བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་ནག་གཞུང་གིས་སྔར་ལོའི་ཕྱི་ཟླ་ ༡༠ ཚེས་ ༦ ཉིན་ཁམས་སོག་རྫོང་ཙན་དན་ལྡན་དགོན་པའི་གྲྭ་རྣམ་རྒྱལ་ཚུལ་ཁྲིམས་ལགས། རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ། ཐོག་མར་ནག་ཆུའི་བཙོན་ཁང་དང་ས་གནས་ཀྱི་བཀག་ཉར་ཁང་གཉིས་སུ་རེས་མོས་ཀྱིས་ཟླ་ ༤ དང་ཉིན་ ༢༨ ཙམ་གྱི་རིང་བཙོན་འཇུག་དང་། དེའི་རྗེས་ལྷ་སའི་སྟོད་ལུང་བཙོན་ཁང་དུ་ཟླ་ ༣ དང་ཉིན་ ༡༡ རིང་བཙོན་འཇུག་བཅས་བྱས་རྗེས། འདི་ལོའི་ཕྱི་ཟླ་ ༥ པའི་ཚེས་ ༡༡ ཉིན་བཙོན་གྲོལ་བཏང་ཡོད་ཀྱང་། བཙོན་ཁང་དུ་སྡོད་རིང་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་སྟེ་ད་ལྟ་ཁོང་གི་གཟུགས་པོ་བདེ་བོ་མེད་པར་ཆགས་ཡོད་པ་མ་ཟད། ལག་གཡོན་པ་བེད་སྤྱོད་མེད་པ་ཆགས་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ༢༠༡༡ ལོའི་ལོ་མཇུག་ཏུ་ལྷ་སར་རྒྱལ་སྲུང་ཉེན་རྟོག་པས་ཁོང་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པའི་བསྙད་དེ་ཟླ་ ༡ རིང་བཀག་ཉར་འདྲི་རྩད་བྱས་ཡོད་འདུག་ལ། ཕྱིས་སུ་ཁོང་གིས་ ༸གོང་ས་མཆོག་གི་སྤྱོད་འཇུག་བཀའ་ཁྲིད་ཀྱི་འོད་སྡེར་ ༤ ཉར་ཡོད་པར་བསྙད་དེ་རྒྱལ་ཁབ་ཁ་བྲལ་གཏོང་མཁན་གྱི་ཉེས་མིང་འོག་ད་ལྟའི་བར་བཙོན་ཁང་རིམ་པའི་ནང་བཀག་ཉར་བྱས་ཡོད་འདུག ཉེ་བའི་ཆར་ཁོང་བཙོན་གྲོལ་ཐོབ་ཏེ་ཕྱིར་རང་དགོན་དུ་ལོག་ཡོད་ཀྱང་། རྒྱ་ནག་གཞུང་གིས་མི་སྣ་མངགས་གཏོང་གིས་ཁོང་ལ་གསང་བའི་སྒོ་ནས་ལྟ་རྟོག་དང་དངོས་སུ་འདྲི་རྩད་སོགས་བྱེད་ཀྱི་ཡོད་འདུག