རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་རེབ་གོང་ཆུ་མ་དགོན་པའི་དགེ་བསྐོས་ཚེ་བརྟན་རྒྱལ་ལགས་ལ་ཁྲིམས་ཐག་ལོ་ ༢ ལྷག་བཅད་ཡོད་ཀྱང་ནད་གཞི་ཞིག་གི་རྐྱེན་ཀྱིས་ད་ལྟ་རང་ཤག་ཏུ་བཟང་བཙོན་ལ་བཅུག་ཡོད་འདུག
གསར་དུ་གནས་ཚུལ་ཤེས་རྟོགས་བྱུང་བར། རྒྱ་གཞུང་གིས་ཕྱི་ཟླ་ ༢ པའི་ཚེས་ ༢ ཉིན་ཆུ་མ་དགོན་པའི་དགེ་བསྐོས་ཚེ་བརྟན་རྒྱལ་ལགས་དང་གྲྭ་དགེ་འདུན་ཆོས་གྲགས་གཉིས་འཛིན་བཟུང་བྱས་རྗེས། ཕྱི་ཟླ་ ༣ ཚེས་ ༡ ཉིན་རྨ་ལྷོ་ཁུལ་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་དགེ་བསྐོས་ཚེ་བརྟན་རྒྱལ་ལགས་སུ་ལོ་ ༢ དང་ཟླ་ ༦ ཀྱི་ཁྲིམས་ཐག་བཅད་དེ་བྲག་དམར་འོག་གི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་ཀྱང་། ཁོང་གི་གཟུགས་པོ་བདེ་བོ་མེད་པར་ཟི་ལིང་སྨན་ཁང་ཞིག་ཏུ་ཐེངས་ ༣ ཙམ་ལ་ཁྲིད་དེ་བརྟག་དཔྱད་བྱས་མཐར། ཁོང་ལ་མཆིན་པའི་ན་ཚ་ཡོད་པ་ར་འཕྲོད་བྱུང་སྟེ། བཙོན་ཁང་ནས་ཕྱིར་རང་ཤག་ཏུ་བཏང་ཡོད་ཀྱང་། ད་ལྟ་རང་ཤག་ཏུ་འགྲོ་སྐྱོད་ཀྱི་རང་དབང་མེད་པར་བཟང་བཙོན་ལྟ་བུའི་འོག་བཞག་ཡོད་འདུག
ཁོང་ལ་ཁྲིམས་ཐག་གཅོད་དགོས་དོན་ནི། ལོ་སྔོན་མའི་ནང་རྒྱ་ནག་གི་ཚོགས་ཆེན་བཅོ་བརྒྱད་པའི་སྐབས་ཏེ་ ༢༠༡༢ ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༤ ཉིན་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གཏོང་མཁན་རེབ་གོང་ཆུ་མ་ཀློག་གཤོང་སྡེ་བའི་རང་ལོ་ ༢༥ ཡིན་པ་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ཀྱི་གདུང་ཐལ་རོང་བོ་དགོན་པའི་རྒྱབ་ངོས་ནས་ཀློག་གཤོང་སྡེ་པའི་རང་ཁྱིམ་དུ་གདན་འདྲེན་ཞུ་སྐབས་མཉམ་ཞུགས་བྱས་པ་དང་། ཁ་བྲལ་ཀྱི་ལས་འགུལ་སྤེལ་བའི་ཉེས་འཛུགས་བྱས་ཡོད།
ཡིན་ནའང་ས་གནས་ཡུལ་མི་ཁག་ཅིག་གིས་བརྗོད་པ་ལྟར་ན། ལོ་སྔོན་མར་མཚོ་སྔོན་ཞིང་ཆེན་གྱི་མི་སྣ་ཆེད་དུ་རེབ་གོང་དུ་འབྱོར་ཏེ་རང་ལུས་མེར་བསྲེགས་གྱོད་དོན་ལ་ཞིབ་འཇུག་བྱས་སྐབས། རེབ་གོང་རྫོང་གི་ས་གནས་ལས་བྱེད་པས་རེབ་གོང་རོང་བོ་དགོན་ཆེན་དུ་ཁྲིད་ན་གྲྭ་བ་མང་ཞིང་། རྣམ་འགྱུར་མི་ལེགས་པ་སྟོན་སྲིད་པར་དོགས་ཏེ་ཆུ་མ་དགོན་པར་ཁྲིད་སྐབས། དགེ་བསྐོས་ཚེ་བརྟན་རྒྱལ་ལགས་ཀྱིས་འབྲེལ་ཡོད་ལས་བྱེད་པར་ཁྱོད་ཚོ་ཅིའི་ཕྱིར་ཡོང་བ་ཡིན་ནམ་ཞེས་ཚིག་རྩུབ་བཤད་ཅིང་རྣམ་འགྱུར་མི་ལེགས་པ་བསྟན་པ་དང་། སྐྱོན་ཆ་ཅི་ཞིག་ཡོད་ཚེ་ཚང་མ་ཁོ་རང་གིས་འགན་འཁུར་རྒྱུ་ཡིན་སྐོར་སོགས་བརྗོད་དེ། གཞུང་གི་ལས་བྱེད་དག་ལ་ངོ་རྒོལ་བྱས་པར་བརྟེན་ཏེ་ཁོ་རང་འཛིན་བཟུང་གིས་ཉེས་འཛུགས་ཁྲིམས་ཐག་བཅད་པ་ཞིག་ཡིན་འདུག ཉིན་དེར་ཁོང་དང་མཉམ་དུ་འཛིན་བཟུང་བྱས་པའི་གྲྭ་དགེ་འདུན་ཆོས་གྲགས་ལགས་ཉིན་ ༢༠ ཙམ་གྱི་རྗེས་སུ་ཕྱིར་གློད་གྲོལ་བཏང་ཡོད་འདུག
ཆུ་མ་དགོན་པའི་དགེ་བསྐོས་མཆོག་གི་མཚན་ལ་ཡོངས་གྲགས་སུ་ཚེ་བརྟན་རྒྱལ་དུ་འབོད་པ་དང་གྲྭ་མིང་ལ་དགེ་འདུན་ཕུན་ཚོགས་ཞུ་བཞིན་ཡོད་འདུག ཁོང་གི་ཕ་མིང་ལ་དཔལ་ལྡན་དང་སྐྱེས་ཡུལ་ཆུ་མ་གཡས་རུ་སྡེ་བ་ནས་རེད།
གཞན། དུས་ཡུན་ལོ་ ༡ དང་ཟླ་ ༣ རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་ཟིན་པ་གཡེར་གཤོང་དགོན་པའི་གྲྭ་ཡར་འཕེལ་ལགས་ཕྱི་ཟླ་ ༥ པའི་ཚེས་ ༡ ཉིན་གྱི་དགོང་མོ་གློ་བུར་དུ་རེབ་གོང་གི་ས་གནས་བཙོན་ཁང་ནས་ཟི་ལིང་བཙོན་ཁང་དུ་འཁྲིད་ཡོད་པ་དང་། ད་ལྟ་མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་བཙོན་ཁང་ཆེན་པོ་ཞིག་ཏུ་བཀག་གཉེར་བྱས་ཡོད་ཅིང་། ཉིན་བཅོ་ལྔའི་ནང་ལ་སྐར་མ་གཉིས་རེར་རང་ཁྱིམ་དུ་ཁ་པར་གཏོང་འཇུག་གི་ཡོད་འདུག
ཉིན་ཤས་གོང་འབྲེལ་ཡོད་ཁག་ཅིག་ཟི་ལིང་བཙོན་ཁང་དུ་གྲྭ་ཡར་འཕེལ་ལགས་སུ་ཐུག་འཕྲད་དུ་སྐྱོད་སྐབས། བཙོན་ཁང་གི་སྒོ་སྲུང་བས་ཁོང་ལ་ཐུག་འཕྲད་བྱེད་བཅུག་མེད་སྟབས། ཁོང་ཅག་གིས་ཟ་མ་དང་དང་སྐོམ་ཆུའི་རིགས་འཁྱེར་ཡོད་པ་ཚང་མ་བཙོན་སྲུང་བའི་ལག་ཏུ་བཞག་སྟེ་ཕྱིར་ལོག་དགོས་བྱུང་ཡོད་འདུག འབྲེལ་ཡོད་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། གྲྭ་ཡར་འཕེལ་ལགས་ཟི་ལང་དུ་བཙོན་འཇུག་བྱས་ཏེ་ཟླ་ངོ་གཅིག་ལྷག་ཕྱིན་ཡོད་པ་དང་། མ་འོངས་པའི་ཟླ་ངོ་གསུམ་ཙམ་རྗེས་ནང་མིར་ཐུག་འཕྲད་བྱེད་འཇུག་རྒྱུ་ཡིན་སྐོར་བརྗོད།
ཆུ་མ་དགོན་པ་འམ་སྟེང་ཀའི་གཞི་མ་དགོན་ཐུབ་བསྟན་ཆོས་གླིང་ནི། རོང་བོ་དགོན་ཆེན་གྱི་ནུབ་ཕྱོགས་སུ་སྤྱི་ལེ་བརྒྱད་ཀྱི་མཚམས་ན་ཡོད། རིག་གནས་བསར་བརྗེ་སྐབས་གཏོར་བཤིག་བཏང་རྗེས་སྤྱི་ལོ་ ༡༩༨༢ ལོར་དགོན་པ་འདིའི་སྔོན་ཆད་ཀྱི་གྲྭ་པ་རྒན་པ་འགས་དགོན་ཤུལ་བདག་གཉེར་བྱས་ཤིང་། བཀྲ་ཤིས་གསོ་སྦྱོང་བླངས་ཏེ་ཡང་དར་བསྟན་པའི་ཆོས་སྒོ་ཕྱེས། སྤྱི་ལོ་ ༡༩༨༣ ལོར་ཆུ་མ་སྡེ་བརྒྱད་ཚོ་དགུའི་རོགས་རམ་ལ་བརྟེན་ནས་བྱམས་ཁང་དང་མགོན་ཁང་རྟེན་བརྟེན་པ་གསར་བཞེངས་མཛད། གཞི་གསུམ་གྱི་ཕྱག་ལེན་གཙོས་ཚོགས་ཆོས་ཐོག་རྣམས་སླར་གསོ་བྱས་ཏེ་སྔར་སྲོལ་ལྟར་རྒྱུན་འཁྱོངས་བྱས། ད་ལྟ་དགོན་པ་འདིར་འདུ་ཁང་དང་། བྱམས་ཁང་། མགོན་ཁང་། གྲྭ་ཤག་ ༢༠ དང་གྲྭ་བ་ ༣༠ ལྷག་བཅས་བཞུགས་ཡོད་འདུག