མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛིན་རིམ་ ༦ ནས་ ༨ བར་དབྱིན་སྐད་ཐོག་སློབ་ཁྲིད་བྱོས།

བོད་ཀྱི་དུས་བབ།
༢༠༡༣/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་ལ་བཀོད་ཁྱབ་ཅིག་གནང་བའི་ནང་། འཛིན་རིམ་ ༦ ནས་ ༨ བར་དབྱིན་སྐད་ཐོག་ནས་སློབ་ཁྲིད་བྱེད་དགོས་སྐོར་བཀོད་འདུག་པའི་ཐད། འདི་གའི་གསར་འགོད་པས་ཤེས་རིག་དྲུང་ཆེ་ལགས་སུ་དོགས་འདྲི་ཞུས་ཡོད།

ད་ལོའི་ཕྱི་ཟླ་ ༣ ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་སཾ་བྷོ་ཊ་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་མཆོག་གི་མཚན་ཐོག་ལ་བཀོད་ཁྱབ་ཅིག་བཏང་ཡོད་པའི་ནང་། “ ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༧ ཉིན་འདི་གའི་དྲུང་ཆེའི་གཙོ་སྐྱོང་འོག་ཤེས་ཡོན་རྟོག་ཞིབ་ཞུས་པའི་སྙན་ཐོ་དང་། མཐོ་རིམ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་དམིགས་བསལ་ཚོགས་འདུ་བསྐོང་ཚོགས་གནང་བའི་གྲོས་ཆོད་འདི་མཉམ་ཟུར་འབུལ་ཞུས་ཡོད་པའི་ཐུགས་ཞིབ་དང་འབྲེལ། དེ་གར་འབྲེལ་ཆགས་གྲོས་གཞི་དོན་ཚན་ ༡ པོའི་གྲོས་ཆོད་ནང་གསལ་ལྟར་འཛིན་རིམ་ ༦ ནས་ ༨ བར་གྱི་སློབ་ཁྲིད་བརྒྱུད་ལམ་ཐད། ཨིན་བོད་སྐད་ཡིག་གཉིས་ཀྱི་ཚད་འཕེར་སློབ་དགེ་འདེང་ངེས་ཤིག་མ་བྱུང་བར་སློབ་འཁྲིད་བརྒྱུད་ལམ་གཙོ་བོ་ཨིན་ཡིག་དང་། ཚིག་དོན་དཀའ་གནད་རིགས་བོད་སྐད་བརྒྱུད་ལམ་ནས་འགྲེལ་བརྗོད་གནང་རྒྱུ་བཅས་སྔ་འཕྲོས་སྐད་གཉིས་ཟུང་འབྲེལ་སློབ་ཁྲིད་གནང་ཕྱོགས་འདི་ལྟར་གཏན་ཁེལ་སོང་བ་བཞིན་དེ་ནས་ཁྱབ་ཁོངས་སློབ་ཁག་ལ་ལག་བསྟར་བཀོད་ཁྱབ་ངེས་གནང་ཡོང་བ་དང་། འདི་གར་ཡང་འདི་བྱེད་སྙན་སེང་ཞུ་གནང་དགོས་རྒྱུ་བཅས་དེ་དོན་དགོངས་འཇགས་ཞུ།” ཞེས་བཀོད་འདུག

            གོང་གསལ་ཤེས་རིག་ལས་ཁུངས་ཀྱི་བཀོད་ཁྱབ་དེའི་ཐད་ས་གནས་སློབ་གྲྭ་ཁག་རེ་ཟུང་ནང་མོས་མཐུན་མེད་པའི་གླེང་སློང་བྱུང་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་རྒྱུན་ལས་ལ་ཡི་གེ་ཞིག་འབྱོར་བ་བཞིན་བཀའ་ཤག་ལ་དོགས་འདྲི་ཕུལ་ཡོད་འདུག ཉེ་ལམ་འདི་གའི་གསར་འགོད་པས་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་སུ། ཤེས་རིག་གི་བཀོད་ཁྱབ་དེ་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐད་བཅར་འདྲི་ཞུས་པའི་ལན་དུ། དྲུང་ཆེ་ལགས་ཀྱིས་གསུངས་དོན། “ སྤྱིར་བཏང་སཾ་བྷོ་ཊ་སློབ་གྲྭ་ཁག་གི་ནང་དུ་ཤེས་ཡོན་སྲིད་བྱུས་གང་ཐུབ་ཐུབ་ཅིག་ལག་ལེན་བསྟར་བཞིན་ཡོད། འཛིན་གྲྭ་ ༥ པ་བར་གྱི་སློབ་དེབ་ཚང་མ་བོད་ཡིག་ནང་སློབ་ཀྱི་ཡོད་པ་རེད། ཡིན་ནའང་། འཛིན་གྲྭ་ ༦ པ་ནས་ ༨ པ་བར་གྱི་སློབ་ཁྲིད་ཀྱི་བརྒྱུད་ལམ་ལ་དེ་སྔོན་ཤེས་རིག་ལས་ཁུངས་ཀྱིས་གཏན་ཁེལ་བའི་སྲིད་བྱུས་མེད་སྟབས། ཤེས་ཡོན་འགན་འཛིན་རྣམ་པ་ཚོ་སློབ་གྲྭ་རུ་ཤེས་ཡོན་རྟོག་ཞིབ་ཏུ་ཕེབས་སྐབས། དགེ་རྒན་ཁ་ཤས་ཀྱིས་བོད་སྐད་དང་ཁ་ཤས་ཀྱིས་དབྱིན་སྐད་ནང་དུ་སློབ་ཁྲིད་བྱས་པ་སོགས་སྣ་ཚོགས་བྱུང་ཡོད་པ་རེད། དེའི་ཕྱིར་ང་ཚོས་གཏན་ཁེལ་བའི་སློབ་ཁྲིད་བརྒྱུད་ལམ་གཅིག་བཟོ་དགོས་ཀྱི་འདུག་ཟེར་ནས་གོ་བསྡུར་བྱུང་བ་མ་ཟད། སློབ་གྲྭ་ཁག་གི་དགེ་རྒན་ཚོའི་ཤེས་ཚད་དང་སློབ་ཁྲིད་བྱེད་སྟངས་བཅས་ལ་ང་ཚོས་རྟོག་ཞིབ་བྱས་སྐབས། ཕུགས་ལ་ང་ཚོས་རང་སྐད་ཀྱི་ཐོག་ནས་སློབ་ཁྲིད་བྱ་རྒྱུ་དེ་ཡིན་ཡིན་པ་རེད། ཡིན་ནའང་། ད་ལྟའི་ཆར་དཔེར་ན་ཨང་རྩིས་དང་ཚན་རིག་གཉིས་ལྟ་བུ་ཡིན་ན། སློབ་དེབ་དབྱིན་ཡིག་ཐོག་ཡོད་པ་དང་། དེ་སློབ་མཁན་གྱི་དགེ་རྒན་ཚོ་ཡང་དབྱིན་ཡིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པར་བརྟེན། བོད་སྐད་ཀྱི་གནས་ཚད་དེ་ཙམ་གྱིས་ཡག་པོ་མེད་པས་བོད་སྐད་ཐོག་ནས་སློབ་ཁྲིད་བྱེད་ཐུབ་ཀྱི་མི་འདུག ང་ཚོས་བོད་སྐད་ཀྱི་གནས་ཚད་མེད་ནའང་ཨུ་ཚུགས་བརྒྱབ་སྟེ་བོད་སྐད་ཐོག་བསླབ་པ་ཡིན་ན། མ་འོངས་པར་དེ་ལས་དཀའ་ངལ་ཆེ་བ་ཡོང་ས་རེད། དེའི་ཕྱིར་ང་ཚོས་གནས་སྐབས་སུ་དབྱིན་སྐད་ཐོག་སློབ་ཁྲིད་བྱས་ཏེ། ཚིག་དོན་དཀའ་གནད་ཅན་རིགས་བོད་སྐད་ཀྱི་ཐོག་ནས་འགྲེལ་བཤད་རྒྱག་དགོས་པའི་གཅིག་གྱུར་གཏན་འབེབས་གནང་བ་རེད། གལ་སྲིད་དབྱིན་སྐད་ཐོག་བཤད་པ་རྣམས་སློབ་ཕྲུག་གིས་ཆ་ཚང་ཞིག་ཧ་གོ་མ་སོང་བསམ་པ་བྱུང་ཚེ། བོད་སྐད་ཀྱིས་འགྲེལ་བཤད་བརྒྱབ་པ་ཡིན་ནའང་མ་འགྲིག་པ་ཡོད་པ་མ་རེད། ཡིན་ནའང་། རྩ་བའི་སོ་སོའི་དབྱིན་ཇིའི་ཤེས་ཚད་ཡག་པོ་ཡོད་དུས་དབྱིན་སྐད་ཐོག་སློབ་ཁྲིད་བྱས་ན་ཡག་པོ་ཡོད་པའི་ལམ་སྟོན་ཞུས་པ་ཡིན” ཞེས་བརྗོད་བྱུང་།

            ཡང་ཁོང་ལ་ཚན་རིག་དང་ཨང་རྩིས་གཉིས་ཀྱི་སློབ་དེབ་ག་རེ་བྱས་ནས་བོད་ཡིག་ནང་བསྒྱུར་མ་ཐུབ་པ་རེད་ཅེས་དྲིས་པར། “ སྔོན་མ་རྒྱ་གར་རྒྱལ་ཡོངས་ཤེས་རིག་ཞིབ་འཇུག་དང་སྦྱོང་བརྡར་ལྷན་ཚོགས་ཀྱི་(National Council Of Educational Research And Training) སློབ་དེབ་བོད་ཡིག་ནང་བསྒྱུར་བཞག་པ་ཞིག་ཡོད་པ་རེད། ཡིན་ནའང་། (NCERT) སློབ་དེབ་མང་པོ་བསྐྱར་ཞིབ་བྱས་ཚར་སྟབས། བོད་ཡིག་ནང་ཡོད་པའི་སློབ་དེབ་དེ་བསླབ་ནས་བསྡད་ན་རྗེས་ལུས་ཆེན་པོ་ཐེབས་འགྲོ་ཡི་འདུག (NCERT) ཡི་སློབ་དེབ་གསར་པ་མགྱོགས་པོར་བསླེབ་ཡོང་དུས་ང་ཚོས་རྗེས་ཟིན་གྱི་མི་འདུག་པས་གཏན་འབེབས་འདི་བྱུང་བ་རེད” ཅེས་བརྗོད་བྱུང་། 

            ཁོང་ལ་སློབ་གྲྭ་ཁག་ཏུ་འཛིན་རིམ་ ༦ པ་ནས་ ༨ བར་གྱི་དགེ་རྒན་ཚོར་བོད་ཡིག་བོད་སྐད་ཀྱི་གནས་ཚད་དཀའ་ངལ་ཡོད་པ་གང་ལ་ཐུག་ཡོད་མེད་དྲིས་པར། ཁོང་གིས། “ མ་འོངས་པར་བོད་སྐད་ཡིག་གི་ཐོག་ནས་སློབ་ཁྲིད་བྱེད་པར་ད་ཡོད་ཀྱི་དགེ་རྒན་ཚོར་ཐེངས་ ༣ ལ་ཟབ་སྦྱོང་སྤྲད་པ་རེད། ཡིན་ནའང་། དེ་འདྲ་ཞིག་གིས་འདེང་གི་མེད་སྟབས། མ་འོངས་པར་མུ་མཐུད་དུ་ཟབ་སྦྱོང་སྤྲོད་འཆར་ཡོད། དེ་བཞིན་དགེ་རྒན་གསོ་སྐྱོང་ལ་དམིགས་ཏེ་སཱ་ར་དང་འབུམ་ཐར་ལ་དགེ་རྒན་འོས་སྦྱོང་གི་འཛིན་གྲྭ་བཙུགས་ཡོད་པ་རེད། ཁོ་ཚོས་མ་འོངས་པར་བོད་སྐད་རང་གི་བརྒྱུད་ལམ་གྱི་ཐོག་ནས་སློབ་ཁྲིད་བྱེད་ཐུབ་པའི་དམིགས་ཡུལ་བཅངས་ཡོད། གཞན། ང་ཚོ་ཤེས་ཡོན་ལྷན་ཚོགས་ཀྱི་ངོས་ནས་འཛིན་གྲྭ་༨ པ་དང་༩ པ་བར་གཏན་འབེབས་ཟིན་པའི་བསླབ་གཞི་རྩ་འཛིན་གཞིར་བཟུང་གིས། ཨང་རྩིས་དང་ཚན་རིག་གི་སློབ་དེབ་དེ་ཚོ་བཟོ་སྒྲིག་བྱེད་པར་གོམ་པ་རྒྱག་གི་ཡོད། འོན་ཀྱང་། བོད་བསྒྱུར་བྱས་ཏེ་ང་ཚོས་རྗེས་ཟིན་ས་མ་རེད། ” ཅེས་ངོ་སྤྲོད་གནང་སོང་།

            སློབ་ཁྲིད་བརྒྱུད་ལམ་གཅིག་གྱུར་གྱི་གཏན་འབེབས་དེ། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་དང་། སློབ་ཁྲིད་བྱེད་ཐབས་དང་མཐུན་གྱི་ཡོད་མེད་དྲིས་པར་ཁོང་གིས། ཤེས་ཡོན་སྲིད་བྱུས་དེ་མིང་དོན་མཚུངས་པ་ཞིག་ཡོང་བར་བྱེད་པའི་ཐབས་ལམ་ཡོངས་སུ་མཐུན་པ་ཞིག་ཆགས་ཡོད། གང་ཡིན་ཟེར་ན། ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་ཕྱོགས་ཀྱི་ནང་དུ། གནས་སྟངས་ལ་བལྟས་ནས་ཆ་རྐྱེན་ཚང་བ་དང་བསྟུན། རིམ་གྱིས་ཤེས་ཡོན་སྲིད་བྱུས་ཀྱི་ནང་དུ་འགྲོ་དགོས་ཞེས་གསལ་ཡོད་སྟབས། གཅིག་ནས་འགྲོ་ལམ་གྱི་ཆ་ནས་འགྲིག་ཡོད་པ་རེད། གཉིས་ནས་ཤེས་ཡོན་སྲིད་བྱུས་ཀྱི་ནང་དུ་རང་སྐད་ཀྱི་ཐོག་ནས་འཛིན་གྲྭ་ ༨ པ་བར་སློབ་ཁྲིད་བྱེད་ཐུབ་པ་དགོས་པའི་ཕུགས་ཀྱི་དམིགས་ཡུལ་དེ་ཡོད་པ་རེད། དེའི་ཕྱིར་ང་ཚོས་ཕྱོགས་གཅིག་ནས་དགེ་རྒན་གསོ་སྐྱོང་བྱེད་བཞིན་པ་དང་། ཕྱོགས་གཞན་ཞིག་ནས་སློབ་དེབ་བཟོ་སྒྲིག་བྱེད་ཀྱི་ཡོད་པ་དེ་གཉིས་སྔོན་ལ་འཛོམས་མ་ཐུབ་པ་ཡིན་ན། བོད་སྐད་ཡིག་གི་ཐོག་ནས་སློབ་ཁྲིད་བྱེད་ཐབས་མེད་པ་རེད། ” ཅེས་བརྗོད་སོང་།

            མཇུག་ཏུ་སྐད་གཉིས་ཟུང་འབྲེལ་ལམ་སྦྲགས་སྐད་ཀྱི་ཐོག་ནས་དུས་ཡུན་རིང་པོར་སློབ་ཁྲིད་བྱེད་ཐབས་ལག་བསྟར་བྱས་ཚེ། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ལ་ཤུགས་རྐྱེན་ཅི་འདྲ་འབྱུང་སྲིད་སྐོར་དྲིས་པར། “ ང་རང་གི་བསམ་ཚུལ་ལྟར་ན། དབྱིན་ཡིག་དང་བོད་ཡིག་གང་ཡིན་ཡང་མཐར་ཕྱིན་པ་ཞིག་ཡོང་ཡོད་པ་མ་རེད་བསམ་གྱི་ཡོད། སྐད་ཡིག་གཅིག་གི་ཐོག་རང་རྐྱ་འཕེལ་བ་ཞིག་ཡོང་མིན་ཐད་ད་ལྟ་སློབ་གྲྭ་སྤྱི་ཡོངས་ཀྱི་ནང་དུ་དཀའ་ངལ་ཞེ་དྲག་འདུག སཾ་བྷོ་ཊ་སློབ་གྲྭ་ཁག་གི་ནང་དུ་འཛིན་གྲྭ་ ༣ པ་བར་བོད་ཡིག་རྐྱང་པའི་ཐོག་སློབ་ཁྲིད་བྱེད་པའི་སྲིད་བྱུས་དེ། སོ་སོའི་སྐད་ཡིག་གི་རྨང་གཞི་ཡག་པོ་ཞིག་འཛུགས་ཐུབ་པ་ཡིན་ན། སྐད་ཡིག་གཉིས་པ་སྦྱོང་རྒྱུ་ལས་སླ་བོ་ཡོད་པ་རེད་ཟེར་ནས་བཏོན་པ་རེད། དེ་ལག་ལེན་ག་ཚོད་ཅིག་བསྟར་ཐུབ་ཀྱི་ཡོད་མེད་དེ་ཚོད་ལྟ་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། སྤྱིར་བཏང་སྐད་ཡིག་འདྲིས་མ་ཟེར་བ་དེ་ང་ཚོ་བོད་པ་གཅིག་པུའི་དཀའ་ངལ་མ་རེད། ཡིན་ནའང་། ང་རང་ཚོའི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་སྟབས། ད་ལྟ་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་འཛིན་གྲྭའི་གནས་སྟངས་ནས་བཟུང་ཡར་རྒྱས་གཏོང་ཐུབ་པའི་ཐབས་ལམ་འཚོལ་བཞིན་ཡོད། ” ཅེས་གསུངས་སོང་།

༼བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད།༽

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་འཚམས་འདྲི་མཛད། བོད་ཀྱི་དུས་བབ་ཀྱིས་སྐུ་པར་སྒྲིག་སྦྱོར་བྱས། ༢༠༢༥།༦།༥
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་འཚམས་འདྲི་མཛད།

སྐར་མ ༥ སྔོན་ལ།
President Donald Trump gestures after speaking during a summer soiree on the South Lawn of the White House, Wednesday, June 4, 2025, in Washington
Mobile App

ཊོམ་ཕུ་གཞུང་གིས་རྒྱལ་ཁབ་བཅུ་གཉིས་ཀྱི་མི་སེར་ཨ་རིར་ཡོང་རྒྱུ་གཏན་འགོག་བྱ་རྒྱུ་ཡིན་འདུག 

སྐར་མ ༤༡ སྔོན་ལ།
1140,760,0,0.45,-1
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་དྭགས་སུ་ཆིབས་སྒྱུར་བསྐྱང་རྒྱུར་དམིགས་བསལ་གཏན་འཁེལ་གང་ཡང་མི་འདུག

ཆུ་ཚོད་ ༣ སྔོན་ལ།
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༥།༦།༤
Mobile App

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་གྲོས་ཆོད་དོན་ཚན་ ༦ གཏན་འབེབས་བྱུང་།

ཆུ་ཚོད་ ༢༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གསུམ་གྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

ལྷོ་ཀོ་རི་ཡས་སྲིད་འཛིན་གསར་པ་བདམས།

ཆུ་ཚོད་ ༢༣ སྔོན་ལ།

མཆན། 16

  1. semtsor says:
    ལོ་ 12 སྔོན།

    དགོས་པའི་རང་སྐད་མེད། མི་དགོས་གཞན་སྐད་ཀྱང་མེད་པར་འགྱུར་ངེས།

    Reply
  2. བྱམས་མེ་མགོན་བསོད། ( སྨྱུག་སྨྱོན) says:
    ལོ་ 12 སྔོན།

    སུ་ཞིག་གིས་བོད་མི་རིགས་ཀྱི་སྣོད་བཅུད་གཉིས་ཀའི་བླ་སྲོག་ཏུ་གྱུར་བའི་སྐད་ཡིག་ལ་དངོས་ཤུགས་བརྒྱུད་གསུམ་དང་། ཁག་དཀྲི་འགན་གཡོལ། དགྲ་གྲོགས་གཉེན་སྡུག རང་རྨོངས་གཞན་རྫོད་བྱེད་ཀྱི་འདུག་ན་དེ་ནི་ལོ་རྒྱུས་དང་། བདེན་དོན། མི་རིགས་དང་དེའི་རིག་གནས་བཅས་ཁྱད་དུ་བསད་པ་ཞིག་རེད། དེ་ནི་མི་རིགས་ཆོས་ལུགས་དང་བཅས་བའི་དགྲ་བོར་གྱུར་བ་ནི་ཆོས་ཉིད་ཀྱིས་ཐག་གཅད་པ་ཞིག་རེད། དེའི་ནག་ཉེས་ནི་སས་མི་ཐེག་ལ་གནམ་གྱིས་ཀྱང་འགེབ་ཐབས་བྲལ། དེ་ལ་གུ་ཡངས་དང་། བཟོད་སྒོམ་བྱེད་པ་ནི་ལོག་སྤྱོད་དང་། མུན་འཐོམ་ལ་རྒྱབ་སྐྱོར་བྱས་པ་ཞིག་རེད་དོ།། བོད་རིག་གནས་ཀྱི་དགྲ་བོ་དག་གིས་རང་ཚོད་ཟིན་ན་དགའ་ཆེའོ།།

    Reply
  3. བྱམས་མེ་མགོན་བསོད། ( སྨྱུག་སྨྱོན) says:
    ལོ་ 12 སྔོན།

    བོད་གཞུང་ཤེས་རབ་ལས་ཁང་ཡང་བོད་སྐད་ཡིག་ལ་ཕྱགས་མ་རྒྱག་མཁན་གྱི་ལས་ཁང་ཞིག་ཏུ་འགྱུར་བཞིན་གནས་ཚུལ་མི་ཉུང་བ་ཞིག་མཆིས་པ་ལས་འདིར་ཡང་དཔེ་མཚོན་ཞིག་བཤད་པ་ལ། ལྟོས་དང་། དོན་དངོས་སུ་ཤེས་རབ་ཀྱི་དགྲ་བོ་དང་། བོད་ཀྱི་རིག་གནས་ཀྱི་རྨང་གདན་སུས་གཏོར་གྱིན་འདུག་གམ།

    Reply
  4. དུག་མདའ། says:
    ལོ་ 12 སྔོན།

    རྒད་པོར་བོད་ཡིག་མེད་ཙང་ཅི་ལས་འདི་ལས་མེད་པ་ཁག་མི་འདུག སོ་སོར་འཚམ་པའི་ཐང་ཚོང་རེ་རྒྱོབ། སོ་སོའི་བུ་མོར་དབྱིན་ཡིག་ཡག་པོ་ཞིག་བསླབ། མགོ་སེར་རྒན་པོ་ཞིག་ཨེ་རག་ལྟོས། དེ་ལས་གཞན་པའི་ཤེས་ཡོན་སྲིད་ཅུས་ཟེར་བ་ལ་བྱུས་གཏོགས་བྱེད་དགོས་མ་རེད། ཤེས་ཡོན་སྐོར་ཀྱི་ལས་ཀ་ཤེས་ཡོན་པས་ལས་ཀྱི་རེད།

    Reply
  5. ཅོ་རྟམ། says:
    ལོ་ 12 སྔོན།

    བོད་ཡིག་གི་ལས་དབང་ཅི་འདྲའི་སྐྱོ་བ་ལའང་། ད་ཕྱི་དགྲ་དང་ནང་དགྲ་གཉིས་ཀ་འདུག བོད་ནང་ནས་ཆུང་སོ་དཀར་ཡན་དང་རྒན་སྐྲ་དཀར་མན་ན་བོད་ཡིག་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རེད་། བཙན་བྱོལ་ནང་ནས་བཀའ་རྒྱ་དང་བསྒྲགས་ནས་བོད་ཡིག་སློབ་ཁྲིད་ལ་འགོག་རྐྱེན་བཟོ་བཞིན་འདུག དེ་ནི་གང་ཟག་འགའ་ཤས་དབྱིན་ཡིག་ཁྲོད་ནས་མཚར་ལོངས་བྱུང་བའི་རྐྱེན་ཡིན་ནམ་ཡང་ན། བོད་ཡིག་སོསོའི་ལྟོ་གོས་འགོག་རྐྱེན་དུ་མཐོང་བཞིན་པ་ཡིན་ནམ།

    Reply
  6. ཟོལ་རྫུན་སྤོང་པ། says:
    ལོ་ 12 སྔོན།

    ༼ཉེ་ལམ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་ལ་བཀོད་ཁྱབ་ཅིག་གནང་བའི་ནང་། འཛིན་རིམ་ ༦ ནས་ ༨ བར་དབྱིན་སྐད་ཐོག་ནས་སློབ་ཁྲིད་བྱེད་དགོས་སྐོར་བཀོད་འདུག་པའི་ཐད། འདི་གའི་གསར་འགོད་པས་ཤེས་རིག་དྲུང་ཆེ་ལགས་སུ་དོགས་འདྲི་ཞུས་ཡོད།༽

    དེ་རིང་ཉལ་ན་གཉིད་མི་ཁུག ཟས་ན་དྲོ་བ་མེད་པས་གོང་དུ་གཏམ་ངན་དེ་༼དུས་བབས༽དྲ་ཚིག་ནས་མཐོང་སོང་། ད་ཡིན་ན་དཔོན་ངན་ཁྱེད་ཚོ་ལ་ཡིད་ཐང་ཆད་སོང་།

    Reply
  7. མདོ་ལའི་འཁྱམས་པོ། says:
    ལོ་ 12 སྔོན།

    རྒྱ་དམར་གྱི་བོད་ཀྱི་སྐད་ཡིག་རྩ་བརླག་གཏོང་བྱེད་ཀྱི་སྲིད་ཇུས་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱང་ལག་བལྟར་བྱས་སོང་། ཕལ་ཆེར་གདུང་སེམས་མཉམ་སྐྱེད་བྱེད་ཀྱིན་པ་འདྲ།

    ཐོག་མར་རྒྱ་གར་གཞུང་གིས་ང་ཚོའི་བོད་ཀྱི་ཆོས་དང་རིག་གཞུང་། བོད་ཡིག་རྣམས་སླར་གསོའི་ཆེད་བོད་ཀྱི་སློབ་གྲྭ་ཁག་བཙུགས་པ་ཡིན་པ་དེ་བཀའ་ཤག་གི་ཁྱི་རྒན་ཚོས་བརྗེད་སོང་བ་ཡིན་པ་འདྲ། ད་དུང་བོད་པ་བཙོང་ནས་ཨ་སྒོར་ལྐོག་ཟ་བྱས་ནས་ལྷོད་ལྷོད་ངང་སྡོད་ལོ། རང་གི་གྲོད་ཁོག་གི་ཆེད་རང་གི་མདུན་ལམ་ཡག་བཟོས་ལོ། ད་བོད་ཚར་ནི་ཚར་ནི་རེད། བོད་ཕྱི་ནང་གཉི་གའི་ཡིད་ཆེས་བརླག་གི་ཆུག་ལོ། ཁྱེད་རང་ཚོར་སེམས་པའི་གཏིང་ནས་ཡིད་ཆད་སོང་།

    Reply
  8. རྭ་རྒྱ་བློ་དབང་། says:
    ལོ་ 12 སྔོན།

    མི་རིགས་ཀྱི་འཐབ་རྩོད་ལ་ཆེད་དུ་བཙུགས་པའི་སྒྲིག་འཛུགས་ཤིག་གིས་འདི་ལྟར་རང་གི་སྐད་ཡིག་འཆི་ལམ་དུ་འདེད་པའི་བྱ་བ་འཛེམ་བག་མེད་པར་སྤེལ་དངོས་གནས་བཤད་ན་སྒྲོག་མཁན་ངོ་མི་ཚ་ཡང་གླེང་མཁན་ངོ་གནོང་དགོས་པ་ཞིག་འདུག་མོད། གང་ལྟར་འདི་ལྟར་བལྟས་ཡོང་ན་ལོ་སྔོན་མ་དག་ཏུ་བོད་ནང་གི་དགེ་སློབ་སྟོང་ཕྲག་མང་པོས་ལུས་སྲོག་ཐེད་ལ་བོར་ནས་སྐད་ཡིག་སྐྱོབས་པའི་ངལ་བ་བརྒྱ་ཕྲག་བསྟེན་ཅིང་། མང་པོ་ཞིག་བཙོན་དུ་ལྷུང་བ་དང་། གཅར་རྡུང་མྱངས་པ། ལས་གནས་ཤོར་བ་སོགས་སྐུ་ངོ་འདི་ཚོས་གོ་མྱོང་ཙམ་ཡང་མེད་ངེས་འདུག་ལ། བཙན་བྱོལ་མང་ཚོགས་ཀྱང་མགོ་རུལ་རྣ་བས་མི་ཚོར་བའི་ཚོད་དུ་ལྷུང་ཟིན་པ་འདྲ། རང་དགར་བསྡད་ན་ཐོབ་ཐང་རྩོད་པ་དང་། དམངས་གཙོ་གླེང་བ། འགན་ཁུར་མདོག་གིས་དཀྲོགས་གཏམ་གྱི་གད་རྒྱངས་སྒྲོག་པར་བག་ཚ་ཙམ་ཡང་མེད་མཁན་ཚོ་ཡང་། དོན་དངོས་ཐོག་མི་རིགས་ཀྱི་སྙིང་རྩ་གཅོད་པའི་བྱ་བར་ཐུག་དུ་གོ་ཐོས་ཙམ་མེད་པ་འདིས། ཁོ་ཚོ་ཡང་ལྟོ་བ་དང་མི་རིགས་བརྗེ་ཐུབ་པའི་ལམ་རྒྱ་དེ་ལས་འདའ་མེད་པ་སྟོན་གྱི་འདུག

    Reply
  9. ལུང་རྟོགས། says:
    ལོ་ 12 སྔོན།

    བོད་པས་རང་ཉིད་རང་གིས་དམར་གསོད་བཏང་ན་སུས་བོད་པ་སྐྱབས་ཀྱི་རེད། ངོ་མ་བློ་ཕམ་བྱུང་། སྲིད་སྐྱོང་ལགས་ངས་ད་བར་དུ་ཁྱོད་ལ་རྒྱབ་སྐྱོར་བྱས་པ་དེ་ཆུད་ཟོས་ཕྱིན་སོང་། ཁྱོད་ཀྱི་རང་མདོག་ངོ་མ་དེ་དེ་རིང་མཐོང་སོང་།

    Reply
  10. སྲས་ལྡན་མ་རྩེ་མང་། says:
    ལོ་ 12 སྔོན།

    བཀའ་ཤག་དང་ཤེས་རིག་དྲུང་ཆེ་ནས་་་་་་་་་་་་་་་་ཁས་ལེན་དང་གཏོར་བཤིག་གསུམ

    དང་པོ། བཙན་བྱོལ་ནང་བོད་སྐད་ཡིག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་བཞིན་པའི་འབོད་སྒྲ་དང་དར་ཆ་དེ་ཡོངས་སུ་རྫུན་མ་ཡིན་པ་ཁས་ལེན་བྱས་ཡོད།
    གཉིས་པ། སྐྱབ་བཅོལ་སྒྲིག་འཛུགས་འདི་རང་གི་མེས་པོའི་ཤུལ་བཞག་རིག་གནས་དམར་གསོད་གཏོང་མཁན་ཞིག་ཡིན་པ་ལོ་རྒྱུས་ནང་རང་ཉིད་གསལ་བཤད་བྱས་ཡོད།
    གསུམ་པ། བོད་ཕྱི་ནང་གི་རེ་བ་གཅིག་དང་རྨི་ལམ་གཅིག་གི་འབྲེལ་མཚམས་ཆེན་པོ་དེ་རྦད་དེ་རྩ་མེད་དུ་བཏང་བ་རེད།་་་་་་་་་་་་་་་་་་་་་་

    Reply
  11. སྲས་ལྡན་མ་རྩེ་མང་། says:
    ལོ་ 12 སྔོན།

    བཀའ་ཤག་གི་སྲིད་བྱུས་འདིས་བཙན་བྱོལ་མི་མང་ངོ་ཚོ་བོ་བཟོས་ཡོད་ལ། དེ་བས་ཀྱང་ཏཱ་ལའི་བླ་མའི་ཕུགས་བསམ་ལ་ངོ་ལོག་བྱས་ཡོད།

    Reply
  12. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 12 སྔོན།

    ༼ (NCERT) ཡི་སློབ་དེབ་གསར་པ་མགྱོགས་པོར་བསླེབ་ཡོང་དུས་ང་ཚོས་རྗེས་ཟིན་གྱི་མི་འདུག་པས་གཏན་འབེབས་འདི་བྱུང་བ་རེད༽

    སྐད་ཆ་འདི་འདྲ་བཤད་ཡག་ངོ་ཚ་གི་མིན་འདུག་གས།
    ཤེས་རིག་ལས་ཁུངས་ཀྱིས་ག་རེ་བྱེད་བཞིན་ཡོད་པས།
    ཤེས་རིག་གིས་བོད་པའི་སྐད་ཡིག་སྲུང་སྐྱོབ་བྱེད་པའི་ཚབ་ཏུ་གཏོར་བཤིག་གཏོང་གི་འདུག

    Reply
  13. བདེ་རྒྱལ། says:
    ལོ་ 12 སྔོན།

    དཀའ་ངལ་ཡོད་པ་རེད། དཀའ་ངལ་གང་ནས་ཡོད་ན། དེ་ལ་གདོང་ལེན་བྱས་ཏེ་མདུན་སྐྱོད་བྱས་ན། ནམ་ཞིག་ང་ཚོ་སླེབས་ས་དེར་སླེབས་ཐུབ། དཀའ་ངལ་ལ་ཕྱིར་ནུར་རམ་རྒྱབ་ཞུགས་བརྒྱབ་ན། དཀའ་ངལ་ལ་གཡོལ་བ་རེད། ང་ཚོ་བོད་འདི་མི་ཉམས་པར་འཚོ་དགོས་ན། རང་གི་མ་སྐད་སྟེང་ནས་རིག་གསར་གྱི་དཔལ་ཡོན་ངོམ་དགོས་པ་དེ་རེད། འདི་ལ་བོད་རིགས་ཚང་མས་གཟབ་ནན་གྱིས་བསམ་བློ་གཏོང་བ་ལས་འགན་མེད་པ་ལྟ་བུའི་ངང་ལྷག་ན། སྐད་ཡིག་བཙན་འཛུལ་འདི་མི་རིགས་རྩ་འཐོར་གྱི་གཞི་རྩ་དང་། མི་རིགས་གཞན་གྱི་བྲན་གཡོག་ཆགས་བྱེད་ཀྱི་སྔོན་འགྲོ་ཡིན། ཚང་མས་བསམ་བློ་གཏོང་རོགས།

    Reply
  14. མདོ་ལའི་འཁྱམས་པོ། says:
    ལོ་ 12 སྔོན།

    འདི་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་ལུས་བོད་རིགས་སྤུན་ཟླ་ཚོའི་སྙིང་ལ་བསམ་གཟས་ནས་གྲི་བཙུགས་པ་ཞིག་རེད། ང་རང་ཉིད་ཀྱིས་བོད་མི་སྒྲིག་འཛུགས་ལ་རེ་བ་དང་ཡིད་ཆེས་བྱེད་མཁན་ཞིག་གི་ཆ་ལ་མཚོན་ན། ངའི་སྐེ་ལ་ཐག་པ་བརྒྱབ་ནས་་རྐང་བཙུགས་ཏེ་རང་ཤི་རྒྱག་གི་བཅུག་པ་ལས་ཁྱད་མེད།

    དམ་ཆོས། བསམ་འཕེལ། དེ་རིང་བཟུང་ནས་བོད་མིའི་སྒྲིག་འཛུགས་ཀྱིས་ངའི་སྙིང་ལ་གཅོང་ཅད་ཕོག་གི་བཅུག་པ་རེད། ཤེས་རིག་དྲུང་ཆེ་བཀའ་དྲིན་ཆེ། དྲུང་ཆེ་ལགས། ཁྱེད་ཀྱིས་བོད་མི་རིགས་ཀྱི་ཤ་ཟོས་ཤིང་ཁྲག་འཇུབ་ནས་འདི་ལྟར་ལམ་ལ་ཆས། ལས་རྒྱུ་འབྲས་ཤིག་ཡོད་དམ།

    Reply
  15. ཀུན་དགའ། says:
    ལོ་ 12 སྔོན།

    བོད་དང་བོད་སྐད་ཡིག་གི་ལས་དབང་འདི་ཅི་འདྲའི་ཐབས་སྡུག་པ་ཞིག་རེད། བོད་ནང་རྒྱ་དམར་གྱིས་བཙན་དབང་གིས་རྒྱའི་སྐད་ཡིག་ཐོག་སློབ་དགོས་བཟོས་པ་ཐབས་མེད་ཀྱང་། བཙན་བྱོལ་ནང་རང་གཞུང་གིས་དབྱིན་ཡིག་ཐོག་སློབ་དགོས་པའི་སྲིད་བྱུས་དེ་འདྲ་ལག་ལེན་བྱས་ན་རང་གཞན་མཉམ་རུབ་ཀྱིས་རང་སྲོག་རང་གིས་བཅད་པ་རེད། དེ་བས་བཙན་བྱོལ་ནང་བོད་ཡིག་ཚད་མཐོའི་གསར་འབྱོར་ཉམས་ཆུང་ཚོར་དགེ་རྒན་གྱི་ས་མིག་སྤྲད་ན་ཅིས་མ་ཆོག ཇི་འདྲའི་ཡ་མཚར། ཡིན་གཅིག་མིན་གཉིས་སྐུ་ངོ་ཚོའི་གཅེས་ཕྲུག་དང་གཞིས་ཆགས་བོད་དགེ་ཚོ་བོད་ཡིག་ཚད་ལྡན་གྱི་དུས་ཚོད་ལ་སྒུག་དགོས་ན་བོད་མི་རིགས་འདི་ཤི་ཚར་པའི་རྗེས་མ་རེད་དམ། མདོ་དོན་རང་སྲོག་རང་གིས་གཅོད་རྒྱུ་ཡིན་ན་རྒྱ་དམར་ལ་དོན་དག་གང་གི་ཆེད་ངོ་རྒོལ་དང་། འཛམ་གླིང་མི་མང་ལ་ཅིས་ཕྱིར་རྒྱབ་སྐྱོར་རེ་འབོད་ཞུ་བཞིན་ཡོད་ན། འཆི་བ་ལ་འཆི་ཐག་ཉེ་ན་མི་ཡག་གམ།

    Reply
  16. རྭ་རྒྱ་བློ་དབང་། says:
    ལོ་ 12 སྔོན།

    ཡུལ་དུས་གནས་བབ་ཀྱི་རྐྱེན་པས་དབྱིན་སྐད་ནང་མ་ཁྲིད་ཐབས་མེད་ཀྱི་ངང་ཚུལ་ཞིག་གི་མཐོང་གི་འདུག་ལ། དེའི་རྒྱུ་མཚན་ཡང་མདོར་དེད་ན་བཙན་བྱོལ་གྱི་ཕྲུ་གུ་ཚོས་མ་འོངས་པར་དབྱིན་སྐད་ཀྱི་སྤྱི་ཚོགས་ནང་ལྟོ་ཟ་དགོས་པ་དེ་ལ་ཐུག་ཡོད་པ་རེད། དེའི་ཕྱིར་མ་འོངས་པའི་ལྟོ་དེ་དང་མི་རིགས་ཀྱི་ལས་དབང་གཉིས་ལ་གོང་གསལ་སྐུ་ངོ་ཚོའི་སྤྱན་ལམ་ནས་ཡང་ལྕིད་ཤོར་སོང་བའང་དངོས་ཡོད་གནས་ཚོད་རེད་འདུག བརྒྱ་བཤད་སྟོང་འདུན་ཀྱང་འབྱུང་ལུས་མེར་བསྲེགས་ཕོད་པའི་སྙིད་སྟོབས་ཀྱི་མདུན་དུ་འདི་ལྟར་བྱས་ན་ངོ་ཚ་དགོས་པའང་མིའི་རིགས་ཀྱི་ཁྱད་ཆོས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese