མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལས་ཁུངས་གཅིག་དང་བཀའ་རྒྱ་གཉིས།

བོད་ཀྱི་དུས་བབ།
༢༠༡༣/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

སྐལ་བཟང་རྣམ་རྒྱལ།

༄༅།། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡ ཉིན་བོད་ཀྱི་དུས་བབ་དྲ་རྒྱའི་ཐོག་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་སུ་སློབ་ཁྲིད་བརྒྱུད་ལམ་དང་འབྲེལ་བའི་བཅར་འདྲི་བྱས་པ་ཞིག་བཀོད་འདུག་པར་ཞིབ་ཏུ་བལྟ་སྐབས། གནད་དོན་དེ་དང་འབྲེལ་ནས་ཁ་ཞིག་མི་གྲགས་ཀ་མེད་བྱུང་། དེ་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་༡ ཉིན་ཤེས་རིག་ལས་ཁུངས་ནས་ “འཛིན་རིམ་ ༦ ནས་ ༨ བར་གྱི་སློབ་ཁྲིད་བརྒྱུད་ལམ་ཐད། ཨིན་བོད་སྐད་ཡིག་གཉིས་ཀྱི་ཚད་འཕེར་སློབ་དགེ་འདེང་ངེས་ཤིག་མ་བྱུང་བར་སློབ་འཁྲིད་བརྒྱུད་ལམ་གཙོ་བོ་ཨིན་ཡིག་དང་། ཚིག་དོན་དཀའ་གནད་རིགས་བོད་སྐད་བརྒྱུད་ལམ་ནས་འགྲེལ་བརྗོད་གནང་རྒྱུ་བཅས་སྔ་འཕྲོས་སྐད་གཉིས་ཟུང་འབྲེལ་སློབ་ཁྲིད་གནང་ཕྱོགས་འདི་ལྟར་གཏན་ཁེལ་སོང་བ་བཞིན་དེ་ནས་ཁྱབ་ཁོངས་སློབ་ཁག་ལ་ལག་བསྟར་བཀོད་ཁྱབ་ངེས་གནང་ཡོང་བ།” ཞེས་བཀའ་རྒྱ་ཕེབས་ཡོད། བཀའ་རྒྱ་དེའི་ནང་དོན་གཙོ་བོ་ནི་ཨིན་བོད་སྐད་གཉིས་ཀྱི་ཚད་འཕེར་སློབ་དགེ་འདེང་ངེས་ཤིག་མེད་པའི་དབང་གིས་སློབ་ཁྲིད་བརྒྱུད་ལམ་ལ་ཨིན་ཡིག་འཇོག་དགོས་པའི་སྐོར་རེད། དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་གྲྭ་ཁག་ཨ་ཅང་ཅང།  མ་སུ་རི་དང་ངྷ་ས་བོད་ཁྱིམ་གྱིས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་རྒྱུ་ཕར་བཞག་དེའི་འབྲུ་དོན་ལ་ངོས་ལེན་ཙམ་ཡང་བྱེད་ཀྱི་མེད་པས། བཀའ་རྒྱ་གཏང་ས་ནི་ཤེས་རིག་ཁྱབ་ཁོངས་སཾ་བྷོ་ཊའི་སློབ་གྲྭ་འབའ་ཞིག་ལས་མེད། འོན་ཀྱང་ང་ཚོས་ཕྱིར་བལྟས་ཤིག་སློག་ན་བཀའ་ཤག་སྐབས་གོང་མས་ཤེས་ཡོན་སྲིད་བྱུས་ཐད་མི་རྒྱུ་གཉིས་ཀྱི་འགྲོ་གྲོན་འཕོན་ཆེ་བཏང་ནས་སློབ་དེབ་བོད་སྒྱུར་དང་དགེ་རྒན་གསོ་སྐྱོང་རབ་དང་རིམ་པར་གནང་ཡོད། བརྒྱུད་རིམ་དེའི་ནང་ཐེངས་ཤིག་པོན་ཊ་གཏན་སློབ་ཏུ་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཞིག་སྤྲོད་སྐབས། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཟབ་སྦྱོང་གོ་སྒྲིག་གནང་མཁན་ལ་བཅར་འདྲི་ཞུས་པར། གོ་སྒྲིག་པས་ “ཟབ་སྦྱོང་དེ་བཞིན་ཧ་ཅང་ཚགས་ཚུད་པོ་བྱུང་བ་དང་། ད་ཐེངས་སྤྱི་ཚན་སློབ་མཁན་དགེ་རྒན་ཚང་མས་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་བྱ་རྒྱུའི་མོས་མཐུན་བྱུང་བ་མ་ཟད། ཁོང་ཚོས་སློབ་སྐབས་རྗེས་མ་ནས་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་བྱ་རྒྱུ་ཡིན་ཞེས་མི་རེ་ངོ་རེས་ས་ཡིག་བརྒྱབ་ཡོད། ཁོང་ཚོའི་ཁས་ལེན་ཡི་གེ་དེ་གོང་རིམ་ལ་ཕུལ་ཏེ་རིམ་པས་ལག་བསྟར་ཞུ་རྒྱུ་ཡིན།” ཞེས་གསུངས་ཡོད། ཁས་ལེན་ཡི་གེ་དེ་གོང་རིམ་ལ་ཕུལ་རྗེས་སྐབས་དེའི་ཤེས་རིག་དྲུང་ཆེ་དང་ད་ལྟའི་བཀའ་དྲུང་གི་མཚན་ཐོག་ནས་སློབ་གྲྭ་ཁག་ལ་བཀོད་ཁྱབ་ཅིག་བཏང་སྟེ” སློབ་དེབ་བོད་སྒྱུར་བྱས་པ་ཁག་ཤེས་པར་ནས་བསླུ་ཡོན་ཞུ་དགོས་དང། སློབ་སྐབས་རྗེས་མ་ནས་སྤྱི་ཚོགས་ཚན་རིག་སོགས་སློབ་ཚན་གཞན་རྣམས་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་བྱ་དགོས།” ཞེས་བཀའ་ཕེབས་ཡོད། བཀོད་རྒྱའི་ནང་དོན་བཞིན་སཾ་བྷོ་ཊའི་སྤྱི་ཁྱབ་ཡིག་ཚང་ནས་དེ་གའི་ཁྱབ་ཁོངས་སློབ་གྲྭ་ཁག་ཏུ་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་བྱ་དགོས་པའི་བཀའ་རྩ་བརྒྱུད་བསྒྲགས་ཞུས་པས། སློབ་གྲྭ་ཁག་ནས་ཀྱང་དེ་ལྟར་བོད་སྐད་བརྒྱུད་ལམ་ཐོག་སློབ་ཁྲིད་བྱ་རྒྱུའི་མགོ་འཛུགས་བྱས་ཡོད། འོན་ཀྱང་བཀའ་ཤག་སྐབས་བཅུ་བཞི་པས་གློ་བུར་དུ་དགེ་རྒན་གྱི་ཤེས་ཚད་ལ་ཁ་གཡར་ནས་བཀའ་རྒྱ་གཞན་ཞིག་བསྒྲགས་པས་སློབ་ཁྲིད་གནང་མཁན་རྣམས་མགོ་བོ་ཡོངས་སུ་རྨོངས་པར་གྱུར། བཀའ་རྒྱ་སྔ་ཕྱི་གཉིས་ཀྱིས་སློབ་གྲྭ་གཞན་ཁག་ལ་གཡོ་འགུལ་སྤུ་ཙམ་བྱུང་མེད་ཀྱང། དུས་རྒྱུན་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་སའི་སཾ་བྷོ་ཊ་སློབ་གྲྭ་ཁག་གི་འཛིན་སྐྱོང་དང་ལས་འཆར། སློབ་ཁྲིད་སོགས་ལ་དོ་ཕོག་ཚད་མེད་བྱུང་ཡོད་པ་མ་ཟད། ལྷག་པར་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་མང་པོའི་སེམས་ལ་ཕོག་ཐུག་ཆེན་པོ་བཟོས་ཡོད། “དགེ་རྒན་ཚོའི་བོད་ཨིན་གྱི་ཤེས་ཚད་ལ་བརྟེན་ནས་”ཞེས་པའི་ཤེས་ཚད་དེ་སུས་དུས་ནམ་ཞིག་ལ་སློབ་གྲྭ་གང་དུ་བརྟག་ཞིབ་བྱས་ཡོད་དམ། དེ་ལྟར་ཡིན་ན་སྔོན་མ་དགེ་རྒན་ཚོས་སློབ་ཁྲིད་བོད་སྐད་ཐོག་བྱ་རྒྱུའི་ཁས་ལེན་ཡི་གེ་བྲིས་པ་དེ་དང་རྒྱབ་འགལ་སོང་བ་མ་རེད་དམ། བདག་གི་བསམ་པར་དགེ་རྒན་ཚོས་རང་མི་རིགས་ལ་བཅངས་པའི་ཆོད་སེམས་དེ་སྒང་ནས་དབང་ཆ་ཡོད་མཁན་འགའ་རེས་ལག་རྩེད་རྩེས་ཀྱིན་འདུག་སྙམ།

དེ་ལས་ཡ་མཚན་པ་ཞིག་ལ་བཀའ་རྒྱ་ཕྱི་མ་འདི་མ་བསྒྲགས་པའི་ཉིན་ཤས་གོང་ངྷ་ཤོད་བོད་ཁྱིམ་དུ་བོད་རིགས་དགེ་རྒན་གྱི་ཚོགས་ཆེན་ཐེངས་དང་པོ་ཟེར་བ་ཚོགས་ཡོད། (དོན་དངོས་ཐོག་དེ་ནི་ཚོགས་ཆེན་དང་པོ་མིན་ཞིང་། བོད་རིགས་དགེ་རྒན་ལས་འདུས་པའི་ཤེས་རིག་གི་ཚོགས་ཆེན་ཐེངས་དུ་མ་ཚོགས་ཟིན།) ཚོགས་ཆེན་གྱི་བརྗོད་གཞི་གཅིག་ནང་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་སློབ་ཁྲིད་བརྒྱུད་ལམ་ཇི་དགེའི་སྐོར་ཞེས་བཀོད་ཡོད། གལ་ཏེ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་ན་གྲོས་གཞི་འདི་འདྲ་ཞིག་གཏན་ནས་སླེབས་ས་མེད། ཟེར་སྒྲོས་ལྟར་ན་ཚོགས་ཆེན་དེ་ནས་ཨིན་ཡིག་བརྒྱུད་ལམ་ནས་སློབ་ཁྲིད་བྱ་དགོས་ཟེར་མཁན་མང་བ་ཐོན་ན། གྲོས་ཚོགས་ནང་དགེ་རྒན་ཚོས་དེ་འདྲ་ཟེར་གྱི་འདུག་ཅེས་རྒྱབ་དཔུང་འཁྱེར་ནས་སྲིད་བྱུས་ལ་འགྱུར་བ་གཏང་རྒྱུའི་གྲབས་བྱས་ཡོད་སྐད། འོན་ཀྱང་དངོས་སུ་སློབ་ཁྲིད་གནང་མཁན་དང་ཤེས་ཡོན་ཐོག་ཕྱག་ལས་གནང་མཁན་ཚོགས་བཅར་བ་ཚོས། སློབ་གསོའི་ལས་རིགས་ཀྱི་ཉམས་མྱོང་དང་རང་མི་རིགས་ཀྱི་གཞི་རྩའི་དགོས་མཁོར་བརྟེན་ནས་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་བྱས་ན་དགེ་མཚན་ཆེན་པོ་ཡོད་པའི་དགོངས་ཚུལ་རྒྱ་ཆེར་གསུངས་ཤིང། བརྒྱ་ཆ་ ༧༠ ལྷག་གིས་ཤེས་ཡོན་སྲིད་བྱུས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུས་ཡོད། བདག་གིས་གསལ་པོ་བྱས་ནས་ཤེས་པར་ཚོགས་ཆེན་འདིའི་གྲོས་ཆོད་ཁག་ཕྱིར་བསྒྲགས་མ་བྱས་གོང། གོང་གསལ་བཀོད་ཁྱབ་དེ་བཏང་ཡོད་ཅིང། བཀོད་ཁྱབ་དེ་ཤེས་རིག་གི་ལས་བྱེད་ཚོས་མ་ཤེས་མ་མཐོང་གོང་ས་གནས་སློབ་གྲྭ་ཁག་ནས་གླེང་སློང་བྱས་ཡོད། དོན་དངོས་ཐོག་དེ་ནི་བཀའ་ཤག་སྐབས་བཅུ་བཞི་པས་ཤེས་ཡོན་སྲིད་བྱུས་ལག་བསྟར་མ་བྱས་པ་ཞིག་ལས། དགེ་རྒན་གྱི་ཤེས་ཚད་དང་འབྲེལ་བ་གཏན་ནས་མེད།

གཞན་ཡང་བཅར་འདྲིའི་ལན་དུ་”འཛིན་གྲྭ་ ༦ པ་ནས་ ༨ པ་བར་གྱི་སློབ་ཁྲིད་ཀྱི་བརྒྱུད་ལམ་ལ་དེ་སྔོན་ཤེས་རིག་ལས་ཁུངས་ཀྱིས་གཏན་ཁེལ་བའི་སྲིད་བྱུས་མེད་སྟབས། ཤེས་ཡོན་འགན་འཛིན་རྣམ་པ་ཚོ་སློབ་གྲྭ་རུ་ཤེས་ཡོན་རྟོག་ཞིབ་ཏུ་ཕེབས་སྐབས། དགེ་རྒན་ཁ་ཤས་ཀྱིས་བོད་སྐད་དང་ཁ་ཤས་ཀྱིས་དབྱིན་སྐད་ནང་དུ་སློབ་ཁྲིད་བྱས་པ་སོགས་སྣ་ཚོགས་བྱུང་ཡོད་པ་རེད།” ཅེས་གསུངས་པར། ཤེས་རིག་ལ་གཏན་འཁེལ་བའི་སྲིད་བྱུས་མེད་པ་གཏན་ནས་མིན། ཤེས་ཡོན་སྲིད་བྱུས་ནང་སློབ་དེབ་བོད་སྒྱུར་མ་གྲུབ་བར་གནས་སྐབས་སློབ་ཁྲིད་བརྒྱུད་ལམ་སྐད་ཡིག་གཉིས་པར་བརྟེན་རྒྱུ་ལས། དོན་དམ་སློབ་ཁྲིད་བརྒྱུད་ལམ་བོད་སྐད་ཉག་ཅིག་ཡིན་པ་སྐུ་ངོ་མཆོག་གིས་ཀྱང་མ་མཁྱེན་པ་འདྲ།

ཡང་ ”ད་ལྟའི་ཆར་དཔེར་ན་ཨང་རྩིས་དང་ཚན་རིག་གཉིས་ལྟ་བུ་ཡིན་ན། སློབ་དེབ་དབྱིན་ཡིག་ཐོག་ཡོད་པ་དང་།  དེ་སློབ་མཁན་གྱི་དགེ་རྒན་ཚོ་ཡང་དབྱིན་ཡིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པར་བརྟེན།  བོད་སྐད་ཀྱི་གནས་ཚད་དེ་ཙམ་གྱིས་ཡག་པོ་མེད་པས་བོད་སྐད་ཐོག་ནས་སློབ་ཁྲིད་བྱེད་ཐུབ་ཀྱི་མི་འདུག ང་ཚོས་བོད་སྐད་ཀྱི་གནས་ཚད་མེད་ནའང་ཨུ་ཚུགས་བརྒྱབ་སྟེ་བོད་སྐད་ཐོག་བསླབ་པ་ཡིན་ན།  མ་འོངས་པར་དེ་ལས་དཀའ་ངལ་ཆེ་བ་ཡོང་ས་རེད།” ཅེས་གསུངས་པར། འཛིན་རིམ་དྲུག་པ་དང་བདུན་པ། བརྒྱད་པ་བཅས་ཀྱི་ཨང་རྩིས་དང་ཚན་རིག་གི་སློབ་དེབ་ཤེས་རིག་ལས་ཁུངས་ཀྱིས་ད་སྔ་ནས་བོད་སྒྱུར་ཟིན་པ་མ་ཟད། བཀའ་ཤག་སྐབས་གོང་མར་ཟབ་སྦྱོང་ཡང་རིམ་པར་ཕུལ་ཡོད། ཨང་རྩིས་དང་ཚན་རིག་གི་སློབ་དེབ་བོད་ཡིག་ཐོག་ཡོད་པ་སྐུ་ངོ་མཆོག་གིས་མ་མཁྱེན་པ་ཡིན་ནམ། བོད་སྐད་ཐོག་ཨུ་ཚུགས་བརྒྱབ་སྟེ་བསླབ་པ་ཡིན་ན་མ་འོངས་པར་དཀའ་ངལ་ཆེ་བ་ཡོང་ས་རེད་ཅེས་པ་ནི་དོན་དངོས་དང་འགལ་བ་ཏག་ཏག་རེད། བོད་པའི་སློབ་གྲྭ་ཐོག་མར་བཙུགས་ནས་ད་བར་ཨིན་སྐད་བརྒྱུད་ལམ་ཐོག་སློབ་ཁྲིད་བྱས་པ་རེད། བརྒྱུད་ལམ་དེའི་ཐོག་ནས་ང་ཚོར་དཀའ་ངལ་གཏན་ནས་འཕྲད་མེད་དམ། ༸གོང་ས་མཆོག་གིས་བོད་ཁྱིམ་མཛད་སྒོའི་ཐོག་ཤེས་ཡོན་ཐོག་འཐུས་ཤོར་ཕྱིན་པའི་བཀའ་སློབ་ཚ་ནན་ཕེབས་པ་དེ། བརྒྱུད་ལམ་འདི་དང་འབྲེལ་བ་མེད་པ་ཞིག་རེད་དམ། ཡང་ད་ལྟ་ཨིན་སྐད་ཐོག་ནས་བསླབ་པ་ཡིན་ན་མ་འོངས་པར་བོད་སྐད་ཡག་པོ་གང་འདྲ་བྱས་ནས་ཆགས་ཀྱི་རེད་དམ། མ་འོངས་པར་བོད་སྐད་ཐོག་ནས་སློབ་ཁྲིད་བྱ་མཁན་ཨ་རི་ནས་གདན་ཞུ་བྱ་རྩིས་ཡོད་དམ།

ཡང་ “དེའི་ཕྱིར་ང་ཚོས་གནས་སྐབས་སུ་དབྱིན་སྐད་ཐོག་སློབ་ཁྲིད་བྱས་ཏེ།  ཚིག་དོན་དཀའ་གནད་ཅན་རིགས་བོད་སྐད་ཀྱི་ཐོག་ནས་འགྲེལ་བཤད་རྒྱག་དགོས་པའི་གཅིག་གྱུར་གཏན་འབེབས་གནང་བ་རེད།”  ཟེར་བ་དེ་ནི་སློབ་གསོ་རིག་པའི་རྣམ་གཞག་དང་ཡོངས་སུ་འགལ་ཡོད། དེ་འདྲའི་གཏན་འབེབས་བྱ་དགོས་པའི་གནས་བབ་ཅིག་གང་དུའང་མ་མཐོང་། བོད་པའི་སློབ་གྲྭ་ཁག་ནང་སློབ་ཁྲིད་བྱེད་སྐབས་ལས་སླ་སར་དབྱིན་སྐད་རྒྱག་པ་དང་།  འགྲེལ་བཤད་རྒྱག་མ་ཐུབ་སར་བོད་སྐད་ཀྱིས་སྒྲུང་ལྟ་བུ་བཤད་ནས་མགོ་སྐོར་བའི་ཆུ་ངན་ལམ་ཤོར་དེ་སྔ་ས་ནས་ལོབ་ཡོད། སྐད་ཡིག་ཟུང་འབྲེལ་གྱི་ལམ་སྲོལ་ཞིག་བེད་སྤྱོད་བྱ་ནའང་ཨིན་སྐད་རྒྱག་དུས་ཨིན་སྐད་གཙང་མ་དང་།  བོད་སྐད་རྒྱག་དུས་བོད་སྐད་གཙང་མ་རྒྱག་དགོས་པ་ནི་སྐད་ཡིག་ཟུང་འབྲེལ་གྱི་སློབ་གསོའི་ཁྱད་ཆོས་རེད། སྐད་ཡིག་མཉམ་བསྲེས་ཀྱིས་སྐད་ར་མ་ལུག་བཟོ་བ་དེ་སློབ་ཁྲིད་ལམ་སྟོན་ལེགས་པོ་ཞིག་ཡིན་སྙམ་པ་ནི་སློབ་གསོ་རིག་པར་གོ་རྟོགས་ཏིལ་ཙམ་མེད་པའི་རྟགས་རེད། དེ་སྔོན་དེ་གའི་ཤེས་ཡོན་འགན་འཛིན་ཞིག་གི་རྩོམ་ཡིག་ནང་དུའང་ “མཐའ་ན་རང་རེའི་སློབ་གྲྭ་ཁག་ནང་གཞི་རིམ་བར་མ་དང་གོང་མའི་སྐབས་སུའང་བོད་སྐད་བརྒྱུད་ལམ་ནས་ཨིན་ཡིག་སློབ་ཁྲིད་བྱེད་མཁན་ནི་ཉུང་ཉུང་གཏན་ནས་མིན་པས། ནོར་འཛོལ་དེ་དག་ནི་ང་ཚོའི་བསམ་བརྗོད་ལས་འདས་པ་ཞིག་རེད།” ཅེས་གསུངས་པ་དེ་ཤིན་ཏུ་བདེན། སྐུ་ངོ་མཆོག་གིས་དེ་ཙམ་ཡང་མ་མཁྱེན་པ་འདྲ།

ཡང་ཁོང་ལ་ཚན་རིག་དང་ཨང་རྩིས་གཉིས་ཀྱི་སློབ་དེབ་ག་རེ་བྱས་ནས་བོད་ཡིག་ནང་བསྒྱུར་མ་ཐུབ་པ་རེད་ཅེས་དྲིས་པར། “ སྔོན་མ་རྒྱ་གར་རྒྱལ་ཡོངས་ཤེས་རིག་ཞིབ་འཇུག་དང་སྦྱོང་བརྡར་ལྷན་ཚོགས་ཀྱི་(National Council Of Educational Research And Training) སློབ་དེབ་བོད་ཡིག་ནང་བསྒྱུར་བཞག་པ་ཞིག་ཡོད་པ་རེད།  ཡིན་ནའང་། (NCERT) སློབ་དེབ་མང་པོ་བསྐྱར་ཞིབ་བྱས་ཚར་སྟབས། བོད་ཡིག་ནང་ཡོད་པའི་སློབ་དེབ་དེ་བསླབ་ནས་བསྡད་ན་རྗེས་ལུས་ཆེན་པོ་ཐེབས་འགྲོ་ཡི་འདུག (NCERT) ཡི་སློབ་དེབ་གསར་པ་མགྱོགས་པོར་བསླེབ་ཡོང་དུས་ང་ཚོས་རྗེས་ཟིན་གྱི་མི་འདུག་པས་གཏན་འབེབས་འདི་བྱུང་བ་རེད།” ཅེས་གསུངས་པར། རྒྱ་གར་རྒྱལ་ཡོངས་ཤེས་རིག་ཞིབ་འཇུག་དང་སྦྱོང་བརྡར་ལྟེ་གནས་ཁང་གིས་སློབ་དེབ་ལ་བསྐྱར་བཅོས་མང་པོ་འགྲོ་ཡི་ཡོད་ཀྱང་། ཚན་རིག་དང་ཨང་རྩིས་སློབ་དེབ་ལ་འགྱུར་བ་དེ་ཙམ་འགྲོ་ཡི་མེད་པ་ནི་ཤེས་ཡོན་གྱི་ལས་དོན་དང་འབྲེལ་བའི་མི་ཚང་མས་ཤེས་ཀྱི་ཡོད། ལྷག་དོན་བོད་སྒྱུར་ཟིན་པའི་སློབ་དེབ་དེ་དག་དང་ད་ལྟའི་དབྱིན་སྐད་ཐོག་ཡོད་པའི་སློབ་དེབ་དེ་དག་གི་ནང་དོན་ཐད་འགྱུར་བ་ཆེན་པོ་དེ་འདྲ་སོང་བ་གང་དུའང་མཐོང་ཆོས་སུ་མེད། ལར་ནས་”(NCERT) ཡི་སློབ་དེབ་གསར་པ་མགྱོགས་པོར་བསླེབ་ཡོང་དུས་ང་ཚོས་རྗེས་ཟིན་གྱི་མི་འདུག”ཅེས་གསུང་གི་ཡོད་ན། སློབ་དེབ་རྩོམ་སྒྱུར་བྱེད་མཁན་མང་ཙམ་འབོད་འགུགས་བྱ་རྒྱུ་ནི་དཀའ་ངལ་དེ་སེལ་ཐབས་ཡིན་པ་ལས། ང་ཚོས་རྗེས་ཟིན་གྱི་མི་འདུག་ཅེས་བསྡད་བསྡད་ན། ནམ་ཡང་རྗེས་ལུས་ཤོར་གྱི་མ་རེད་དམ། ཡང་སྤྱི་ཚོགས་ཚན་རིག་གི་སློབ་དེབ་ལྟར་བོད་པ་རང་གི་དགོས་མཁོ་དང་མཚམས་པའི་སློབ་དེབ་གསར་བསྒྲིགས་བྱས་ཚེ་གཞན་གྱི་རྗེས་མ་ཟིན་པའི་དཀའ་ངལ་དེ་ཡང་ཡོང་གི་མ་རེད། ངས་འདིར་དྲན་སྐུལ་བྱ་འདོད་པ་ཞིག་ལ་ང་ཚོ་རང་ཉིད་ལ་མཁོ་བའི་སློབ་གསོའི་སྲིད་བྱུས་ཤིག་ལག་བསྟར་མ་བྱས་པར་བརྟེན་ག་དུས་ཡིན་ཡང་གཞན་ཞིག་གི་རྗེས་མ་ཟིན་པར་སྡོད་དགོས་པ་འདི་ཆགས་པ་རེད། འདི་ནི་གཞན་དབང་སྟབས་བསྟུན་ཟེར་བ་དེའི་བྲན་གཡོག་གི་བག་ཆགས་ཤིག་རེད། གལ་ཏེ། ང་ཚོ་རང་ཉིད་ལ་དབང་བའི་སྲིད་བྱུས་ཤིག་ལག་བསྟར་བྱས་ཚེ། (NCERT)ཡིས་སློབ་དེབ་ཐེངས་བརྒྱ་ལ་བརྗེས་ཀྱང་ང་ཚོར་འབྲེལ་བ་གཏན་ནས་མེད།  རྩམ་པ་འཐག་དགོས་མེད་ན། ཆུ་ཡར་རྒྱུགས་མར་རྒྱུགས་ལ་ཁྱད་པར་མེད་པ་ལྟར་རེད།

གཞན། “ང་ཚོ་ཤེས་ཡོན་ལྷན་ཚོགས་ཀྱི་ངོས་ནས་འཛིན་གྲྭ་ ༨ པ་དང་ ༩ པ་བར་གཏན་འབེབས་ཟིན་པའི་བསླབ་གཞི་རྩ་འཛིན་གཞིར་བཟུང་གིས།  ཨང་རྩིས་དང་ཚན་རིག་གི་སློབ་དེབ་དེ་ཚོ་བཟོ་སྒྲིག་བྱེད་པར་གོམ་པ་རྒྱག་གི་ཡོད།  འོན་ཀྱང་། བོད་བསྒྱུར་བྱས་ཏེ་ང་ཚོས་རྗེས་ཟིན་ས་མ་རེད།” ཅེས་གསུངས་པར། ཨང་རྩིས་དང་སྤྱི་ཚོགས་ཚན་རིག་འཛིན་རིམ་བརྒྱད་པ་བར་བོད་སྒྱུར་ཟིན་པ་དང་། ཚན་རིག་འཛིན་རིམ་བཅུ་པ་བར་བོད་སྒྱུར་ཟིན་འདུག་པས། བོད་སྒྱུར་བྱས་ཏེ་ང་ཚོས་རྗེས་ཟིན་ས་མ་རེད་གསུངས་པ་དེ་ག་རེའི་རྗེས་ཟིན་ས་མ་རེད་གསུངས་ཀྱི་ཡོད་དམ། སློབ་དེབ་བོད་སྒྱུར་དང་འབྲེལ་བའི་སྔོན་རྩིས་གྲོས་ཚོགས་སྐབས་མང་པོར་འཁྱེར་འདུག་པས། གྲོས་ཚོགས་ནས་ཀྱང་འདི་ཚོར་ཨ་ལན་བརྡ་ལན་འདྲ་མེད་པ་ནི་ཡ་མཚན་རེད།

ཡང་སྐད་གཉིས་ཟུང་འབྲེལ་དང་འབྲེལ་ནས་བསྐྱར་དུ་གླེང་བར་” དབྱིན་ཡིག་དང་བོད་ཡིག་གང་ཡིན་ཡང་མཐར་ཕྱིན་པ་ཞིག་ཡོང་ཡོད་པ་མ་རེད་བསམ་གྱི་ཡོད། སྐད་ཡིག་གཅིག་གི་ཐོག་རང་རྐྱ་འཕེལ་བ་ཞིག་ཡོང་མིན་ཐད་ད་ལྟ་སློབ་གྲྭ་སྤྱི་ཡོངས་ཀྱི་ནང་དུ་དཀའ་ངལ་ཞེ་དྲག་འདུག སཾ་བྷོ་ཊ་སློབ་གྲྭ་ཁག་གི་ནང་དུ་འཛིན་གྲྭ་ ༣ པ་བར་བོད་ཡིག་རྐྱང་པའི་ཐོག་སློབ་ཁྲིད་བྱེད་པའི་སྲིད་བྱུས་དེ།  སོ་སོའི་སྐད་ཡིག་གི་རྨང་གཞི་ཡག་པོ་ཞིག་འཛུགས་ཐུབ་པ་ཡིན་ན། སྐད་ཡིག་གཉིས་པ་སྦྱོང་རྒྱུ་ལས་སླ་བོ་ཡོད་པ་རེད་ཟེར་ནས་བཏོན་པ་རེད།  དེ་ལག་ལེན་ག་ཚོད་ཅིག་བསྟར་ཐུབ་ཀྱི་ཡོད་མེད་དེ་ཚོད་ལྟ་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད། ” ཅེས་གསུངས་པ་ལྟར། དོན་དངོས་ཐོག་ང་ཚོས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་སའི་སློབ་གྲྭ་ཁག་ལ་མ་མཐར་ཡང་ཚོད་ལྟ་དང་རྟོག་ཞིབ་ཅིག་བྱ་དགོས་ངེས་རེད་དེ། འོན་ཀྱང་སྒང་ནས་དབང་ཆ་ཡོད་པ་རེ་ཟུང་གིས་ཧོལ་རྒྱུག་གིས་བཀོད་ཁྱབ་གནང་རྐྱང་བྱས་པ་མ་གཏོགས། འདི་ཡིན་འདི་མིན་གྱི་ཚོད་ལྟ་ཙམ་ཡང་བྱེད་དུ་མ་བཅུག་པ་ནི་ང་ཚོའི་མི་རབས་འདིའི་ཕམ་ཉེས་རེད་ལ། མི་རབས་གོང་མས་དཀའ་ལས་རི་ཙམ་བརྒྱབ་པར་དྲིན་གཟོ་ཤིག་ཙམ་ཡང་མ་འཇལ་བ་རེད།

མདོར་ན། བཀའ་ཤག་སྐབས་བཅུ་བཞི་པས་སྐབས་གོང་མའི་སྲིད་བྱུས་ཀྱི་ཆ་ཤས་སམ་སྲིད་བྱུས་ཡོངས་ལ་འགྱུར་བ་བཏང་ན་ཆོག འོན་ཀྱང་སྲིད་བྱུས་འགྱུར་བ་གཏོང་སྐབས་བཀའ་ཤག་གི་དགོངས་པ་ཡིན་པ་ཁས་ལེན་གྱིས། རྒྱ་ཁྱབ་ཏུ་གསལ་བསྒྲགས་བྱས་ནས་འགྱུར་བ་གཏོང་བ་ལས། གུང་ཁྲན་ཏང་དང་འཇར་དམག་གི་སྲིད་བྱུས་ལྟར་ལྐོག་ལྐོག་སུད་སུད་མ་གནང་རོགས། ལྷག་པར་ཤེས་ཡོན་སྲིད་བྱུས་ལག་བསྟར་མ་བྱས་ན། དེ་བཀའ་ཤག་གི་དགོངས་པ་ཡིན་པའི་རྒྱུ་མཚན་འདྲེན་དགོས་པ་ལས། མང་ཚོགས་ལ་མགོ་སྐོར་བཏང་སྟེ་སློབ་དེབ་མི་འདུག དགེ་རྒན་མི་འདུག་མ་གསུངས་རོགས། སྤྱི་ཚོགས་ནང་གོ་ཐོབ་དང་གླ་ཡོན་གང་ཡང་མེད་ཀྱང་། རྒྱལ་ཁབ་དང་མི་རིགས་ལ་བློ་སེམས་དཀར་བའི་ཉམས་ཆུང་དགེ་རྒན་དེ་དག་ལ་ཐུགས་རྗེ་ཆེ་གསུང་མ་ཐུབ་ཀྱང་། ཁོང་ཚོ་ལག་རྩེད་རྩེ་ས་ཞིག་ཏུ་ནམ་ཡང་མ་བརྩི་རོགས། སློབ་གྲྭ་ཁག་ལ་དགེ་རྒན་མ་རག་པའི་དཀའ་ངལ་ག་ཚོད་ཡོད་པ་ནི་ང་ལས་ཁྱེད་ཚོས་གསལ་པོར་མཁྱེན་ངེས་པས། ཉུང་མཐར་ཡང་མི་གཤིས་དང་བཟང་སྤྱོད་ལ་བརྩི་བཀུར་བྱས་ཏེ་ཁོང་ཚོས་ཡོང་གི་མི་འདུག་མ་གསུངས་རོགས། ཁོང་ཚོའི་ཆོད་སེམས་ལས་བྲིས་པའི་ཁས་ལེན་ཞུ་སྙན་དེ་དག་ད་ལྟ་ད་དུའང་ཁྱེད་ཚོའི་གསོལ་ལྕོག་ཐོག་ཡོད་པ་དྲན་གསོ་རོགས།།  

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་སྒྲིག་ཁྲིམས་འགན་འཛིན་ཟུར་པར་ལོ་ ༡༠ ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་བསྟུད་མར་བྱུང་།

༢༠༢༥/༠༨/༠༢
Mobile App

དབྱིན་ཡུལ་གྲོས་ཚོགས་འོག་མས་རྒྱ་ནག་ཉིན་རེའི་ཚགས་པར་འགྲེམས་སྤེལ་བཀག་འགོག་གནང་།

༢༠༢༥/༠༨/༠༢
དྲ་ལམ་གྱི་པར།
Mobile App

ཁུང་ཙིའི་སློབ་གླིང་ཁག་སྒོ་རྒྱག་རྒྱུ་ཡིན་པའི་ཉེན་བརྡ་བཏང་།

༢༠༢༥/༠༨/༠༢
Former Pakistan prime minister Imran Khan, gestures as he speaks with Reuters during an interview, in Lahore, Pakistan March 17, 2023. REUTERS/Akhtar Soomro
Mobile App

པཱ་ཀི་སི་ཐན་གྱི་གྲོས་ཚོགས་འཐུས་མི་ཟུར་བ་ ༡༠༨ ལ་ལོ་བཅུ་རེའི་ཁྲིམས་ཐག་བཅད།

༢༠༢༥/༠༨/༠༡
ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག
Mobile App

ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་མི་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག

༢༠༢༥/༠༨/༠༡
Mobile App

ལོ་ངོ་ ༡༢༧ རྗེས་ནས་སངས་རྒྱས་ཀྱི་རིག་དངོས་ཕྱིར་སློག་བྱས།

༢༠༢༥/༠༧/༣༡

མཆན། 7

  1. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    སྨྲ་བརྗོད་རང་དབང་ལ་རྡོག་བརྫིས་ཨེ།
    འོ་ཡ་ད་བྱས་ན། བླ་རྒན་གངས་སྐྱིད་ཀྱི་དབུ་མའི་སྲིད་ཁྲིར་བཞེངས་ཐེངས་གཉིས་པར་འོས་ཐོབ་སྐབས་༧གོང་ས་མཆོག་གིས་༼ཡང་བླ་རྒན་མགོ་དཀར་དེ་གདམས་འདུག་༽གསུངས་པ་མ་རེད་པས། བྱས་ཙང་ཁོང་གིས་ཀྱང་གཞན་ལ་དམའ་འབེབ་ཀྱི་ཚིག་ངན་སྨྲས་ཏེས་སྨྲ་བརྗོད་རང་དབང་ལ་བརྫིས་བཏང་བར་འགྱུར་བར་ཐལ། ཡང་ན་བླ་ཆེན་མི་ཆེན་དཔོན་ཆེན་ཚོ་དང་དམངས་དཀྱུས་དབར་སྨྲ་བརྗོད་རང་དབང་གི་ས་མཚམས་ཞིག་ཡོད་པ་ཨེ་རེད།
    དེས་ན་བླ་རྒན། མི་རྒན། གྲྭ་རྒན། ཕ་རྒན། དགེ་རྒན་སོགས་མིང་ཚིག་འདི་ཚོ་དམའ་འབེབས་དང་ངན་སྨྲས་ཀྱི་ཚིག་ངན་ཞིག་ཡིན་རྒྱུ་རེད་པ། ཧ་ཧ། བླ་མ་རྒན་པར་བླ་རྒན། མི་རྒན་པ་ལ་མི་རྒན། ན་སོ་དར་ལ་བབས་ནས་ཕ་མ་ཆགས་སོང་ན་ཕ་རྒན་དང་མ་རྒན། གྲྭ་གཞོན་ནས་གྲྭ་པ་རྒན་པ་ཆགས་སོང་ན་གྲྭ་རྒན། དགེ་བའམ་བླངས་རྡོར་གྱིས་གནས་བསྟོན་པར་མཛད་མཁན་ནམ་ཤེས་རབ་ཀྱི་བློ་མིག་འབྱེད་མཁན་ཞིག་ལ་དགེ་རྒན་ཟེར། བྱས་ཙང་རྒན་བྱིས་ཀྱི་དབྱེ་མཚམས་འདི་ནས་འཇོག་གི་ཡོད་པ་རེད། དཔེར་ན། སོ་སྐྱེས་དང་འཕགས་སྐྱེས། མཁས་བླུན། རྒན་གཞོན་ལྟ་བུ་སོ་སྐྱེས་བྱིས་པར་འཇོག་པ་དང་འཕགས་སྐྱེས་རྒན་པར་འཇོག་པ། མཁས་པ་རྒན་པར་འཇོག་པ་དང་བླུན་པོ་བྱིས་པར་འཇོག་ཚུལ་སོགས་ལ་གཟིགས་ཞིབ་ཡག་པོ་གནང་དགོས་པ་རེད།
    དེ་ལྟ་བས་ན་དངོས་མིང་དང་སྨྱུག་མིང་ལ་ཁྱད་པར་ཅང་མཐོང་མ་སོང་། དཔེར་ན་སྐུ་ཉིད་ཀྱིས་དངོས་མིང་དངོས་སུ་བྲིས་ཡོད་ཀྱང་བོད་པའི་སྤྱི་ཚོགས་ནང་ཚེ་རིང་རྡོ་རྗེ་ཟེར་བ་ཞིག་བརྒྱ་ཕྲག་སྟོང་ཕྲག་རྒལ་བ་ཡོད་རྒྱུ་རེད། ངའི་མིང་དངོས་འབྲུག་གྲགས་རྒྱལ་པོ་ཟེར་གྱི་ཡོད། འབྲུག་གྲགས་རྒྱལ་པོ་ཡང་དེ་དེ་བཞིན་སྟོང་ཕྲག་མེད་ཀྱང་བརྒྱ་ཕྲག་ཁ་ཤས་གཏན་གཏན་ཡོད་རྒྱུ་རེད། བྱས་ཙང་དྲ་ཐོག་འདིའི་སྟེང་གདོང་བསྟོན་ནས་གཅིག་བཤད་མཁན་ཧ་ལམ་དཀོན་ཚོད་རེད། གོ་ལ་ཧྲིལ་པོ་འདིར་དྲ་བའི་དེང་རབས་ཅན་ལ་གྱུར་བ་ནས་བཟུངས་ག་པར་བལྟས་ཀྱང་འདི་འདྲ་རྐྱང་རྐྱང་འདྲ་ཞིག་རེད། དེ་གནད་འགག་ཅིག་མ་རེད།
    དོན་གནད་དེ་བརྗོད་གཞི་དང་འབྲེལ་བའི་དྲི་བར་ལན་འདེབས་བྱེད་རྒྱུ་དེ་རེད། ལན་འདེབས་བྱེད་འདོད་མེད་ན་གནས་ཚུལ་ཁག་ཁག་རེད། འོན་ཀྱང་འབྲེལ་མེད་དོན་གཞན་གྱི་གཏམ་རྙོག་བཟོས་ནས་ཀླན་ཀ་འཚོལ་འདོད་དེ་ཡ་མཚན་རེད་ཡ།

    Reply
  2. ཚེ་རིང་རྡོ་རྗེ། says:
    ལོ་ 12 སྔོན།

    གསེར་འབྲུག་སྡེར་ལྔར་འབོད་པ་ལགས།
    ངས་ཁྱོད་ཀྱི་དྲི་བ་ལ་ལན་སློག་འདོད་མ་བྱུང་། རྒྱུ་མཚན་ནི། ཁྱོད་ཀྱིས་རང་ཉིད་སུ་ཡིན་གདོང་སྟོན་མི་ཕོད་པར་སྨྱུག་མིང་གི་འོག་ཏུ་སྐུང་ནས་གཏམ་གང་བརྗོད་ལ་འགན་མི་འཁུར་བའི་བཟོ་ལྟ་འདུག་པ་དང་། ༼བླ་རྒན༽ཞེས་གཞན་ལ་དམའ་འབེབ་ཀྱི་ཚིག་ངན་སྨྲས་ཏེ་སྨྲ་བརྗོད་རང་དབང་ལ་རྡོག་བརྫིས་བྱས་པས་སོ།།

    Reply
  3. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    གནས་དུས་སྐལ་བའི་རྐྱེན་ངན་གྱིས། དཔེ་སྟོན་སློབ་གྲྭར་ལམ་ལྷོངས་མེད། དེས་ན་བཙན་བྱོལ་བ་ཚོས་རྐང་པ་ཡ་གཅིག་མ་བཏེགས་པར་གཉིས་ཀ་བཏེགས་ཙང་འགྱེལ་བ་རེད། མ་གཞི་ཟམ་གདོང་བླ་མས་ལས་འགོ་བཙུགས་ནས་ལས་གཞུག་མ་བསྐྱལ་བའམ་གནས་དུས་གང་ཟག་གང་ལའང་མ་འཚམས་པའི་ལས་གཞི་སོ་ནམས་ཞིང་ལས་སོགས་ཀྱང་དེ་དེ་བཞིན་རེད། མ་ཟད་བླར་རྒན་རང་ཉིད་སྲིད་དོན་ལ་ཐུགས་དབྱིངས་ཆེ་བ་ལས་མི་རིགས་ཀྱི་སྐད་ཡིག་ལ་དེ་ཙམ་མེད་པ་འདྲ། མིན་ན་བླར་རྒན་གངས་སྐྱིད་ཀྱི་དབུ་མའི་སྲིད་ཁྲི་ལས་བཤོལ་ཚར་བའི་སྔ་རྗེས་དཔེ་སྟོན་སློབ་གྲྭའི་ཐོག་ནུས་ཤུགས་མི་འདོན་པའི་རྒྱུ་མཚན་ཅི་རེད།

    Reply
  4. ཚེ་རིང་རྡོ་རྗེ། says:
    ལོ་ 12 སྔོན།

    ད་ནི༼དཔེ་སྟོན་སློབ་གྲྭ༽་ལ་བཀྲ་མི་ཤིས་པ་ཅི་ཞིག་འབྱུང་སྲིད་དམ།
    ཀྱེ་མ། སློབ་དཔོན་ཟམ་གདོང་རིན་པོ་ཆེ་ལགས། ཁྱེད་ཀྱི་ཞབས་རྗེས་ནག་བསུབ་གཏོང་བཞིན་པ་གཟིགས་ན། ཐུགས་ཕམ་འབྱུང་གིན་ལོས་ཡོད་ཨང་།

    Reply
  5. ཀརྨ་བསྟན་འཕེལ། says:
    ལོ་ 12 སྔོན།

    བོད་ཡིག་བོད་སྐད་ལ་བརྩེ་བ་ཡོད་མཁན་ཙམ་མ་རེད། བོད་མི་རིགས་ཀྱི་ཆག་འཇིག་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ན། ད་རེས་བཀའ་ཤག་ཟེར་ན་འདྲ་ཤེས་རིག་གི་གནང་སྟངས་འདིར་དགོངས་པ་ཏན་ཏན་བཞེས་དགོས་པ་ཞིག་ཆགས་འདུག ཤེས་རིག་བཀའ་བློན་དང་དྲུང་ཆེ་རྣམ་གཉིས་ཀྱིས་བོད་ཡིག་བོད་སྐད་ཐོག་ཤུགས་སྣོན་རྒྱག་མ་ཐུབ་ཀྱང་། ཕྱི་བཤོལ་བརྒྱབ་སྟེ། བཀའ་ཤག་སྐབས་སྔ་མ་དག་གི་ཤེས་ཡོན་སྲིད་བྱུས་གསར་པའི་རེ་བ་དང་ཕུགས་བསམ་ལ་རྡོག་བརྫིས་བཏང་བ་ཡིན་ན། སློབ་གྲྭ་ཁག་གི་དགེ་རྒན་གཙོས་པའི་བོད་ཡིག་གི་ཚེ་སྲོག་ལ་ཐུགས་འཁུར་གནང་མཁན་ཙམ་མ་ཟད། སློབ་ཕྲུག་ཚོར་ཡང་འདོད་མོས་རྩ་བ་ཉིད་ནས་ཡོང་གི་མ་རེད།
    ང་ལ་དེ་ལས་ཀྱང་དོགས་པ་ཆེ་ཤོས་ཤིག་ནི་ཤེས་རིག་གི་བཀོད་ཁྱབ་ནང་ “ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༧ ཉིན་འདི་གའི་དྲུང་ཆེའི་གཙོ་སྐྱོང་འོག་ཤེས་ཡོན་རྟོག་ཞིབ་ཞུས་པའི་སྙན་ཐོ་དང་། མཐོ་རིམ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་དམིགས་བསལ་ཚོགས་འདུ་བསྐོང་ཚོགས་གནང་བའི་གྲོས་ཆོད་”ཟེར་བ་ཞིག་གསུངས་འདུག ད་ལོའི་ཕྱི་ཟླ་ ༢ ་ཚེས་ ༩ ་ཉིན་ནི་གཟའ་སྤེན་པ་གཉིས་པའུ་གུང་གསེང་དང་ཚེས་ ༡༠ ཉིན་ནི་གཟའ་ཉི་མ། དེ་བཞིན་ཚེས་ ༡༡ ། ༡༢ ། ༡༣ བཅས་ཉིན་གསུམ་ནི་ལོ་གསར་ལ་འཁེལ་ཡོད་པ་རེད། སྐབས་དེ་འདྲ་ཞིག་ལ་ལས་བྱེད་ཕལ་ཆེ་བ་གུང་གསེང་ལ་ཕྱིན་ཚར་ཡོད་རེད། སྐབས་དེ་འདྲ་ཞིག་ལ་དགོས་པ་རྒྱུ་མཚན་ཅིའི་ཕྱིར་ཤེས་ཡོན་རྟོག་ཞིབ་ཚོགས་འདུ་ཚོགས་པ་དང་། ཚོགས་བཅར་བ་དང་ཚོགས་འདུའི་རྣམ་པ་ཅི་འདྲ་ཞིག་གི་འོག་ནས་ཚོགས་ཡོད་དམ། འདི་དོགས་གཞི་ཆེ་ཤོས་རེད།
    གནས་ཚུལ་དེའི་འབྱུང་ཁུངས་ལ་གཟིགས་འདོད་ན། https://tibettimes.net/wordpress/news.php?showfooter=1&id=7847

    Reply
  6. ཚེ་རིང་རྡོ་རྗེ། says:
    ལོ་ 12 སྔོན།

    བཙན་བྱོལ་གྱི་བོད་ཕྲུག་ཚོས་བོད་ཡིག་གི་ཤེས་ཚད་ཡར་རྒྱས་གཏོང་རྒྱུར་འགལ་རྐྱེན་མང་པོ་འདུག ཆེས་ཆེ་བའི་འགལ་རྐྱེན་ནི། བཙན་བྱོལ་ནང་གི་ཁྱིམ་ཚང་རྣམས་ཀྱི་བོད་སྐད་ཡིག་གི་ཞིང་སར་སྐད་ཡིག་གཞན་གྱི་རྩྭ་ལྡུམ་སྣ་ཚོགས་ཀྱིས་བཟུང་ཟིན་པ་གཅིག བོད་དགེ་ཕུད་པའི་དགེ་རྒན་གཞན་རྣམས་ཀྱི་བོད་སྐད་ཡིག་དང་བོད་ཀྱི་རིག་གནས་ཀྱི་རྨང་གཞི་རུལ་ཟིན་པ་དང་དེ་ལ་སྒྱུར་བཅོས་བྱ་ཐབས་དཀའ་བ་དང་གཉིས། བཙན་བྱོལ་ནང་གི་གནད་ཡོད་མགོ་ཁྲིད་དང་ལས་བྱེད་མང་པོ་ཞིག་ལ་བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་རྨང་གཞི་མེད་པར་དབྱིན་ཇིའི་སྐད་ཡིག་ལ་བརྟེན་ཡོད་པས། བོད་སྐད་ཡིག་དང་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་སྲིད་བྱུས་ཕན་ཐོགས་ཅན་ལ་རྒྱབ་སྐྱོར་མི་བྱེད་པ་དང་གསུམ། བཙན་བྱོལ་མི་མང་ཕལ་ཆེར་གྱིས་བོད་སྐད་ཡིག་གིས་རང་ཉིད་ཀྱི་དཔལ་འབྱོར་ཡར་རྒྱས་ལ་ཕན་ཐོགས་ཆེར་མེད་པར་བསམ་པ་དང་བཞི་བཅས་སོ།།

    Reply
  7. བཀྲ་ཤིས་ཚེ་རིང་། says:
    ལོ་ 12 སྔོན།

    གནས་ཚུལ་དེ་ཉེ་ཆར་དུས་བབ་ཚགས་པར་སྟེང་མཐོང་མ་ཐག་ངས་གདན་དོན་འདི་ཧ་ཅང་ཛ་དྲག་གི་གནས་ཚུལ་ཞིག་རེད་བསམ་སོང་། འདི་ལ་བོད་མི་མང་སྤྱི་འཐུས་དང་ལྷག་པར་དུ་ས་གནས་དགེ་རྒན་ཚོས་འགན་ཞིག་འཁུར་དགོས་པ་རེད་བསམ་སོང་། ཡིན་ནའང་དུས་ཚོད་གང་འཚམས་རིང་དུས་བབ་དྲ་ཚིགས་སྟེང་སྤེལ་མ་སོང་། སྐབས་དེར་ང་རང་གི་བསམ་པར་དྲ་ཚིགས་ཐོག་སྤེལ་བ་ཡིན་ན་ཀློག་པ་པོ་ཚོས་ངེས་པར་དུ་བསམ་ཚུལ་ཤུགས་ཆེ་པོ་ཡོང་གི་རེད་བསམ་སོང་། ཉིན་འགའི་སྔོན་ལ་དྲ་ཚིགས་ཐོག་ནས་མཐོང་མ་ཐག་ཧ་ཅང་དགའ་བོ་བྱུང་སོང་། ཡིན་ནའང་སྐབས་དེར་ག་རེ་བཤད་དགོས་པ་དང་ཇི་ལྟར་བཤད་དགོས་པའང་མགོ་འཚོས་མ་སོང་། གང་ལྟར་ཚང་མས་དགོས་པ་ཡག་པོ་བཞེས་ཏེ་བསམ་ཚུལ་རེ་གསུངས་རོགས། གནས་ཚུལ་འདི་དོན་དག་ཆུང་ཆུང་མ་རེད། ༧གོང་ས་མཆོག་གི་ཐུགས་རེ་དང་། ལྷག་དོན་དུ་བཀའ་ཤག་སྐབས་བཅུ་གཉིས་དང་བཅུ་གསུམ་གཉིས་ཀྱིས་ལོ་ངོ་བཅུ་གྲངས་རིང་དཀའ་ལས་བསྐྱོན་པ་ཞིག་ལ་བཅོས་བསྒྱུར་གཏོང་གི་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese