མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རཀ་ར་རིན་པོ་ཆེའི་རྗེས་དྲན་ཚོགས་འདུ་ཚོགས་སོང་།

བོད་ཀྱི་དུས་བབ།
༢༠༡༣/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་གངས་སྐྱིད་དུ་རཀ་ར་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་ཐུབ་བསྟན་ཆོས་དར་མཆོག་དགོངས་པ་རྫོགས་ཏེ། ལོ་གཅིག་ཧྲིལ་བོ་འཁོར་བའི་རྗེས་དྲན་ཚོགས་འདུ་ཞིག་དང་འབྲེལ་ཁོང་གི་སྐོར་ལ་བགྲོེ་གླེང་དང་བརྩམས་ཆོས་ཁག་འགྲེམས་སྟོན་བཅས་གནང་སོང་།

དེ་རིང་ཞོགས་པར་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་བོད་ཀྱི་དཔེ་མཛོད་ཁང་དང་ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གཉིས་ཀྱི་གོ་སྒྲིག་འོག རཀ་ར་རིན་པོ་ཆེ་བཀྲས་མཐོང་ཐུབ་བསྟན་ཆོས་དར་དམ་པ་མཆོག་སྐུ་གཤེགས་ཏེ་ལོ་གཅིག་འཁོར་བའི་རྗེས་དྲན་ཚོགས་འདུ་ཞིག་བསྐོངས་སོང་ལ། ཚོགས་འདུ་དེའི་སྟེང་སྐུ་གཤེགས་དམ་པ་ཁོང་གིས་འབྲི་བཞེངས་མཛད་པའི་རི་མོ་དང་། ད་སྔ་དཔར་འགྲེམས་ཟིན་པའི་དཔེ་དེབ་ཁག་ཅིག དེ་བཞིན། ཁོང་གི་ཡབ་གཙང་མདའ་བཀྲས་མཐོང་འགྱུར་མེད་རྒྱ་མཚོས་ ༡༩༡༣ ལོ་ནས་ཁམས་ཕྱོགས་སུ་རྒྱ་དམག་མཐར་སྐྲོད་གཏོང་སྐབས་དང་། ༡༩༡༧ ནས་ ༡༩༣༢ ལོའི་བར་སྡེ་དགེ་སྤྱི་ཁྱབ་གནང་སྐབས་བེད་སྤྱོད་གནང་བའི་དམག་དར་སོགས་འགྲེམས་སྟོན་གནང་སོང་།

མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལགས་ཀྱིས་སྣང་གསལ་མར་མེ་ཞལ་འབྱེད་འབྲེལ། ཚོགས་ཞུགས་པ་ཡོངས་སྐུ་བཞེངས་ཐོག་དམ་པ་ཁོང་ལ་རྗེས་དྲན་མྱ་ངན་གུས་འདུད་རྗེས། ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་དང་ཀརྨ་སྨོན་ལམ་ལགས། ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས། ཆུང་ཚེ་རིང་ལགས་བཅས་ཀྱིས་རྗེས་དྲན་དང་འབྲེལ་བའི་གསུང་བཤད་གནང་ཡོད།

ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་རཀ་ར་རིན་པོ་ཆེའི་སྐུ་ཕྲེང་རིམ་པ་དང་། ལྷག་པར་དུ་སྐུ་ཕྲེང་དྲུག་པ་བཀྲས་མཐོང་ཐུབ་བསྟན་ཆོས་དར་མཆོག་གི་བསླབ་པ་སློབ་གཉེར་གནང་སྟངས་སྐོར་དང་། དགེ་འདུན་ཆོས་འཕེལ་སོགས་བཤེས་གཉེན་དུ་མར་བསྟེན་ཏེ་མདོ་སྔགས་རིག་གནས་སྤྱི་ལ་མཁས་པར་མཛད་སྐོར། མཐར་ ༡༩༥༠ ལོར་བལ་ཡུལ་དང་རྒྱ་གར་དུ་ཕེབས་འབྱོར་གྱིས་ལེགས་སྦྱར་སོགས་ཕྱི་ནང་གི་རིག་གནས་ལ་སློབ་གཉེར་དང་ཕྱག་ལས་གནང་བ་ངོ་སྤྲོད། དེ་བཞིན་བཙན་བྱོལ་ནང་བོད་ཀྱི་སྙན་སུམ་རིག་གནས་འཆད་འཁྲིད་དང་རྩོམ་ཡིག་དཔེ་དེབ་རིགས་མང་པོ་འབྲི་རྩོམ་གནང་མཐར་ ༢༠༡༢ ཕྱི་ཟླ་ ༧ ཚེས་ ༡༠ ཉིན་དགུང་གྲངས་ ༨༧ ཐོག་སྐུ་གཤེགས་པའི་སྐོར་སོགས་ངོ་སྤྲོད་གནང་སོང་།

ཁོང་གིས་རཀ་ར་རིན་པོ་ཆེ་ལྟ་བུའི་མཁས་ཆེན་ཞིག་དགོངས་པ་རྫོགས་པར་བཙན་བྱོལ་གྱི་གསར་ཤོག་རླུང་འཕྲིན་སོགས་སུ་མཐོང་རྒྱུ་དཀོན་པའི་གནས་ཚུལ་དེ་ནི། “དེང་སང་བཙན་བྱོལ་སྤྱི་ཚོགས་གཞུང་སྒེར་དང་བཅས་པར་བཟང་པོ་དང་ངན་པ་ལ་དབྱེ་བ་མེད་པ། མི་མཁས་པ་གྲོངས་ན་ཕངས་སེམས་མེད་པ། ཁྲམ་པ་དང་བཟང་བརྫུ་མཁན། ངོ་དགའ་སྤྲེལ་ལད་མཁན་པོ།  སྲིད་རྒལ་མཁན། ཁ་རུལ་མཁན། མགོ་བདེ་དྲན་འཁྲུལ་རིགས་ལ་ཆ་འཇོག་ཡོད་པ། མཁས་པའི་མི་ལ་བྱ་དགའ་གཟེངས་བསྟོད་བྱེད་སྲོལ་མེད་པའི་སྙིགས་མའི་སྤྱི་ཚོགས་འདི་འདྲ་ནི་བློ་ཕམ་གྱི་རང་བཞིན་ཞིག་རེད། མི་སྡེ་སྤྱི་ཚོགས་ཤིག་ཀླ་ཀློ་ཡིན་དང་མིན་གྱི་ཁྱད་པར་ནི་གནའ་བོའི་རྗེས་ཤུལ་རིག་གཞུང་དང་ལོ་རྒྱུས་ཡོད་མེད་པ་ཐུག་ཡོད་པ་རེད” ཅེས་སོགས་བརྗོད་སོང་།

ཁོང་གིས་མུ་མཐུད་ “ད་སྔ་བྱུང་པ་དང་མ་འོངས་པར་འབྱུང་རྒྱུའི་སྐྱེ་སྟོབས་དང་སྦྱང་སྟོབས་ཅན་གྱི་མཁས་པ་བཟང་པོ། བག་ཡོད་ཚུལ་ལྡན་དག་གི་མཛད་པ་ཕྱག་རིས། ལྷག་པར་དུ་ལོ་རྒྱུས་ཡིག་ཚགས་སུ་འཇོག་པ་བཅས་ལ་བྱ་དགའ་གཟེངས་བསྟོད་མེད་པ་མ་ཟད་ཆེ་མཐོང་དང་གུས་གཙི་མེད་པར། ཁ་བཤད་ཆུ་ཡི་སྦི་བ་དང་ལག་ལེན་གསེར་གྱི་ཐིགས་པའི་རིགས། མཐོ་སར་འབྱར། འདྲ་མཉམ་ལ་ཕྲག་དོགས་དང་སྡིང་སེམས། དམའ་ས་ལ་ཐུབ་ཚོད། སྐྱབས་བཅོལ་འདྲ་འདྲའི་ནང་ནས་མི་འདྲ་བ་ཡིན་པའི་ཁ་སྤོབས་སྒྲོག་པ་སྟོང་གཏམ་རེད་ལ། ཡར་ཐོན་དང་བཟང་སྤྱོད། རིག་གཞུང་ཡོད་པའི་སྤྱི་ཚོགས་ཕར་བཞག མུན་ནག་དང་ཀླ་ཀློའི་ཁོར་ཡུག་ནང་ལུས་གྲབས་ཡོད་པ་རེད་”ཅེས་བརྗོད་སོང་།

ཡང་ཁོང་གིས་རཀ་ར་རིན་པོ་ཆེ་མཆོག་ནི་བོད་པའི་བླ་སྤྲུལ་ཚོ་ནང་བཞིན་ཕྱི་རྒྱལ་ཁག་ཏུ་ཆོས་ཚོགས་བཙུགས་ཏེ་དངུལ་དངོས་ཀྱི་བྲན་དུ་གྱུར་བ་ལྟ་བུ་མིན་པར། བག་ཡོད་ཚུལ་ལྡན་ཐོག་ཆོལ་ཁ་ཆོས་ལུགས་ཀྱི་དབྱེ་བ་མེད་ཅིང་། བོད་མི་རྒན་གཞོན་སློབ་ཕྲུག་སུ་ཞིག་གམ་དུ་བཅར་ཡང་གསུང་ལན་འཇམ་པོ་གནང་མཁན་ཞིག་དང་། བཀའ་མོལ་གནང་ཚད་ཚང་མར་གནས་ཚུལ་གསར་པ་དང་མཐོང་རྒྱ་གསར་པ། གཏམ་རྒྱུད་གསར་པའི་ལེགས་བཤད་རིང་ཐུང་ཅི་རིགས་ཡོད་པ་ཞིག་ཡིན་པ། མི་ལོ་ ༥༢ རིང་སུད་སིར་རྟེན་གཞི་གནང་ཡང་ཡུལ་མིའི་མི་སེར་ཐོ་བསྒྱུར་མ་བྱས་པར་མཐར་བོད་པ་རང་བྱས་ཏེ་སྐུ་ཚེ་རྫོགས་ཡོད་སྐོར་དང་། མདོ་སྔགས་རིག་གནས་སྒྱུ་རྩལ་དང་བཅས་པའི་མཁས་པའི་ཡང་རྩེ་སོན་པ་རཀ་ར་རིན་པོ་ཆེར་རྗེས་དྲན་ཞུ་རྒྱུ་དེ་ནི་མི་ལོ་ ༣༢ རིང་རིན་པོ་ཆེར་འབྲེལ་འདྲིས་ཡོད་པ་ཁོ་རང་གིས་འགན་འཁུར་ཆ་ཚང་ཞུ་རྒྱུ་ཡིན་སྐོར་བརྗོད་བྱུང་། 

དེའི་རྗེས་ཀརྨ་སྨོན་ལམ་ལགས་ཀྱིས་རཀ་ར་རིན་པོ་ཆེ་དང་འབྲེལ་ལམ་བྱུང་པའི་མཐོང་ཚུལ་མྱོང་ཚོར་དང་འབྲེལ་ཏེ། ཐོག་མར་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཆེན་ཞིག་བརྒྱུད་ནས་ཐོག་མར་མཇལ་རྒྱུ་བྱུང་པ་ནས། ལས་ཁུངས་དང་ལས་དོན་གྱི་ངོས་ནས་ཁོང་དང་འབྲེལ་ལམ་བྱུང་པའི་རིམ་པ་སོགས་ངོ་སྤྲོད་དང་། ཤེས་རིག་ལས་ཁུངས་ཀྱིས་ཁོང་གི་བརྩམས་ཆོས་རིགས་པར་སྐྲུན་བྱས་པ་དང་ཤེས་རིག་གི་ལས་དོན་ཐད་ལམ་སྟོན་བཀའ་སློབ་སོགས་རིམ་པར་གནང་མྱོང་ཡོད་པའི་རིགས་དང་འབྲེལ་ཁོང་གིས་རིན་པོ་ཆེ་ཡིས་བཏང་འབྱོར་བྱུང་པའི་ཕྱག་ཡིག་ཅིག་ཏུ་ “ད་ཚེས་བྲོ་གར་ཤེས་ཀྱང་བྲོ་ར་མ་རྙེད་ཟེར་པའི་དཔེ་ལྟར་”ཞེས་བཀོད་ཡོད་ཚུལ་དང་། དེ་ནི་རིན་པོ་ཆེ་ཡིས་བྲོ་འཁྲབ་ཤེས་ཀྱི་ཡོད་ཀྱང་འཁྲབ་སའི་སྡིངས་ཆ་མ་རག་པར་བརྗོད་པའི་དོན་ནི། བོད་པའི་རིག་གནས་དང་འབྲེལ་བའི་བརྩམས་ཆོས་རིང་ཐུང་སྣ་ཚོགས་ཤིག་ཡོད་ཀྱང་མར་འགྲེམས་སྤེལ་པར་སྐྲུན་གྱི་གོ་སྐབས་མ་རག་པ་བསྟན་ཡོད་པར་བརྗོད་སོང་།

ཁོང་གིས་མུ་མཐུད་ “རིན་པོ་ཆེ་ཡིས་དབུགས་ཕར་བཏང་ན་འདྲ་ཚུར་འཐེན་ན་འདྲ། དགོངས་པའི་ནང་རིག་གནས་དང་རྩོམ་རིག་ལས་འཁོར་རྒྱུ་མེད་པ་ལྟ་བུ་ཞིགས་ཆགས་ཡོད་རེད། ”ཅེས་དང་། ཁོང་གིས་རིན་པོ་ཆེ་ཡིས་ཤེས་རིག་ལ་བོད་བསྒྱུར་བྱས་པའི་འཁྲབ་གཞུང་ཁག་ཅིག་དང་རྩོམ་ཡིག་ཅིག་འབྱོར་ཡོད་པ་དང་། དུས་རྒྱུན་ཁོང་གི་རྩོམ་ཡིག་འབྲི་བ་དང་བོད་བསྒྱུར་རིགས་གང་བྱེད་པ་དག་བོད་སྤྱི་བའི་རང་བཞིན་པའི་སྐད་ཐོག་ཡོང་རྒྱུའི་རྩ་འཛིན་གནང་གི་ཡོད་པ་དང་། དེ་ནི་གཙོ་བོ་ཤེས་ལྡན་པ་ཙམ་མ་ཡིན་པར་མི་མང་གིས་གོ་ཐུབ་པ་ཞིག་ཡོང་རྒྱུར་དགོངས་པ་བཞེས་ཀྱི་ཡོད་པར་བརྗོད་བྱུང་།

ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་སྤྱི་འཐུས་བསོད་ནམས་རྒྱལ་མཚན་ལགས་ཀྱིས་རིན་པོ་ཆེའི་དྲུང་ནས་དཔེ་ཁྲིད་ཞུས་པའི་མཐོང་ཐོས་མྱོང་ཚོར་དང་འབྲེལ་ཁོང་གིས། རིན་པོ་ཆེའི་མདུན་ནས་སྔ་ཕྱི་ཐེངས་གསུམ་སྟེ་ཟླ་ ༥ རིང་དཔེ་ཁྲིད་ཞུ་རྒྱུའི་གོ་སྐབས་རག་ཡོད་པ་དང་། ཁོང་ནི་བཟོ་ཡི་གནས་ཡོངས་རྫོགས་ལ་མཁས་པ་ཞིག་ཡིན་པ་དང་། ཁོང་གི་མཁྱེན་དཔྱོད་ཀྱི་སློབ་ཁྲིད་གནང་སྟངས་མ་འདྲ་བ་ཞིག་ཡིན་པར་བརྗོད་དེ། “སྤྱིར་བོད་ཀྱི་རིག་གནས་ཁྲིད་རྒྱུར་ལམ་ལུགས་ཤིག་ཡོད་རེད། དེ་ནི་དང་པོ་ཁྲིད་གཞིའི་སློབ་ཚན་གྱི་ཕྱོགས་ཚང་མར་མཐའ་ཐིག་བརྟན་པོ་ཞིག་བརྒྱབ་སྟེ། ཨོ་ད་འདི་རེད་དཱ། ཐིག་འདི་ནས་བརྒལ་ཆོག་གི་མ་རེད་ཅེས་ཕར་ཚུར་འགྲོ་ས་མེད་པ་ཞིག་གི་ཐོག་ནས་སློབ་ཁྲིད་གནང་སྟངས་དེ་ང་རང་ཚོའི་སློབ་གསོའི་བརྒྱུད་རིམ་ཞིག་རེད། འོན་ཀྱང་། རིན་པོ་ཆེ་ཡིས་སློབ་ཁྲིད་ག་རེ་གནང་ན་མཐའ་ཐིག་དེ་ཡོད་མ་རེད། སློབ་ཚན་གྱི་ངོ་གདོང་ལ་ངོ་སྤྲོད་དང་ཁ་ཕྱོགས་ཤིག་བསྟན་བཞག་དུས། ཐིག་མ་བརྒྱབ་པ་དེས་ལམ་ཁ་རྒྱ་ཆེན་པོ་ཞིག་དང་ཁ་ཕྱོགས་ཡང་པོ་ཞིག་བསམ་བློའི་ནང་བཞག་ཡོད་རེད།”ཅེས་བརྗོད་བྱུང་།

ཁོས་མུ་མཐུད་དུ་རཀ་རིན་པོ་ཆེ་མཆོག་གིས་ལེགས་སྦྱར་ནས་བོད་བསྒྱུར་དང་དེར་འགྲེལ་བ་དང་ཡང་འགྲེལ་མང་པོ་ཞིག་བརྒྱབ་ཡོད་པ་དག་འཆད་ཁྲིད་སྐབས། རིན་པོ་ཆེ་ཡིས་ཐད་གར་ལེགས་སྦྱར་ལ་ཁུངས་གཏུགས་ཏེ་སློབ་ཁྲིད་གནང་ཡོང་དུས་སེམས་ནང་གི་དོགས་འཆར་མང་པོ་ཞིག་རང་བཞིན་གྱིས་སེལ་ཡོང་གི་ཡོད་པ་དང་། གསུམ་པ་ཞིག་ལ་རིན་པོ་ཆེ་ཡིས་འཆད་ཁྲིད་གནང་སྐབས་བཞད་གད་རྩེད་མོ་དང་སྦྲགས་གནང་ཡོང་གི་ཡོད་སྟབས། ཉོབ་སྣང་མི་འབྱུང་པ་སོགས་ཀྱི་ཁྱད་ཆོས་ཡོད་པར་བརྗོད་སོང་།

མཐར་ཁོང་གིས་རིན་པོ་ཆེ་ཡིས་ཁོང་ལ་གནང་པའི་ཕྱག་བྲིས་རྟོག་བརྗོད་ཅིག་དང་བོད་ཀྱི་ལོ་རྒྱུས་ཆ་ཚང་པ་ཞིག་ཉར་ཚགས་བྱས་ཡོད་སྐོར་དང་། རིན་པོ་ཆེ་ཡིས་དྲུང་ནས་སློབ་ཁྲིད་ཞུ་བའི་གོ་སྐབས་བྱུང་པ་དེ་ནི་སོ་སོའི་མི་ཚེའི་ནང་གི་གོ་སྐབས་བཟང་ཤོས་དང་རྩ་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པར་བརྗོད།

མཐར་ཆུང་ཚེ་རིང་ལགས་ཀྱིས་ན་གཞོན་རྩོམ་པ་པོ་ཞིག་གིས་རཀ་ར་རིན་པོ་ཆེ་ལ་ལྟ་ཚུལ་ཞེས་པའི་ཐད་ནས། ཁོང་གིས་རང་ཉིད་རཀ་ར་རིན་པོ་ཆེའི་སློབ་མ་དེ་འདྲ་མིན་པ་དང་སློབ་ཁྲིད་ཀྱང་ཞུས་མྱོང་མེད་སྐོར་དང་འབྲེལ། རང་ཉིད་ཀྱིས་ཤེས་རིག་ལས་ཁུངས་སུ་ལས་ཀ་བྱེད་བཞིན་པའི་སྐབས་སུ་བོད་ཀྱི་སྐད་ཡིག་རིག་གཞུང་དང་འབྲེལ་བའི་ཐོག་དུས་ནས་དུས་སུ་མཁས་པ་ཚོའི་དགོངས་འཆར་བསྡུ་ཡི་ཡོད་ཀྱང་། མཁས་པ་མང་པོ་ཞིག་གིས་དགོངས་འཆར་གནང་རྒྱུ་ཕར་བཞག་ནས་ཡིག་ལན་ཙམ་ཡང་འབྱོར་རྒྱུ་ཁག་པོ་ཡོད་ནའང་། རཀ་ར་རིན་པོ་ཆེ་ཡིས་བརྒྱ་ཅ་བརྒྱ་དགོངས་འཆར་གནང་ངེས་ཡིན་པ་བཤད་ཐུབ་པ་ཞིག་ཡིན་སྐོར་དང་། གང་གནང་པའི་དགོངས་འཆར་རིགས་ཀྱང་ཁ་རུ་ཁ་ཐུག་དང་གསལ་བོ་གནང་གི་ཡོད་སྐོར་དང་འབྲེལ་ཁོང་གིས་དཔེ་མཚོན་ཞིག་ཏུ་ “ཤེས་ཡོན་སྲིད་བྱུས་གསར་པའི་ཐོག་དགོངས་འཆར་མང་པོ་གནང་ཡོད་པའི་ནང་ནས་ངས་གསལ་ཤོས་ཤིག་དྲན་པ་ནི། ཤེས་ཡོམ་སྲིད་བྱུས་གསར་པ་འདི་གཞི་རིམ་གྱི་སྲིད་བྱུས་ཤིག་ཡིན་དུས། དེའི་ནང་ན་མདོ་དང་སྔགས་ཀྱི་ཆོས་ཚིག་གི་ཐ་སྙད་མཐོ་བོ་བཅུག་བཞག་པ་དེ་ཚོ་ཁྱོན་ནས་འགྲིག་གི་མི་འདུག་ཅེས་དགོངས་ཚུལ་ཤུགས་ཆེན་པོ་གནང་འདུག་”ཅེས་བརྗོད་སོང་།

ཡང་ཁོང་གིས་རིན་པོ་ཆེའི་རྩོམ་ཡིག་མང་པོ་ཞིག་གཞོན་སྐྱེ་དང་བྱིས་པའི་རྩོམ་རིག་ལ་ཐུགས་སྣང་ཆེན་པོ་ཡོད་པ་དང་། མཁས་པ་རྒན་རབས་པའི་ཁྲོད་ནས་དེང་དུས་དང་མཐུན་པའི་དུས་དེབ་ཁག་གི་ནང་རྩོམ་ཡིག་འཁོད་མང་ཤོས་ཤིག་དང་། རིན་པོ་ཆེའི་རྩོམ་ཡིག་ལ་བལྟས་ཡོང་ན་རྗེ་ཙོང་ཁ་བའི་རྣམ་ཐར་སོགས་ལ་སྔ་རབས་ཀྱི་རྩོམ་ཉམས་ཕུལ་དུ་བྱུང་པ་ཡོད་པའི་རིགས་གཅིག་དང་། ཡང་ཁོང་གི་བརྩམས་ཆོས་གཡག་གིས་རང་ཉིད་ས་སྐྱེས་རྡོ་སྐྱེས་ཡིན་ཡང་རྒྱལ་དར་སྟེང་མ་བཀོད་པར། བོད་ན་མེད་པའི་གངས་སེང་བཀོད་པར་ཁྲིམས་གཏུག་བྱས་པ་ལྟ་བུ་མང་པོ་ཞིག་ཁ་སྐད་རང་གི་ཐོག་ལ་བབས་ཏེ་བརྩམས་ཡོད་པ་དང་། ཡང་གནས་བརྒྱད་ཀྱི་འགྲེལ་བ་སོགས་མང་པོ་ཞིག་ལ་ཞིབ་འཇུག་དཔྱད་རྩོམ་གྱི་ཚད་མཐོ་བོ་ཡིན་པ་བཅས་ལ་བལྟས་ཡོང་ན། རང་ཉིད་ཀྱི་ལྟ་ཚུལ་ལ་རིན་པོ་ཆེ་ཡི་གཟིགས་ཚུལ་ལ་བོད་ཀྱི་ཤེས་རིག་གི་སྤུས་ཚད་དེ་ཧ་ཅང་ཚད་མཐོ་བོ་ཡིན་པ་དང་། དེར་སློབ་སྦྱོང་བྱེད་མཁན་གྱི་སྡེ་ཆུང་ཆུང་ཞིག་གིས་མ་གཏོགས་ཤེས་ཀྱི་མེད་སྟབས། ཚད་མཐོ་བོའི་ཤེས་རིག་དེ་རྒྱ་ཁྱབ་ཏུ་དར་ཁྱབ་འགྲོ་ཐུབ་ཀྱི་མེད་པ། དེར་ངེས་པར་དུ་མཐུད་ཅིག་རྒྱག་དགོས་ཀྱི་ཡོད་ཅིང་། མཐུད་རྒྱག་རྒྱུ་དེ་ཛ་དྲག་ཡིན་པ། མཐུད་རྒྱག་མ་ཐུབ་ན་ཚད་མཐོ་བོའི་ཤེས་རིག་དེ་རྒྱུན་འཛིན་བྱ་ཐུབ་རྒྱུ་ཁག་པོ་ཡིན་པ་ཞིག་ལ་ངོས་འཛིན་གསལ་བོ་གནང་གི་ཡོད་པར་བརྗོད་བྱུང་།

ཡང་ཁོང་གིས་དཔལ་འབྱོར་དང་མཚན་སྙན་གྲགས་སོགས་ཀྱི་ཆེད་མང་པོ་ཞིག་གིས་བོད་པའི་རིག་གནས་ཕར་སྒྱུར་གྱི་ཡོད་ཀྱང་། རིན་པོ་ཆེའི་ཡི་སྐུ་ཚེ་ཧྲིལ་བོར་བལྟས་ཡོང་ན་ཕྱིའི་རིག་གནས་བོད་བསྒྱུར་བྱས་པ་ལས་ཕར་བསྒྱུར་གནང་མྱོང་མེད་སྐོར་དང་། སྐུ་ཚེ་ཧྲིལ་བོའི་ལངས་ཕྱོགས་ལ་བལྟས་ན་ཆབ་སྲིད་དང་གོ་གནས། ལུང་ཚན་ཆོལ་ཁ་སོགས་ཀྱི་འཐབ་རྩོད་རིགས་དང་ཁ་བྲལ་ཏེ། ཤེས་ཡོན་ཅན་ཞིག་དང་མཁས་པ་ཞིག་གི་ལངས་ཕྱོགས་རང་གི་ཐོག་ནས་མཛད་པ་འཕྲིན་ལས་བསྐྱངས་ཡོད་པ་ནི་རྗེས་རབས་པའི་ཤེས་ཡོན་ཅན་ཚོའི་མིག་དཔེར་བལྟ་ཡུལ་ཞིག་ཡིན་པར་བརྗོད་སོང་།

མཐའ་དོན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་མཇུག་སྡོམ་དང་འབྲེལ་རཀ་ར་རིན་པོ་ཆེ་ནི་རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུགས་པའི་མཁས་པ་བཙུན་བཟང་གསུམ་འཛོམས་པའི་མི་སྣ་ཞིག་ཡིན་པར་བརྗོད་སོང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

མཆན། 5

  1. གཡག says:
    ལོ་ 13 སྔོན།

    ཁོང་གིས་རཀ་ར་རིན་པོ་ཆེ་ལྟ་བུའི་མཁས་ཆེན་ཞིག་དགོངས་པ་རྫོགས་པར་བཙན་བྱོལ་གྱི་གསར་ཤོག་རླུང་འཕྲིན་སོགས་སུ་མཐོང་རྒྱུ་དཀོན་པའི་གནས་ཚུལ་དེ་ནི། “དེང་སང་བཙན་བྱོལ་སྤྱི་ཚོགས་གཞུང་སྒེར་དང་བཅས་པར་བཟང་པོ་དང་ངན་པ་ལ་དབྱེ་བ་མེད་པ། མི་མཁས་པ་གྲོངས་ན་ཕངས་སེམས་མེད་པ། ཁྲམ་པ་དང་བཟང་བརྫུ་མཁན། ངོ་དགའ་སྤྲེལ་ལད་མཁན་པོ། སྲིད་རྒལ་མཁན། ཁ་རུལ་མཁན། མགོ་བདེ་དྲན་འཁྲུལ་རིགས་ལ་ཆ་འཇོག་ཡོད་པ། མཁས་པའི་མི་ལ་བྱ་དགའ་གཟེངས་བསྟོད་བྱེད་སྲོལ་མེད་པའི་སྙིགས་མའི་སྤྱི་ཚོགས་འདི་འདྲ་ནི་བློ་ཕམ་གྱི་རང་བཞིན་ཞིག་རེད། མི་སྡེ་སྤྱི་ཚོགས་ཤིག་ཀླ་ཀློ་ཡིན་དང་མིན་གྱི་ཁྱད་པར་ནི་གནའ་བོའི་རྗེས་ཤུལ་རིག་གཞུང་དང་ལོ་རྒྱུས་ཡོད་མེད་པ་ཐུག་ཡོད་པ་རེད” ཅེས་སོགས་བརྗོད་སོང་།
    ཚགས་པ་ཐོག་འཁོད་མེད་ན་ཚགས་པ་ཐོག་འགོད་རོགས་ཟེར་ན་མ་འགྲིག་པ་གང་ཡོག་རེད།
    ཁོ་ཁྲོ་ལངས་ནས་བཤད་ན་སུ་ཉན་གྱིས་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    རཀ་ར་རིན་པོ་ཆེའི་བཀའ་དྲིན་བསམ་ཤེས་བྱེད་མི་ཐུབ་པ་འདི་ནི། སློབ་དཔོན་རིན་པོ་ཆེས། བོད་ལ་ཡག་པོ་བྱས་ན་ཡག་པོ་ཡིན་པ་མི་གོ་།ཞེས་གསུངས་པ་དང་གཅིག་མཚུངས་སུ་མཐོང་ལགས།

    Reply
  3. གཉན་མི། says:
    ལོ་ 13 སྔོན།

    བོད་ཀྱི་ལོ་རྒྱུས་ནང་གི་རྒྱབ་ལྗོངས་ཆེན་པོ་གཉིས་ཏེ་་་་་བླ་སྤྲུལ་གྱི་མིང་དང་་་སྐུ་དྲག་གི་ཐོབ་ཡོད་པའི་རིགས་སུ་གཏོགས་པའི་རཀ་ར་རིན་པོ་ཆེ་ཞེས་པ་མཇལ་མ་མྱོང་ཡང་་ཁོང་གི་ཚབ་མཚོན་བརྩམས་ཆོས་རེ་ལ་ལྟ་མྱོང་།
    གང་ལྟར་སྐབས་དེའི་བབ་ལ་ལྟོས་ནས་སློབ་གཉེར་གནང་རྒྱུའི་གོ་སྐབས་ཐོབ་མྱོང་མཁན་ཞིག་དང་་དེ་ལ་དང་དོད་ཡོད་མཁན་ཞིག་ནི་ཡིན་འདུག དོན་དམ་གྱིས་མཁས་པ་ཞིག་ཡིན་ན་སློབ་མ་ཚད་ལྡན་དང་་་ཡང་ན་་་བརྩམས་ཆོས་ཚད་ལྡན་དགོས་པ་རེད།
    སུ་ཞིག་ལ་རྗེས་དྲན་བྱེད་འདོད་ཡོད་མཁན་དག་གིས་རྗེས་དྲན་བྱེད་ཡུལ་དེའི་མངོན་གསལ་མི་གསལ་གྱི་ཡོན་ཏན་དང་བྱས་རྗེས་གབ་པ་མངོན་བྱུང་དང་་་རྒྱས་གླེང་བྱེད་དགོས་པ་རེད།
    རྗེས་དྲན་བྱེད་ཡུལ་དེ་བེད་སྤྱད་ནས་སྤྱི་ཚོགས་ལ་ཟུར་ཟ་བྱ་དོན་གང་ཡང་མེད། སྤྱི་ཚོགས་ལ་ཁོ་མ་དགོས་པ་དེ་་་ཁོ་རང་ལ་སྤྱི་ཚོགས་དེ་མ་དགོས་པའི་གསང་བའི་རྒྱུ་མཚན་རེ་ལ་འབྲེལ་བའང་ཡོད། གང་ལྟར་་་མཐའ་དག་དེ་བཞིན་ནོ།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ མི་ལོ་ ༥༢ རིང་སུད་སིར་རྟེན་གཞི་གནང་ཡང་ཡུལ་མིའི་མི་སེར་ཐོ་བསྒྱུར་མ་བྱས་པར་མཐར་བོད་པ་རང་བྱས་ཏེ་སྐུ་ཚེ་རྫོགས་ཡོད་སྐོར་དང་།
    མདོ་སྔགས་རིག་གནས་སྒྱུ་རྩལ་དང་བཅས་པའི་མཁས་པའི་ཡང་རྩེ་རཀ་ར་རིན་པོ་ཆེ་རྗེས་དྲན་ཞུ་བ་ཞེས་པའི་རྗེས་དྲན་ཆ་ཚང་གཞན་སུ་གང་ལ་ལས་འཁྲིས་འགན་འཁུར་མེད་པར་མི་ལོ་ ༣༢ རིང་རིན་པོ་ཆེར་འབྲེལ་འདྲིས་ཡོད་པའི་ཉམས་མྱོང་གཞིར་བཞག་ཁོང་རང་ཉིད་ཀྱི་ལྟ་ཚུལ་དང་བསམ་ཚུལ་ཁོ་ན་ཡིན་སྟབས།
    མ་འགྲིག་མ་བྱུང་པ་ཅི་ཡོད་ཀྱི་འཁུར་གང་ཡོད་ཆ་ཚང་རྒྱབ་རྟེན་བཀའ་གཉན་བཙན་གསུམ་གང་ཡང་མེད་པའི་བོད་མི་ཉམས་ཆུང་བཀྲ་ཤིས་ཚེ་རིང་གི་མགོ་ཐོག་ཏུ་འགེལ་རོགས་ཞེས་བརྗོད་སོང་། ་་་་་་ཟེར།

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    ཨ་ཤུ་རེ་ཁོ། ཉིན་འགར་དྷ་སར་བསྡད་ཡོན་ན་ཏག་ཏག་ཡིན། མཁས་དབང་འདས་པོ་མཆོག་གི་དགོངས་རྫོགས་དུས་དྲན་ལ་ཞུགས་རྒྱུ་མ་བྱུང་བར་བློ་ཕམ།
    ང་ཡང་སྔོན་ཆད་ས་རཱ་མཐོ་སྟོབ་ཏུ་སློབ་གཉེར་སྐབས་དམ་པ་ཁོང་གི་གནས་བརྒྱད་རྩ་འགྲེལ་དང་སྤྲིན་གྱི་ཕོ་ཉ་གཉིས་འཆད་ཁྲིད་གནང་སྐབས་དེར་ཉན་རྒྱུའི་སྐལ་བ་ཐོབ་པ་རེད།
    སྐབས་དེར་ཁོང་གིས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྐོར་སྤྱི་དང་། དགོས་སུ་དགེ་ཆོས་ཀྱིས་ཁོང་ལ་སྙན་ངག་ཁྲིད་སྐབས་མེ་ལོང་མའི་དཔེར་བརྗོད་ལ་འགྲེལ་ཚུལ་དམིགས་བསལ་ཡོད་ཚུལ་སོགས་ཉིན་མང་པོར་འཆད་ཁྲིད་གནང་མོད། ད་ལྟ་ངའི་དྲན་ངོས་སུ་སབ་སུབ་རེ་དང་། ཁ་ཚང་བ་རེ། ཤོད་ཟེར་ན་བཤད་རྒྱུ་འདི་ཡིན་མེད་པ་རེ་མ་གཏོགས་མི་འདུག་པ་སྐྱོའང་།
    གང་ལྟར་མཁས་དབང་བཀྲ་ཚེ་མཆོག་གིས་འདས་པོ་མཁས་དབང་རཀ་ར་མཆོག་གི་དགོངས་རྫོགས་རྗེས་དྲན་འདུ་ཚོགས་བསྐངས་པར་བཀྲ་དྲིན་ཆེ་ཞུ་རྒྱུ་དང་། དེར་གཏམ་བཤད་གནང་མཁན་ཀརྨ་སྨོན་ལམ་ལགས་དང་བདག་གི་བཀུར་འོས་པའི་ལོ་རྒྱུས་སློབ་དཔོན་ཆེན་མོ་དགེན་བསོད་ནམས་ལགས། ཆུང་ཚེ་རིང་ལགས་སོགས་ལའང་ཞོར་ནས་བཀའ་དྲིན་ཆེ་ཞུའོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese