཡིན། དེ་ནས་མོ་རང་གིས་ངའི་ནུ་མར་ལྟ་གི་ཆུགས། ནུ་མའི་མདོག་གི་སྟེང་ནས་བྱིས་པ་མངལ་ལ་འཁོར་ཡོད་མེད་ཤེས་ནི་རེད་ཅེས་ལབ་སོང་ བས་ངས་ནུ་མ་མོ་རང་ལ་བསྟན་པ་ཡིན། མོ་རང་གིས་ངའི་ནུ་མ་མཐོང་བ་དང་ལག་པ་གཉིས་གཡུག་ཅིང་མོ་རང་གི་བརླ་ཐོག་ཏུ་ཐལ་ ལྕག་བཞུས་ནས་དཀོན་མཆོག་གསུམ། དཀོན་མཆོག་གསུམ། བྱིས་པ་ཡོང་གི་འདུག་ཅེས་ལབ་སོང་།
ང་ཧང་སང་བ་ཞིག་ལ་མོ་རང་གིས་ང་ལ་གཅར་རྡུང་བྱེད་རྒྱུ་ཕར་བཞག་ང་ལ་གཤེ་གཤེ་ཡང་ བཏང་མ་སོང་། དེ་ནི་མོ་རང་གིས་ངའི་རྙོག་འཛིང་ཆེ་བའི་བྱ་བ་འདི་གང་འདྲ་ཐག་གཅོད་བྱེད་དགོས་ མིན་ལ་བསམ་བློ་ནན་མོ་གཏོང་གི་ཡོད་པས་ཡིན་པ་འདྲ། དེ་ནས་ཨ་མས་ངའི་གྲོད་ཁོག་གི་ནང་ནད་ཚ་ཞིག་འདུག་པས་ང་ཚོའི་ཐག་ཉེ་ཤོས་ཀྱི་སྨན་ ཁང་སྟེ་མང་ར་རྫོང་སྨན་ཁང་དུ་འགྲོ་བྱེད་ཀྱི་སྒོར་མོ་དགོས་པར་ངའི་ཨ་ཕ་རུ་བཤད། ཨ་མས་སྨན་ཁང་གང་དུ་ཡོད་པའང་ཤེས་ཀྱིན་མེད་པར་བརྟེན་ངའི་སྙིད་མོར་ང་ལ་རོགས་པ་ བྱེད་པར་བཏང་སོང་། ང་ཚོས་ཉིན་གང་པོར་རྐང་པ་བརྒྱབ་ནས་མང་ར་རྫོང་དུ་ཕྱིན་པ་ཡིན་ལ། མཚན་མོ་དེར་ངའི་སྤུན་མཆེད་ཅིག་གིས་མང་ར་རྫོང་ན་དགེ་རྒན་གྱི་བྱ་བ་ལས་ཀྱིན་ ཡོད་སར་ཞག་འདུག་བྱས་པ་ཡིན། མོ་རང་གིས་ང་ལ་གཤེ་གཤེ་ཚ་ཐག་ཆོད་བཏང་སོང་ཡང་། ངས་མོ་རང་ལ་ཐབས་རྡུགས་ཀྱི་གནས་སྟངས་དེ་འགྲེལ་བཤད་རྒྱག་ཐུབ་མ་བྱུང་བས་མོ་རང་ གིས་མུ་མཐུད་དུ་ངའི་ཐོད་པར་ལག་པས་བཟུང་ཞིང་ཕུད་རྒྱག་བྱས་ཞོར་ཁྱེད་རང་གིས་ འདི་འདྲ་ག་རེ་བྱས་པ་ཡིན། ཁྱེད་རང་ལ་དགའ་རོགས་ཡོད་དམ་ཞེས་དྲིས་སོང་། ངས་ང་ལ་དགའ་རོགས་མེད་ཅེས་ལན་བརྒྱབ་དུས་མོ་རང་ངའི་ཐོག་ཏུ་སྔར་ལས་ལྷག་པའི་ ཁོང་ཁྲོ་ཤུགས་ཆེ་རུ་ལངས་སོང་། ཕྱིའི་ཉིན་མ་དེར་སྨན་པས་ངའི་གྲོད་ཁོག་དང་མོ་མཚན་ལ་བརྟག་དཔྱད་བྱས་ཏེ་ངའི་ མངལ་གྱི་བྱིས་པ་དེ་ཟླ་གསུམ་ཕྱིན་འདུག་པ་དང། ཟླ་ལྔ་མ་འགོར་བར་མངལ་ནས་ཕྱིར་དབྱུང་བྱེད་མི་ཐུབ་པར་ལབ་ལས་དེའི་རྒྱུ་མཚན་གང་ ཡིན་ཡང་ལབ་མ་སོང་།
དེ་ནས་ང་ཚོས་འུ་ཐུག་ཐབས་ཟད་ཀྱིས་དུས་ཡུན་ལ་བསྒུགས་ཤིང་བྱིས་པ་ཆེ་རུ་ཆགས་ འཇུག་པ་ལས་ཐབས་ཤེས་གང་ཡང་མི་འདུག ང་ཚོ་སྨན་ཁང་ནས་ཧ་ཅང་ཕྱི་པོ་ཆགས་སོང་བས་ཕྱིར་ཕ་ཡུལ་དུ་རྐང་པ་རྒྱུག་ཐུབ་མེད་ པར་བརྟེན་ཨ་མའི་ངོ་ཤེས་པ་རྒྱ་མོ་ཞིག་ཡོད་པ་དེ་ནས་ཚང་ལ་གནས་ཚང་གཡར་པ་ཡིན། ཨ་མའི་ངོ་ཤེས་རྒྱ་མོ་དེ་མེད་ཀྱང་མོ་རང་གི་སྐྱེས་པ་དང་བུ་གཉིས་འདུག་པས་ཁོང་ ཚོས་ང་ཚོར་སྣེ་ལེན་བྱས་ཏེ་གནས་ཚང་གཡར་སོང་། ཁོང་ཚོས་ང་ཚོར་དགོང་ཟས་མོག་མོག་བཟོས་སོང་ཡང་ང་ཚོར་ཕག་ཤ་དང་ར་ཤ། ཡང་ཤ་རིགས་གཞན་པ་ཞིག་ཡིན་ན་སྙམ་པའི་དོགས་པ་ཟོས་པ་ལས་ཤ་གང་ཡིན་ཤེས་མ་སོང་། ངའི་སྙིད་མོས་ཁྱི་ཤི་ཡིན་པར་བསམས་ཏེ་སེམས་ཁྲལ་བྱེད་ཀྱིན་འདུག དེིའི་རྒྱུ་མཚན་ནི་བོད་པ་ཁ་ཤས་ཀྱི་ཁ་ནས་རྒྱ་མིས་ཁྱི་ཤ་ཟ་བར་ང་ཚོ་གོ་བས་རེད། དེ་ནི་བདེན་པ་ཡིན་མིན་ང་ཚོས་ཁོང་ཚོར་འདྲི་རྒྱུར་ཡང་ངོ་ཚ་བས་འདྲི་ཐུབ་མ་ སོང་། ཕྱིའི་ཉིན་མོའི་ཞོགས་ཀར་ང་ཚོས་རྐང་པ་བརྒྱབ་ནས་ཕྱིར་སོང་བ་ཡིན། ལམ་ཁར་སྙིད་མོས་ང་ཚོས་མདང་དགོང་ཟོས་པའི་ཤ་དེའི་སྐོར་ལ་སྐད་ཆ་མཇུག་རྫོགས་ རྒྱུ་མེད་པ་ཞིག་བཤད་སོང་། མོ་རང་གིས་སྐད་ཆ་ག་ཚོད་བཤད་པ་དེས་ང་སྲན་སྣང་མང་རུ་དང་ཁོ་ཁྲོ་ཆེ་རུ་སྐྱེ་རུ་ བཅུག དེའི་རྒྱུ་མཚན་ནི་ངས་ངའི་མངལ་སྦྲུམ་ཡོད་པར་བསལ་བློ་འཁོར་བ་ལས་མོའི་སྐད་ གཅིག་ཀྱང་རྣ་ནང་དུ་འཛུལ་གྱིན་མི་འདུག མོ་རང་གིས་ཤ་ག་རེ་ཟོས་ཡོད་པ་དེ་རྣམ་རྟོག་བྱས་པ་ལས་གཞན་གང་ཡང་བསམ་གྱིན་མི་ འདུག
གོང་འཁོད་དཔེ་དེབ་རྡེའུ་འབུམ་ཞེས་པའི་ནང་གི་ཚན་པ་གཅིག་བོད་ཡིག་ནང་བསྒྱུར་འདུག་པ་འོག་ཏུ་སྤེལ་ཡོད། (གཉིས་པ།)
ཨ་མས་བྱིས་པ་མངལ་ནས་ཕྱིར་དབྱུང་བྱ་རྒྱུ་ད་དུང་ཟླ་གཉིས་རིང་བསྒུག་དགོས་པར་ གོ་དུས་ང་གཉིས་ཀྱི་ཕྲག་ཁར་ཡོད་པའི་བྱ་ངན་འདི་ད་རུང་རྒྱབ་དུ་བསྐྱར་མ་ཐུབ་པར་ བརྟེན་ཨ་མ་ཚ་གི་ཚི་གི་བྱས་ཤིང་ང་ཚོས་ཡ་ང་བའི་སྐྱོ་གནས་འདི་ངའི་ཨ་ཕ་དང་ཕུ་ བོ། སྡེ་བའི་མི་ཁར་ཡུན་རིང་དུ་སྦས་གསང་བྱ་ཐུབ་ཁག་པོ་ཡིན་པར་སེམས་ཁྲལ་བྱས་སོང་། གལ་སྲིད་ཨ་ཕས་ངའི་གནས་ཚུལ་དེ་ཧ་གོ་ན་ཁོང་རང་གི་རྩུབ་མོའི་གཏུམ་སྤྱོད་དེ་ཁ་ ཡ་བྱ་དཀའ་བའང་ཨ་མས་ཚོར་ཀྱིན་འདུག ངའི་མངལ་དུ་བྱིས་པ་སྦྲུམ་ཡོད་པ་སྡེ་བའི་མི་ཚོས་ཤེས་ན་ང་ལ་གཉེན་སྒྲིག་བཀོད་ འདོམས་བྱ་རྒྱུ་ཡང་ཁག་པོ་རེད། གནས་སྟངས་འདིར་ངོ་མ་བྱ་ཐབས་བྲལ་བ་ཞིག་རེད ། སྙིང་དོན་ངས་ཟླ་གཉིས་ཀྱི་རིང་བསྒུག་རྒྱུ་ལས་གཞན་བྱ་ཐབས་གང་ཡང་མི་འདུག་ལ། ཨ་མས་གང་ཡིན་འདི་ཡིན་མེད་པར་སྦས་གསང་སྐོར་ལ་སེམས་ཁྲལ་བྱེད་ཀྱིན་པ་རེད།
དེ་ནས་སྟབས་མ་ལེགས་པ་ཞིག་ལ། ང་སྨན་ཁང་ནས་ཕྱིར་སླེབས་ནས་ཡུན་རིང་མ་འགོར་བར་ཨ་ཕས་ངའི་གནས་ཚུལ་དེ་ཧ་གོ་ སོང་། ཨ་ཕ་དང་དཀོན་བྷེ་གཉིས་ཀྱིས་སྡོང་དུམ་ཁ་ཤས་འདྲུད་འཁོར་ལ་ནང་དུ་བླུགས་ཏེ་ རྫོང་ཐོག་ཏུ་ཤིང་ཆ་དེ་ག་གཤག་པར་ཕྱིན་པ་རེད། ཁོང་རང་གཉིས་ཀྱིས་ལས་ཀ་ཚར་བ་དང་རྫོང་ཐོག་གི་ཡུལ་ལྷ་ཚང་དུ་སོང་འདུག ཡུལ་ལྷས་ང་ལ་བྱིས་པ་འཁོར་ཡོད་པའི་བཤད་ཡམས་དེ་སྡེ་བའི་མི་ཞིག་ས་ནས་གོ་བར་ཨ་ ཕ་དང་དཀོན་བྷེ་གཉིས་ལ་བཤད་འདུག ཁོང་རང་གསུམ་པོའི་སེམས་པ་ཧ་ཅང་སྐྱོ་ཞིང་སྡུག་མུག་མང་དུ་བཏོན་འདུག ཨ་མ་དང་ངེད་གཉིས་ཀྱི་འཁྱམ་རྭ་ནང་དུ་ལས་ཀ་བྱེད་བཞིན་པའི་སྐབས་ཨ་ཕ་དང་དཀོན་ བྷེ་གཉིས་རྫོང་ཐོག་ནས་ཕྱིར་བསླེབས་ཏེ་འདྲུད་འཁོར་ང་ཚོའི་ཁང་པའི་རྩར་བཞག་ སོང་། དང་པོ་ངེད་གཉིས་ཀྱིས་གནས་ཚུལ་རྒྱུན་ལྡན་མིན་པ་ཤེས་ཀྱིན་མེད། ཨ་མས་ང་ལ་ནང་ནས་ཇ་བླངས་ཏེ་ཁོང་རང་གཉིས་ལ་བླུགས་ཟེར། ང་ཁང་པའི་ནང་ལ་འགྲོ་དབང་མ་བཅུག་པར་ཨ་ཕ་འདྲུད་འཁོར་ནང་ནས་མཆོངས་ཏེ་སྐད་ཅོར་ བརྒྱབ་ཅིང་ང་རང་ལ་བྱིས་པ་འཁོར་ཡོད་པ་ཤེས་སོང་ལ། ཁྱེད་རང་གི་ང་ཚོའི་ནང་མིའི་མཚན་དང་སྙན་གྲགས་བརྫད་པ་མ་ཟད་ནང་མི་ཡོངས་རྫོགས་ ངོ་ཚར་གཏད་སོང་ཟེར་ཞོར་ས་ཐོག་ནས་དབྱིག་པ་ཞིག་བླངས་ཏེ་ང་ལ་བརྒྱབ་སོང་། དཀོན་བྷེ་ཡིས་ང་བཟུང་ཞིང་ངའི་སྐྲ་ནས་འཐེན་ཏེ་ས་ཐོག་ཏུ་གཡུག་སོང་། ཁོ་རང་གིས་ངའི་གྲོད་ཁོག་ལ་རྡོག་རྒྱག་གཞུས་ཞིང་ངའི་གྲོད་ཁོག་ནང་གི་བྱིས་པ་ གསོད་རྩིས་བྱེད་ཀྱིན་པ་འདྲ། ཨ་ཕས་ཀྱང་དཀོན་བྷེ་ལ་གཅར་རོགས་བྱས་ཤིང་ཁོང་རང་གཉིས་ཀྱིས་རྡོག་རྒྱག་གཞུས་ནས་ ང་ལ་གཅར་རྡུང་ཚད་མེད་བྱས་སྐབས་ཨ་མས་ངུ་སྐད་ཤོར་ཞིང་ངའི་བུ་མོ་མ་གསོད། ད་གཏོང་རོགས་ཞེས་ཞུ་བ་བརྒྱབ་སོང་ལ། ད་དུང་ཨ་མས་སྐད་ཅོར་ཤུགས་ཆེ་རུ་ཆེ་རུ་དང་ཨག་སྐད་རྒྱག་ཞོར་ངའི་བུ་མོ་བསད་ སོང་ཟེར་དུས། ཨག་སྐད་མཐོ་དྲགས་པས་ཁྱིམ་མཚེས་ཁག་ཅིག་ཀྱང་རྒྱ་སྒོར་སླེབས་ནས་གནས་ཚུལ་ག་རེ་ བྱུང་ཡོད་མེད་ལྟ་གིན་འདུག དེའི་བར་ནས་ང་ནང་ལ་རྒྱུགས་ནས་འབྲོ་ཐུབ་པ་བྱུང་། ཨ་ཕ་དང་དཀོན་བྷེ་གཉིས་ཀྱིས་ཧོབ་ཚགས་བརྒྱབ་ཤིང་ངའི་རྗེས་འདེད་བྱས་པས་ངས་སྒོ་ མགྱོགས་པོར་བརྒྱབ་པ་ཡིན། ཨ་མ་ཡང་ཁང་པའི་ནང་ལ་སླེབས་སོང་། ཨ་མས་རྡེའུ་འབུམ་ཞེས་ངུ་སྐད་ཤོར་ཞིང་སྐད་ཅོར་བརྒྱབ་སྟེ་གནས་ཚུལ་གང་བྱུང་ལ་ འགྲེལ་བཤད་དང་སྦྲགས་ཁྱིམ་མཚེས་ཚོར་སྒོ་ཕྱེས་སོང་། ཁྱིམ་མཚེས་ཚོའི་མདུན་ནས་ཨ་ཕ་དང་དཀོན་བྷེ་གཉིས་ཀྱིས་ཀྱང་ང་ལ་གཅར་རྡུང་བྱེད་ ཐུབ་མ་སོང་བས་ང་ཁང་པའི་ནང་ནས་ཕྱིར་ཐོན་ཏེ་བྲོས་པ་ཡིན། ཨ་ཕས་ཕར་རྒྱུགས། མིག་གིས་མི་རིག་སར་སོང་། སོང། བུད་ལ་སོང་། ང་ཚོའི་ནང་ལ་རྩ་བ་ནས་ཕྱིར་ཡོང་མི་དགོས་ཤེས་སྐད་ལོག་བརྒྱབ་སོང་། ང་ངུས་ཤིང་རྒྱུགས་ནས་ཁྱིམ་མཚེས་ཀྱི་ཁང་པ་ནང་ལ་ཕྱིན་པ་ཡིན། ཁྱིམ་མཚེས་དེས་ང་ལ་བདག་པོ་བརྒྱབ་ཅིང་སྣེ་ལེན་ཡག་པོ་བྱས་སོང་། ཁོང་ཚོས་ང་ལ་གནས་ཚུལ་ག་རེ་བྱུང་སོང། ག་རེ་བྱས་སོང་ཞེས་དྲིས་དུས། ངས་གནས་སྟངས་ཚང་མ་འགྲེལ་བཤད་བརྒྱབ་པ་ཡིན། དེ་ནས་ང་ངའི་ཕུ་བོ་ཉི་མ་ནང་ལ་ཕྱིན་པ་ཡིན་ལ། ཁོ་རང་ང་ཚོའི་སྡེ་བའི་ནང་ན་གནས་སྡོད་བྱས་ཡོད། ཁོ་རང་ངའི་ཐོག་ཏུ་ཁོང་ཁྲོ་མ་ལངས་ཀྱང་སེམས་པ་ཧ་ཅང་སྐྱོ་གིན་འདུག མཚན་མོ་དང་པོ་དེ་ང་ཁོ་རང་སར་ཞག་འདུག་བྱས་ཤིང་ཁོང་རང་གིས་ཆང་འཐུང་གི་ཡོད་ པའང་ཐེངས་དང་པོ་མཐོང་པ་ཡིན། སྤྱིར་ཁོ་རང་མི་བཟང་པོ་ཡོད་པ་དང་དོན་མེད་དུ་སྒོར་མོ་མི་གཏོར་ཞིང་ཆང་རག་མི་ འཐུང་བའི་མི་དཔེ་བཟང་ཞིག་ཡིན།
རྗེས་སུ་ངས་ཁོ་རང་གི་གྲོགས་པོ་ཞིག་བརྒྱུད་ནས་གོ་ཐོས་ལ་ཁོ་རང་གིས་ངའི་ནུ་ མོར་བྱིས་པ་འཁོར་ཡོད་ན་འདྲ། མེད་ན་འདྲ། གལ་སྲིད་ཡོད་པའི་དབང་ཏུ་བཏང་ནའང་མོ་རང་གི་བྱིས་པ་དེ་ངས་བདག་སྐྱོང་བྱ་ཆོག ཨ་ཕས་ག་རེ་བྱས་ནས་ངའི་ནུ་མོ་གསོད་གྲབས་བྱས་པ་རེད་ཅེས་ལབ་བྱུང་ཟེར། དེ་ནི་ང་ལ་མཚོན་ན་རྣ་ལམ་ལ་གོ་མྱོང་མེད་པའི་གཏམ་བཟང་དང་བྱམས་བརྩེ་ཡི་སྐད་ཆ་ ཞིག་རེད་ལ། ཁོང་རང་ངའི་ཐོག་ལ་ཁོང་ཁྲོ་ཟོས་མེད་པའང་མཚོན། དེའི་སྔོན་ལ་ངས་ངའི་ནང་མི་ཚང་མ་ངའི་ཐོག་ལ་འཚིག་པ་ཟ་གིན་ཡོད་པར་སྙམ། ང་ཡུན་རིང་ཞིག་ལ་ནང་དུ་ཕྱིར་འགྲོ་ཕོད་མ་སོང་བས་ཕུ་བོ་ཉི་མས་ང་ཁོ་རང་གི་ནང་ ལ་ག་ཚོད་སྡོད་དགོས་ཀྱང་བསྡད་ཆོག་ལ། གཏན་དུ་འདུག་དགོས་ནའང་བསྡད་ན་ཆོག་པར་བཤད། ཨ་མ་ཉི་མ་རྟག་པར་ང་ལ་ལྟ་རུ་ཡོང་ཞིང་ངའི་གནས་སྟངས་གང་འདྲ་ཡོད་མེད་ལ་ལྟ་རྟོག་ བྱེད་ཀྱིན་འདུག
མཐའ་མ་དེར་ཨ་མས་ངས་ཨ་མ་ལ་ནང་ལས་སོགས་ལས་རོགས་བྱེད་དགོས་པར་ཨ་ཕ་ཡང་ཡང་བཤད་ དེ་ཨ་ཕའི་སེམས་པ་བསྒྱུར་ནས་ང་རང་ཕྱིར་ནང་ལ་ཡོང་བ་ཡིན། ཡིན་ནའང། ཨ་ཕའི་ཁོང་ཁྲོ་ནི་དུས་ཡུན་རིང་པོ་ཞིག་ལ་ཞུ་མ་སོང་ལ། སྡུག་སྐད་ནི་དེ་ལས་ཀྱང་ཡལ་རྒྱུ་མི་འདུག ངས་གོ་ཐོས་ལ་ངའི་གནས་ཚུལ་གྱིས་ནང་མི་ཡོངས་ལ་ངོ་ཚ་བཟོས་ཤིང་སྡེ་བ་ཡོངས་ཀྱི་ གླེང་མོལ་དུ་གྱུར་འདུག ང་དང་ངའི་ནང་མིའི་བར་གནས་ཚུལ་འཚབ་ཆེན་བྱུང་ཡོད་པའི་བཤད་ཡམས་ཀྱང་ས་ཁྱབ་རྡོ་ ཁྱབ་རེད། ངའི་ནང་མི་ཚོས་ག་རེ་བྱས་ཀྱང་ང་ཁོང་ཚོར་འཚིག་པ་ཟ་དོན་མི་འདུག བཤད་ཡམས་དེས་ངའི་ནང་མི་ཚོར་མི་བདེ་བ་དང་མི་སྐྱིད་པ་བཟོས་འདུག་པས་ཚང་མར་དཀའ་ ངལ་འཕྲད་ཀྱིན་པ་རེད། ངའི་ཕ་མ་གཉིས་ཀྱིས་བྱིས་པ་མངལ་ནས་ཕྱིར་དབྱུང་བྱ་རྒྱུ་ཐག་གཅོད་བྱས་སོང་མོད། ཐོག་མར་ང་ཚོས་ཟླ་ལྔ་མ་ལོང་བར་བསྒུག་དགོས་པ་དེ་རེད། ཡང་དཀའ་ངལ་གཞན་ཞིག་འཕྲད་པ་ནི་ངའི་ཕ་མ་གཉིས་ལ་བྱིས་པ་མངལ་ནས་ཕྱིར་དབྱུང་བྱ་ སྤྱད་ཀྱི་སྒོར་མོ་མེད་པའི་རྐྱེན་གྱིས་ཁོང་ཚོས་ང་བོད་ཀྱི་སྨན་པ་ཞིག་སར་ཁྲིད་ སོང་། བོད་ཀྱི་སྨན་པ་ནི་སྨན་ཁང་ལས་གོང་ཁེ་པོ་ཡོད་པས་རེད། བོད་ཀྱི་སྨན་པ་དེས་བྱིས་པ་མངལ་ནས་ཕྱིར་དབྱུང་བྱ་འདོད་མེད་པ་གསལ་པོ་ཡིན་ཡང་། ཁོ་རང་གི་ལག་བསྟར་བྱ་རྒྱུ་མིན་པར་ལབ་མ་སོང་། དེ་ལས་ལྡོག་སྟེ་ཁོ་རང་གིས་སྨན་གྱི་ཡོ་བྱད་ཞིག་ལ་བསྒུག་དགོས་ཡོད་རབས་བཤད་པས་ ང་ཚོས་སྨན་གྱི་ཡོ་བྱད་དེ་མ་སླེབས་པར་བསྒུག་དགོས་པ་རེད། ཉིན་རྟག་པར་ང་ཚོ་ཁོ་རང་སར་ཕྱིན་ཏེ་དྲིས་སྐབས། ཡོ་བྱད་བསླེབ་གྲབས་ཡོད་པས་ད་དུང་བསྒུག་ཟེར། ང་ཡུལ་ལྷ་ཚང་དུ་ཡོད་པས་དེ་གར་འདུག་རྒྱུར་འཇིགས་སུ་རུང་བ་ཞིག་རེད། དང་པོ་ཁོ་རང་གིས་ང་མཐོང་དུས་མོས་འདིར་ག་རེ་བྱེད་ཀྱིན་ཡོད་རེད། ཁྱེད་རང་གིས་མོ་རང་མ་བསད་དམ་ཞེས་ལབ་སོང་། ཁོ་རང་གིས་ང་ཚོ་བསྡད་པའི་དུས་ཡུན་རིང་ང་ལ་མིག་གིས་ཀྱང་ཐེངས་གཅིག་བལྟས་མ་ སོང་། ཟླ་གཉིས་ལ་བསྒུགས་པའི་རྗེས་སུ་ད་དུང་སྨན་པས་ཡོ་བྱད་དེ་བསླེབས་མ་སོང་ཟེར། མཐའ་མར་ཨ་ཕ་ཡིད་ཐང་ཆད་ཅིང་འུ་ཐུག་ནས་སྒོར་མོ་གཡར་ཏེ་ང་སྨན་ཁང་དུ་ཁྲིད་སོང་། སྨན་ཁང་ནས་སྨན་པས་ངའི་གྲོད་ཁོག་ནང་ཁབ་ཅིག་བརྒྱབ་ཅིང་ཕྱིའི་ཉིན་མོའི་ཕྱི་ དྲོའི་ཆུ་ཚོད་བཞི་བར་ཡོང་དགོས་ལབ་སོང་། ཕྱིའི་ཉིན་མོ་ང་ཚོ་ཕྱིར་སྨན་ཁང་དུ་བསླེབས་དང་ང་ལ་ཁང་མིག་དང་ཉལ་ཁྲི་ཞིག་ཁ་ ཁར་སྤྲད་སོང་། ཆུ་ཚོད་ལྔ་བ་ཙམ་ལ་ང་ལ་གཟེར་ཟུག་རྒྱག་འགོ་བཙུགས་ཤིང་གཟེར་ཟུག་དེ་ནི་ངའི་བུ་ མོ་གཉིས་ཀ་སྐྱེས་དུས་ཀྱི་ཟུག་རྔུ་ལས་ཀྱང་སྡུག་པ་འདུག་ལ། ངའི་གྲོད་ཁོག་གི་ནད་ཟུག་ཇེ་ཆེ་ནས་ཇེ་ཆེ་རེད། ནད་གཡོག་མའང་ཕྱིན་སོང་། ངའི་ཉེ་འགྲམ་དུ་ནང་མི་སོགས་མི་གཅིག་ཀྱང་མེད་པར་གཅིག་པོ་ཁེར་རྐྱང་གིས་ན་ཟུག་ བསྲན་ཞིང་གནས་སྟངས་གང་འབྱུང་ཡང་མ་ཤེས་པར་འདུག་དགོས་པ་ནི་ཡིད་མི་བདེ་ཞིང་ ཤིན་ཏུ་འཇིགས་པ་དང་སྐྱི་གཡའ་བ་ཞིག་རེད། གང་ལྟར་མཚན་གུང་ཞིག་ལ་བྱིས་པ་ཕྱིར་འདེད་བྱས་སོང་བས་ནད་གཡོག་མས་བུ་མོ་ཞིག་ རེད་ཅེས་བཤད་སོང་། ངས་བྱིས་པ་དེའི་མགོར་སྐྲ་མང་པོ་ཡོད་པ་མཐོང་བྱུང་ལ། སྐྲ་ནི་ནག་པོའང་ཁམ་ནག་འདྲ་བོ་ཞིག་རེད། མགོ་ནི་སྔོ་ནག་ཆགས་འདུག་པར་བརྟེན་ནད་གཡོག་མས་ཁབ་དེ་ནི་དུག་ཡིན་པས་ན་བྱིས་ པའི་མགོ་ལ་བརྒྱབ་པ་རེད་ཟེར། ངས་ད་དུང་བྱིས་པའི་མགོ་སྔོ་ནག་དེ་མིག་ལམ་དུ་གསལ་ལེར་འཆར་གྱིན་འདུག བྱིས་པའི་གཟུགས་ཕུང་ཆེན་པོ་ཆགས་འདུག་པ་མ་ཟད་ཕལ་ཆེར་ཡན་ལག་ཆ་ཚང་ཐོགས་འདུག དེ་ནི་ངའི་བུ་མོ་གཉིས་སྐྱེས་པའི་སྐབས་དང་གཅིག་མཚུངས་ཀྱི་སྣང་བརྙན་ལྟ་བུ་ རེད། ངས་བྱིས་པ་དེ་མི་ཚེ་གང་བོར་དུས་ནམ་ཡང་བརྗེད་མི་སྲིད་ཅིང་། ངས་ད་རུང་མོ་ཡི་སྐྲ་ནག་མང་བའི་མགོ་བོ་སྔོན་ནག་དེ་གསལ་པོར་མཐོང་གི་འདུག གང་ལྟར། ངས་བྱིས་པ་དེའི་གདོང་པ་རྩ་བ་ནས་མཐོང་མེད།
ཡ་ང་བའི་དོན་རྐྱེན་དེ་བྱུང་ནས་ཡུན་རིང་མ་འགོར་བར་ང་ཡང་བསྐྱར་དོན་རྐྱེན་དེ་ དང་གཅིག་མཚུངས་ཀྱི་གནས་སྟངས་གཞན་ཞིག་གི་ནང་དུ་ལྷུང་བྱུང་། ངའི་གྲོགས་མོ་སློབ་གྲྭ་ནས་ཐོན་ཏེ་མོ་རང་གི་དགའ་རོགས་དང་མཉམ་དུ་ཟ་ཁང་ཞིག་གི་ ནང་དུ་ལས་ཀ་ལས་ཀྱིན་ཡོད་པས་ཉིན་ཞིག་ང་ཐུག་འཕྲད་དུ་ཕྱིན་པ་ཡིན། ཟ་ཁང་གི་སྒོ་བརྒྱབ་པ་དང་སྤྱིན་བདག་སྔ་པོ་ནས་ལོག་ཕྱིན་སོང་། ངའི་གྲོགས་མོའི་དགའ་རོགས་ཟ་ཁང་ནང་ན་གནས་སྡོད་བྱས་ཡོད་སྟབས་ཁོ་རང་གིས་ང་ཚོར་ ཁ་ལག་བཟོས་ནས་སྤྲད་སོང་། ཁ་ལག་ཟོས་ཚར་རྗེས་ཁོ་རང་དང་ཁོ་རང་གི་གྲོགས་པོ་གཉིས་ཀྱིས་ང་ཚོར་འཁྲིག་སྤྱོད་ ཀྱི་གློག་བརྙན་ཞིག་བསྟན་སོང་ལ། གློག་བརྙན་དེས་ང་རང་དོགས་མི་བདེ་བ་བཟོས་པར་བརྟེན་ངས་ད་ཕྱི་པོ་ཆགས་འདུག་ལ། ང་དང་ངའི་གྲོགས་མོ་གཉིས་འགྲོ་ན་བཟང་ཞེས་ལབ་པ་ཡིན། མི་དེས་ཁྱེད་རང་དོགས་མི་བདེ་བ་བཟོས་སོང་ན་ངས་བརྙན་འཕྲིན་གྱི་སྒོ་བརྒྱབ་ཆོག་ ཅེས་བཤད་ཞོར་བརྙན་འཕྲིན་གྱི་སྒོ་བརྒྱབ་སོང་། དེ་ནས་ཁོང་གཉིས་ཀྱིས་ཇ་བསྐོལ་འགོ་བཙུགས་ཤིང་ངེད་གཉིས་ད་དུང་ཏོག་ཙམ་སྡོད་ ཅེས་ལབ་སོང་།
དེའི་སྐབས་ངའི་གྲོགས་མོའང་ཡར་ལངས་ནས་གསང་སྤྱོད་ལ་ཕྱིན་སོང་། མོ་ཡུན་རིང་ཞིག་ལ་ཕྱིར་ཡོང་མ་སོང་། ང་མོ་རང་བཙལ་དུ་ཕྱིན་དུས་མོ་རང་གིས་བར་ཁྱམས་ནང་མོའི་དགའ་རོགས་ལ་འོ་བྱེད་ ཀྱིན་འདུག དེའི་རྐྱེན་གྱིས་ང་ཕྱིར་ཁང་པ་ནང་གི་མི་གཞན་པ་དེ་སར་ལོག་ཕྱིན་ཏེ་ང་རང་འགྲོ་ རན་འདུག་ཅེས་ལབ་སྐབས། ཁོ་རང་གིས་ཅི་འདི་མེད་པར་ངའི་ལུས་པོར་རེག་ཅིང་ཁ་བསྐྱལ་པར་ཚོད་ལྟ་བྱས་སོང། ངས་ཁོ་རང་ལ་ཕར་རྒྱུགས། ཁྱེད་རང་གིས་ཁྱད་འཚར་དེ་འདྲ་ག་རེ་བྱེད་ཀྱིན་ཡོད་ཅེས་ལབ་པ་ཡིན། ཁོ་རང་གིས་ཁོ་བོ་ནི་ཡོན་ཏན་དང་རྒྱུ་དངུལ་ལྡན་ཞིང་ང་རང་ལས་ཡག་པོ་ཡོད་པ་དང་། ང་རང་ལ་གོ་སྐབས་འདི་རག་པ་ནི་དགའ་སྤྲོ་སྐྱེ་དགོས་པ་ཞིག་རེད་ཅེས་ལན་བཏབ་སོང་། ད་དུང་དགོད་བྲོ་པོ་ཞིག་ལ་ང་ནི་ཁོ་་རང་ལ་ཧ་ཅང་ཡག་དྲགས་ཡོད་པ་ཡང་བཤད་སོང།
དེར་བརྟེན། ང་ཁོང་ཁྲོང་ཚད་མེད་ལངས་ཤིང་ཁོ་རང་ལ་རྒྱག་རེས་བརྒྱབ་ནས་འབྲོ་ཐབས་བྱས་ཀྱང་། ཁོ་རང་གིས་ངའི་ལག་ཁུག་ནས་བཟུང་ཞིང་ཕུད་རྒྱག་བཏང་སྟེ་ཉལ་ཁང་ནང་དུ་བཅུག་པ་མ་ ཟད་ངའི་གྱོན་གོས་རྣམས་རེ་རེ་བཞིན་བཙན་ཚུགས་ཀྱིས་ཕུད་སོང་། ངས་ཨག་སྐད་བརྒྱབ་ཅིང་ངུས་ནས་ང་གཏོང་རོགས་ཞེས་ཞུ་བ་བྱས་པ་ཡིན། དེའི་དུས་ངའི་གྲོགས་མོ་དང་མོ་རང་གི་དགའ་རོགས་གཉིས་ཡོང་སྟེ་ཡར་ལངས་ཤིང་མིག་ འཇུར་ནས་བལྟས་པ་ཙམ་ལས་ང་ལ་རོགས་པ་གང་ཡང་བྱས་མ་སོང་། ངའི་ཐོག་གི་གྱོན་གོས་ཚང་མ་བཤུས་ཚར་རྗེས་ང་ཐབས་ཟད་དེ་ཉལ་ཐུལ་གྱི་འོག་ཏུ་ཡིབ་ ཐབས་བྱས་ཀྱང་དེ་ཡང་འཕྲོག་སོང་།
དེ་ལྟར་ཁོ་རང་གིས་ང་ལ་ཧོབ་རྒྱག་དང་ཧོབ་འཐེན་བྱས་ཞོར་ངའི་གྱོན་གོས་ཚང་མ་སྦས་ སོང་། ད་དུང་ཁོ་རང་གིས་ཁྱེད་རང་གིས་སྐད་ཅོར་ག་ཚོད་བརྒྱབ་ཅིང་ངུ་ངག་ཇི་ཙམ་ཤོར་ཡང་ཁྱེད་རང་གི་གྱོན་གོས་སང་ཉིན་ཞོགས་པ་བར་ཕྱིར་རག་གི་མ་རེད་ཅེས་ལབ་སོང་། མཐའ་མ་དེར་ཁོ་རང་གིས་ཉལ་ཐུལ་ཉལ་ཁྲིའི་ཐོག་ཏུ་བཞག་སོང་། དེ་བས་ན། ང་མཚན་མོ་གང་བོར་དམར་རྗེན་དུ་ངའི་གྲོགས་མོ་དང་སྐྱེས་པ་དེ་གཉིས་དང་མཉམ་དུ་ཉལ་ཁྲི་གཅིག་ཐོག་མི་ཉལ་ག་མེད་བྱུང་།
ཀུན་བཟང་སྒྲོལ་མས་རང་ཉིད་དཔང་བོར་ལངས་ཏེ་བོད་མོ་ཁ་ཅིག་གི་ཡ་ང་བའི་མྱོང་བ་བརྗོད་པ་ནི་ངོ་མ་རླབས་ཆེའོ།། ང་ཚོའི་སྤྱི་ཚོགས་ཀྱི་གནད་དོན་ལ་ལ་ནི་བོད་མིའི་རང་རྒྱུད་དུ་འབྱམས་པའི་བསམ་སྤྱོད་ཐ་ཤལ་རིགས་ཀྱིས་བཟོས་པ་ཡིན། ང་ཚོས་ངེས་པར་དུ་གང་ཟག་སྒེར་བ་དང་ཁྱིམ་ཚང་ནས་མགོ་བརྩམས་ཏེ། འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོ། འདྲ་མཉམ། དྲང་བདེན་གྱི་ཕྱོགས་སུ་བསྐྱོད་དགོས། དེ་ལྟར་མ་ནུས་ཚེ། བོད་ཅེས་པའི་ཁ་གཡང་གིས་སྒྲིབ་པའི་བསམ་སྤྱོད་ཐ་ཤལ་རིགས་ཀྱིས་རང་སྡེའི་ཉམ་ཆུང་སྡུག་ལ་སྦྱོར་བ་རྒྱུན་ཆད་མི་ནུས།
བཅར་འདྲི་འདི་མགོ་ནས་མཇུག་བར་དུ་བཀླགས་རྗེས། ང་ལ་བསམ་བློ་ཞིག་འཁོར་ཡོང་།
ད་ལྟ་ང་ཚོས་ཀུན་བཟང་སྒྲོལ་མ་དེབ་ནང་དུ་བཀླག་ན་ཆོག་ཅིང་། བཅར་འདྲི་དང་ཁ་བརྡའི་ལམ་ནས་གླེང་ན་ཆོག་གི གང་ལྟར། ང་ཚོ་ཀུན་བཟང་སྒྲོལ་མའི་ལུས་ངག་ཡིད་གསུམ་ལ་འཐམ་སྟེ་ཀུན་བཟང་སྒྲོལ་མའི་ཕྱི་ནང་གསང་གསུམ་དང་འདས་མ་ད་གསུམ་བཀླག་ཆོག་ཆོག་ཏུ་གྱུར་འདུག དེ་ནི་ཁོ་མོས་འབད་བརྩོན་དང་སེམས་ཐག་ཆོད་པོས་འུ་ཅག་དང་ཁ་ཐག་ཇེ་ཉེར་གཏོང་བཞིན་པའི་ཕྱོགས་ཤིག་རེད།
ཡིན་ནའང་། ད་ལྟ་ངས་ཧམ་སེམས་ཇེ་ཆེར་སོང་སྟེ་ཀུན་བཟང་སྒྲོལ་མ་རྒྱ་གར་ནང་བསླེབས། རྒྱ་གར་ནང་གི་བོད་རིགས་བུད་མེད་མང་དག་ཅིག་གི་སེམས་ཁོང་ལ་ཁ་དཔུང་གི་མེ་ལྕེ་ཞིག་སྦར་ནས་ཁོ་མོ་ལྟ་བུའི་བུད་མེད་མང་དག་ཅིག་གི་སེམས་ཀྱི་གཏིང་རིམ་ན་སྦས་སྐུང་བྱས་ཡོད་པའི་འབག་བཙོག་གི་རིགས་ཤིག་ཕྱི་ལ་བསྔོག་སྟེ། ནམ་ཞིག་ང་ཚོས་བཀླག་ཐུབ་པ་བྱུང་ན་ཅི་མ་རུང་ཨང་སྙམ་གྱིན་འདུག
དེབ་དེ་ཀློག་འདོད་ཆེན་པོ་བྱུང་སོང་། གང་མགྱོགས་བོད་ཡིག་ཐོག་བསྒྱུར་ཐུབ་པ་ཡིན་ན་ཧ་ཅང་ཡག་པོ་འདུག གསར་འགོད་པའི་དྲི་བ་བཏང་བ་དང་ཀུན་བཟང་སྒྲོལ་མའི་དྲིས་ལན་བརྒྱབ་པ་ཚང་མ་ཧ་ཅང་སྙན་པོ་དང་ཡིད་འགུལ་ཐེབས་པ་ཞིག་རེད། ཡིན་ནའང་། བཅར་འདྲི་འདི་བརྒྱུད་དེ་དེབ་དེའི་ནང་དོན་གལ་ཆེན་ཁག་ཅིག་མོ་རང་གི་ངག་ཐོག་ནས་བཤད་ཡོད་ན་ཅི་མ་རུང་། བསམ་བློ་དང་ཤེས་ཡོན་སྤོབས་པ་སོགས་སུམ་འཛོམས་ཀྱི་བུད་མེད་ཁྱེད་རང་ལྟ་བུ་ཞིག་གིས་བོད་པའི་བུད་མེད་ཚོའི་སྣེ་འཁྲིད་ཐུབ་པ་ཡིན་ན་བོད་པའི་བུད་མེད་ཚོའང་རེ་བ་ཆེན་པོ་ཞིག་ཡོང་ས་རེད།
སྤྱི་ཚོགས་ཤིག་དྲང་ཕྱོགས་ནས་བསྔོགས་ན་དེ་ནི་རིན་ཆེན་གཏེར་ཁའི་བང་མཛོད་ཞིག་རེད་ལ། སྤྱི་ཚོགས་ཤིག་ལྡོག་ཕྱོགས་ནས་བསྔོག་ན་འབག་རྩོགས་དང་གད་སྙིག་གི་ཕོང་བོ་ཞིག་རེད། འོན་ཏེ། གལ་ཆེ་ཤས་གད་སྙིག་ཕུང་བོ་དེ་སྒྱུར་རྩལ་གྱི་ཐོན་རྫས་ཞིག་ལ་བསྒྱུར་ཐུབ་མཁན་ནི་སྐྱེ་སྦྱང་གི་རྟོགས་པ་སད་པའི་རྩོམ་པ་པོ་དང་སྒྱུ་རྩལ་བ་དག་གི་དམིགས་བསལ་ཁྱད་ཆོས་རེད། ཨ་མ་ཀུན་བཟང་སྒྲོལ་མ་དང་ཁོང་མོའི་བཟའ་ཟླ་གཉིས་མི་འགྱངས་བར་རྒྱ་གར་མ་ཡོང་གི་ཡོད་པ་གོ་ནས་དགའ་སོང་། འདིར་ཤོག་དང་ངས་ཀྱང་ཁྱེད་གཉིས་ལ་སྤྱི་ཚོགས་ཀྱི་གད་སྙིག་བསྔོགས་རོགས་བྱེད་ཆོག་ལ། ཁྱེད་གཉིས་ཀྱིས་དེ་དག་སྒྱུ་རྩལ་གྱི་ཐོན་རྫས་ཤིག་ལ་བསྒྱུར་ནས་མི་རིགས་ཀྱི་དཔལ་ཡོན་ལ་ཁ་གསབ་གནང་རོགས། མུན་ནག་གི་སྤྱི་ཚོགས་འདིར་རྟོགས་སད་ཀྱི་མཆོད་མེ་རྐང་གཅིག་སྤར་རོགས། ཞོར་ནས་གསར་འགོད་པ་ཞོར་ཚང་ལའང་བཀའ་དྲིན་ཆེ། གང་ཞིག་ན་འདི་ལྟ་བུའི་དོ་སྣང་སྤྲོད་དགོས་ས་རེ་ཡོད་ན་ཨ་མའི་བུ་་་དེ་ཚོ་འཆོར་གི་མ་འཇུག