ཉེ་ཆར་ཕྱི་ཟླ་ ༥ ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱིས་རྒྱ་ནག་གི་གསང་མྱུལ་བ་སྤེན་པ་ཚེ་རིང་ཟེར་བ་ཞིག་གིས་བཙན་བྱོལ་ནང་དྲག་སྤྱོད་ལས་འགུལ་སྤེལ་འཆར་སྐབས། བོད་མི་གཞོན་སྐྱེས་བཀྲ་ཤིས་རྒྱལ་མཚན་དང་ཀརྨ་ཡེ་ཤེས་གཉིས་ཀྱིས་འཛིན་བཟུང་གིས་བདེ་སྲུང་ལ་སྤྲད་རྗེས་ཀཱང་ར་རྫོང་གི་ཉེན་རྟོག་པར་རྩིས་སྤྲོད་བྱས་ཡོད་སྐོར་གསལ་བསྒྲགས་བྱས་ཡོད་ཅིང་། གནས་ཚུལ་ཁ་གསལ་མིན་དང་ཕྱི་བསྒྲགས་ཀྱི་གོ་རིམ་བཅས་ལ་ཡིག་ངག་གཉིས་ཐོག་ནས་དོགས་འདྲི་སྣ་ཚོགས་བྱུང་སྟབས། འདི་གའི་གསར་འགོད་པས་སྤེན་པ་འཛིན་བཟུང་བྱེད་མཁན་བཀྲ་ཤིས་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་ཡོད།
དྲི་བ། ཐོག་མར་ཁྱོད་ཀྱིས་སྤེན་པ་ཚེ་རིང་ཇི་ལྟར་ངོ་ཤེས་པ་ངོ་སྤྲོད་ཅིག་གནང་རོགས།
ལན། ཀརྨ་ཡེ་ཤེས་དང་ངེད་གཉིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢ ཉིན་རྒྱ་གར་ལ་འབྱོར་ཏེ། ཟླ་ ༤ པའི་ཚེས་ ༡ ཉིན་གསོག་སྒར་སློབ་གྲྭར་ཐོ་བརྒྱབ་པ་ཡིན། ང་རང་ཉལ་ཁང་ཨང་ ༡༦ རེད། སྤེན་པ་ཚེ་རིང་སྔོན་མ་ཉལ་ཁང་ཨང་ ༡༦ ཡིན་ས་རེད། ང་འབྱོར་སྐབས་ཁོ་གསོག་སྒར་ནང་མི་འདུག མཚམས་རེར་ཁོ་དང་གྲོགས་པོ་འགའ་རེ་གསོག་སྒར་དུ་ཡོང་སྟེ་ཉལ་ཁང་ ༡༦ ནང་ལྟ་ཙམ་རེ་བྱེད་ཀྱི་འདུག ཐེངས་ཤིག་ཁོས་ང་ལ་ཕ་ཡུལ་གང་ནས་ཡིན་ལབ་སོང་། ངས་ཕ་ཡུལ་འབྲི་རུ་ནས་ཡིན་ལབ་སྐབས། ཨ་ལེ། ངེད་གཉིས་ཕ་ཡུལ་ཆ་རེད་ལབ་སོང་། སྤྱིར་བཏང་ཁོས་མི་ཚང་མར་ཕ་ཡུལ་ཆ་རེད་ལབ་ཀྱི་ཡོད་ས་རེད། གསོག་སྒར་ནང་གི་མི་དེ་ཚོས་སྤེན་པ་བདེ་སྲུང་ནང་ལས་ཀ་བྱེད་ཀྱི་ཡོད་པ་རེད་ལབ་ཀྱི་འདུག ཁོས་ང་ལ་ཁ་པར་གྱི་བྱང་བུ་ཞིག་བཟོ་རོགས་བྱས་སོང་། ཡིག་ཆ་དང་ལག་ཁྱེར་སོགས་ག་རེ་བཟོ་དགོས་ན་ངས་རོགས་པ་བྱེད་ཆོག་ལབ་སོང་། ང་སློབ་གྲྭ་ནས་ཟླ་བ་ཁ་ཤས་བསྡད་རྗེས་ཕྱི་ལོགས་སུ་ཐོན་པ་ཡིན། དེའི་རྗེས་སུ་སྤེན་པས་ནམ་རྒྱུན་ང་ལ་འབྲེལ་བ་བྱས་ཡོང་གི་འདུག
དྲི་བ། སྤེན་པ་ཚེ་རིང་གིས་ཁྱེད་གཉིས་ལ་དུག་ལྡུད་རྩིས་བྱས་པ་རེད་ཟེར་བ་དེ་ག་དུས་ཇི་ལྟར་བྱས་པ་རེད།
ལན། ད་ལོའི་ཟླ་བ་དང་པོའི་ནང་ངའི་གྲོགས་པོ་ཀརྨ་ཡེ་ཤེས་ཡུ་རོབ་ལ་འགྲོ་རྒྱུ་གཏན་ཁེལ་ཡོད་པ་རེད། སྐབས་དེར་ལྡི་ལིར་ལས་འགུལ་ཆེན་པོ་ཞིག་སྤེལ་གྱི་འདུག སྤེན་པས་ང་རཱ་རྗི་སི་ཐན་(Rajasthan)ལ་ཚོང་རྒྱག་ཏུ་ཕྱིན་པ་ཡིན་ཟེར་ནས་ལྡི་ལིར་བསླེབས་འདུག དོན་དངོས་ཐོག་ཁོ་རང་སྐབས་དེར་བལ་ཡུལ་དུ་སོང་བ་ཡིན་ས་རེད། ང་ལས་འགུལ་ནང་ཞུགས་རྒྱུ་དང་ཀརྨ་ཡེ་ཤེས་སྐྱེལ་རྒྱུ་བཅས་ལ་ལྡི་ལིར་ཡོང་གི་ཡིན་ལབ་ཡིན། སྤེན་པས་ཀརྨ་ཡེ་ཤེས་ག་དུས་ཕར་འགྲོ་གི་ཡོད་ཅེས་དྲིས་སོང་། སྟབས་ཡག་པ་ཞིག་ལ་ངས་ཁོ་ལ་ད་དུང་ཟླ་བ་གཅིག་ཙམ་འགོར་ས་རེད། ལྡི་ལིར་ཡོང་ནས་ཡིག་ཆ་ཞིག་བཟོ་དགོས་ཀྱི་འདུག་ལབ་ཡིན།
ཕྱི་ཟླ་ ༡ ཚེས་ ༢༡ ཉིན་ངས་ང་རང་གི་རླངས་འཁོར་བཏང་སྟེ་ལྡི་ལིར་སོང་བ་ཡིན། སྤེན་པས་ང་ལ་ཛམ་བྷ་ལ་མགྲོན་ཁང་དུ་ཁང་པ་མངགས་འདུག ཁོ་རང་ཏཱ་ར་མགྲོན་ཁང་ནང་བསྡད་འདུག ཁོ་ལ་རོགས་པ་xxxxདང་། གཞན་ཕོ་གསར་ཆ་མེད་ཅིག་འདུག སྐབས་དེར་ཁོའི་ལག་ཏུ་དུག་སྣ་ཁ་གཉིས་ཡོད་པ་རེད། དེའི་ཕྱི་ཉིན་ང་ཚོ་ལྡི་ལི་གསར་པར་ངའི་རླངས་འཁོར་ཞིག་གསོ་བྱེད་དུ་སོང་ཡིན། ཉིན་གུང་ཡོལ་ཙམ་ལ་སྤེན་པས་ང་གནམ་ཐང་ལ་མི་ཞིག་བསུ་རུ་འགྲོ་དགོས། བལ་ཡུལ་ནས་ཅ་ལག་ཅིག་བསྐུར་ཡོང་གི་ཡོད་ཟེར་ནས་ཕྱིན་སོང་། ཕྱི་དྲོར་ང་ཚོ་ཕྱིར་མ་ཅཱིང་ཊེ་ལར་འབྱོར་སྐབས་སྤེན་པ་ཡང་ཕྱིར་བསླེབས་འདུག ཉིན་དེར་ང་རང་ཏཱ་ར་མགྲོན་ཁང་གི་ཁང་མིག ༤༠༥ ནང་ལ་སྤོར་ཡོད། སྤེན་པ་འོག་གི་ཁང་མིག ༡༠༤ ནང་བསྡད་ཡོད། དགོང་མོ་དེར་ཀརྨ་ཡེ་ཤེས་ཀྱིས་ང་ལ་ཁོང་ཁྲོ་ཞིག་བསླངས་ཡོད་སྟབས། ང་ཚོ་མཉམ་དུ་བསྡད་དེ་ཟ་མ་སོགས་བཟའ་རྒྱུ་བྱུང་ཡོད་པ་མ་རེད། དེ་ང་ལ་ལམ་འགྲོ་བྱུང་བ་རེད། དགོང་མོ་དེར་སྤེན་པའི་ལག་ཏུ་དུག་གསུམ་པ་དེ་རག་བསྡད་ཡོད་པ་རེད།
ཕྱི་ཉིན་ཞོགས་པ་སྔ་པོ་ང་ཡར་ལངས་ཏེ་སི་ཊི་ཝོ་ཁུ་ (City Walk) ལ་སོང་ཡིན། ཉིན་གུང་ཙམ་ལ་སྤེན་པས་ཁ་པར་བསླེབས་ཏེ་ང་སི་ཊི་ཝོ་ཁུ་ན་ཡོད་པ་ཧ་གོ་རྗེས་ཁོ་ཚོ་ཡང་བསླེབས་སོང་། སྐབས་དེར་ང་ཚོ་རོགས་པ་མི་ ༦ ཙམ་ཡོད། དེའི་རྗེས་ང་ཚོ་ (C.P )ལ་འགྲོ་སྐབས་xxxxཀྱིས་ང་ལ། སྤེན་པས་ཆུ་སོགས་སྤྲད་ན་མ་འཐུང་ཨཱ་ལབ་སོང་། ག་རེ་རེད་ལབ་ཡིན། ཅུང་ཙམ་རྗེས་ལ་བཤད་དགོས་ལབ་སོང་། དེ་ནས་ང་ཚོ་ (C.P) ལ་བསླེབས་སོང་། གྱོན་ཆས་བཙོང་སའི་ནང་སྐོར་བ་བརྒྱབ་ཡིན། མཚམས་ཤིག་ལ་ངས་xxxxལོགས་སུ་ཁྲིད་དེ་ཁྱོད་ཀྱིས་ག་རེ་ལབ་པ་ཡིན་དྲིས་སྐབས། སྤེན་པའི་ཁྱོད་རང་གཉིས་ལ་དུག་སྤྲད་དེ་གསོད་རྩིས་བྱེད་ཀྱི་འདུག་ལབ་སོང་། ང་ཧང་སང་སོང་། སྤྱིར་བཏང་ང་ལ་ཕ་ཡུལ་ནས་དོན་དག་ཆེན་པོ་བྱུང་མྱོང་ཡོད། ཡིན་ནའང་དངུལ་ཕོན་ཆེན་པོ་ཚབ་སྟེ་ནང་འགྲིག་བྱུང་ཚར་ཡོད་པ་རེད། གནས་ཚུལ་དེ་ལ་འབྲེལ་བ་ཡོད་པ་དེ་འདྲ་ཡིན་རྒྱུ་མ་རེད་བསམ་སོང་། ང་ཁོང་ཁྲོ་ཆེན་པོ་ལངས་སོང་།
ཉི་མ་དེའི་སྔར་ཉིན་སྤེན་པས་ཁོའི་རོགས་པ་xxxxལ། བཀྲ་ཤིས་རྒྱལ་མཚན་དང་ཀརྨ་ཡེ་ཤེས་གཉིས་རྒྱ་མིའི་གསང་མྱུལ་བ་རེད། ཁོ་གཉིས་ལ་དུག་སྤྲད་དེ་གསོད་དགོས་པ་རེད་ལབ་འདུག བལ་ཡུལ་ནས་ཡོང་བའི་མི་དེས་དུག་དང་དུག་ལྡུད་བྱེད་ཀྱི་ཅ་ལག་ཚང་མ་སྤྲད་ཡོད་པ་xxxxལ་བསྟན་འདུག ཉིན་དེའི་ཞོགས་པར་xxxxཀྱིས་ངའི་རོགས་པ་ཀརྨ་ཡེ་ཤེས་ལ་ལྐོག་ནས་རོབ་ཙམ་ལབ་ཚར་ཡོད་ས་རེད། ངས་དེ་དུས་བར་ཧ་གོ་ཡོད་པ་མ་རེད། དེ་ནས་ང་ཚོ་ཕྱིར་ལོག་རྩིས་བྱེད་སྐབས་སྤེན་པས་མེ་ཊོར་(Metro)ནང་མི་འགྲོ་ལབ་ནས་ང་ཚོས་རླངས་འཁོར་གླས་ཏེ་ཡོང་བ་ཡིན། ཁོའི་ལག་ཏུ་དུག་ཡོད་པ་མེ་ཊོར་འབབ་ཚིགས་ཀྱི་ཉེན་རྟོག་པས་ཧ་གོ་ཡོང་གི་རེད་བསམ་ཡིན་རྒྱུ་རེད།
ཉིན་དེའི་དགོང་མོའི་ཆུ་ཚོད་ ༦ པ་ཙམ་ལ་ཨ་མ་མགྲོན་ཁང་དུ་ངའི་ངོ་ཤེས་ཤིག་གིས་ཆང་ས་རྒྱག་གི་ཡོད་པ་རེད། དེའི་སྟེང་ཀརྨ་དང་ངེད་གཉིས་གཞི་ནས་སྐད་ཆ་བཤད་རྒྱུ་རག་པ་རེད། དེ་བར་ངེད་གཉིས་གཅིག་པུ་ཁ་བརྡ་བྱེད་རྒྱུ་རག་ཡོད་པ་མ་རེད། དེ་ནས་ངེད་གཉིས་གྲོས་བྱས། ཀརྨ་ཡེ་ཤེས་ཀྱིས་ངེད་གཉིས་ལ་གསང་བ་ཤོད་མཁན་xxxx ཁང་པ་གཞན་ཞིག་ཏུ་ཁྲིད་སོང་ནས་སྤེན་པས་ངེད་གཉིས་ལ་དུག་ལྡུད་རྩིས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཡང་བསྐྱར་བཤད་བཅུག་སྟེ་བརྙན་ལེན་རྒྱུ་བྱས་པ་ཡིན། རྗེས་སུ་བརྙན་དེ་གསལ་བོ་གཅིག་ཀྱང་ཐེབས་མི་འདུག སྤེན་པས་དགོང་མོ་དེར་ང་ཚོས་སྐྱིད་པོ་བཏང་ནས་འདུག་དགོས་ལབ་སོང་། ངས་དོ་དགོང་འདུག་རྒྱུ་མིན། རྗེས་མ་ཞིག་ལ་འདུག་དགོས་ལབ་སྟེ་ང་ཚོ་རང་རང་སར་ཉལ་དུ་ཕྱིན་པ་ཡིན། དགོང་མོ་དེར་ཀརྨ་ངེད་གཉིས་གྲོས་བྱས་ཏེ་ཕྱི་ཉིན་ཞོགས་པར་ཡང་བསྐྱར་xxxx ལ་སྤེན་པས་ངེད་གཉིས་ལ་དུག་ལྡུད་རྩིས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཆ་ཚང་བཤད་བཅུག་སྟེ་ང་རང་གིས་བརྙན་བླངས་པ་ཡིན།
དྲི་བ། གནས་ཚུལ་དེ་དག་ཧ་གོ་བའི་རྗེས་ལ་ཁྱེད་གཉིས་ཀྱིས་སྤེན་པ་ཇི་ལྟར་འཛིན་བཟུང་བྱས་པ་ཡིན།
ལན། ཟླ་ ༡ ཚེས་ ༢༤ ཉིན་གྱི་ཉིན་གུང་ངས་སྤེན་པ་འཛིན་རྒྱུ་གྲ་སྒྲིག་བྱས་པ་ཡིན། སྤེན་པ་རྒྱ་ནག་གི་དམག་མི་ཡིན་དུས་རྩལ་འདྲ་མིན་སྟོན་རྒྱུ་རེད་དྲན་སོང་། ང་རང་གིས་གྲ་སྒྲིག་ཡག་པོ་བྱས་ཡོད། ཉིན་གུང་ངའི་ཉལ་ཁང་དུ་ཁ་ལག་གྲ་སྒྲིག་བྱས་ཏེ་ང་ཚོ་ཚང་མས་མཉམ་དུ་ཁ་ལག་ཟ་ཞོར་དུ་བརྙན་བླངས་ཡོད། ཁ་ལག་ཟོས་ཚར་རྗེས་ངས་སྒོ་བརྒྱབ་སྟེ་སྤེན་པ་ལ། ཁྱོད་ཀྱིས་ང་ལ་ག་རེ་བྱེད་རྩིས་ཡོད་ཅེས་ལབ་ཡིན། སྤེན་པས། ཨཱ། ངེད་གཉིས་སྤུན་རྒྱ་ ‘ཟླ’ རེད་དཱ་ལབ་སོང་། དེ་ལབ་དགོས་པའི་རྒྱུ་མཚན་སྔོན་མ་ཁོས་ང་ལ་ངེད་གཉིས་སྤུན་རྒྱ་རེད་ལབ་ཡོད་པ་རེད། ངའི་རུས་རྒྱུད་ཚང་མ་ཁོས་ཧ་གོ་འདུག ཁྱོད་རང་གིས་ཡག་པོ་བྱས་ཏེ་ཁས་ལེན་བྱོས། ངས་གནས་ཚུལ་ཆ་ཚང་ཧ་གོ་ཡོད་ལབ་སྐབས། ཁོས་གཞི་ནས་ཁས་ལེན་བྱས་སོང་། སྐབས་དེར་ང་ཚོ་མི་ ༥ ཡོད། སྤེན་པས་རྒྱ་མི་ལིའི་ཊོན་(ལིའི་གཡུས་ཆོན)གྱིས་བཀྲ་ཤིས་རྒྱལ་མཚན་དང་ཀརྨ་ཡེ་ཤེས་གཉིས་གསོད་དགོས་ལབ་སོང་། དང་པོ་བཀྲ་ཤིས་རྒྱལ་མཚན་ལ་མགོ་སྐོར་བཏང་སྟེ་བལ་ཡུལ་ནང་འཁྲིད་ཤོག་ལབ་སོང་ཟེར། དེ་བདེན་པ་ཡིན་ས་རེད། ཁོས་སྔོན་མ་ངས་ཁྱོད་ལ་རྒྱ་གར་གྱི་ལག་ཁྱེར་བཟོ་དགོས། དེ་ནས་ངེད་གཉིས་བལ་ཡུལ་དུ་ཚོང་རྒྱག་ཏུ་འགྲོ་དགོས་ཞེས་ལབ་མྱོང་ཡོད།
སྤེན་པས་ད་དུང་། ཐེངས་གཉིས་པ་བལ་ཡུལ་དུ་སོང་དུས་ལིའི་གཡུས་ཆོན་གྱིས་དུག་དེ་ང་ལ་སྤྲད་སོང་། ང་ཚོ་ཚང་མ་ཉེན་རྟོག་པ་རེད། མི་སྡུག་ཅག་དེ་འདྲ་ཐར་བ་གཏོང་རྒྱུ་ཡོད་པ་མ་རེད་ལབ་སོང་། དེ་ནས་ངས་ཁས་བླངས་ཏེ་དུག་དེ་ལ་བརྟག་དཔྱད་བྱས་པ་ཡིན། དང་པོ་བྱ་ཞིག་ལ་སྤྲད་ཡིན། བྱ་དེ་ལམ་སང་ཤི་སོང་། དེ་ནས་ཁྱི་ཞིག་ལ་སྤྲད་སྐབས་ཆུ་ཚོད་གཅིག་ཙམ་རྗེས་ཁ་སྣ་ནས་ཁྲག་ཐོན་ཏེ་ཤི་སོང་། ངས་ཁོ་བསད་ཚར་རྗེས་ང་རང་ག་རེ་བྱེ་དགོས་ཞེས་དྲིས་སྐབས། ཁོ་གཉིས་བསད་རྗེས་ལམ་སང་སྐད་འཕྲིན་(wechat)གསར་པ་ཞིག་བཟོས་ཏེ་ང་ལ་འབྲེལ་བ་བྱོས། གསང་མྱུལ་པ་གཉིས་པས་ཁྱོད་རང་སྐྱོབ་གི་རེད་ལབ་སོང་། ཁ་སང་བལ་ཡུལ་ནས་ཡོང་བའི་མི་དེ་ལ་ཐུག་སྐབས། གློག་ཀླད་ནང་གི་འཕྲིན་ཐུང་ལ་ལྟོས་ལབ་སོང་། ངས་འཕྲིན་ཐུང་ལ་ལྟ་སྐབས་ “ཁྱོད་རང་གིས་བསམ་བློ་མང་པོ་མ་གཏོང་། དུག་མིང་ ‘ཐན་ཌོ’ ཡིས་ཁོ་གཉིད་ཁུག་པ་ལྟར་འགྲོ་བཞག་གི་རེད། ཁྱོད་ལ་དཀའ་ངལ་ཁྱོན་ནས་མེད། ནམ་རིང་ན་རྨི་ལམ་མང” ཞེས་སོགས་བྲིས་འདུག་ཟེར། ང་བསད་ཚར་མ་ཐག་ཨཱར་ཧྭོ་ “རུ་ཁག་གཉིས་པ” བསླེབ་ཡོང་གི་རེད་ལབ་སོང་། དེ་ནས་ངས་ད་དུང་གསང་མྱུལ་བ་གཞན་པ་ཞིག་ཀྱང་འཛིན་ཐུབ་ས་རེད་བསམ་སོང་། ཏོག་ཙམ་ཞེད་སྣང་ཡང་སྐྱེས་སོང་།
དྲི་བ། ཀརྨ་དང་ཁྱེད་གཉིས་ཀྱིས་སྤེན་པ་འཛིན་བཟུང་བྱས་རྗེས་བདེ་སྲུང་ལ་ཇི་ལྟར་རྩིས་སྤྲོད་བྱས་ཡོད་དམ།
ལན། དེ་ནས་ངས་སྤེན་པ་ལ། ཁྱོད་བདེ་སྲུང་ལ་སྤྲོད་དགོས་སམ་རྒྱ་གར་ཉེན་རྟོག་པར་སྤྲོད་དགོས་ལབ་ཡིན། ཁོས་བདེ་སྲུང་ལ་སྤྲོད་རོགས་ལབ་སོང་། ང་བདེ་སྲུང་ལ་འབྲེལ་བ་བྱེད་ས་མི་འདུག ཡང་བསྐྱར་ཁོ་ལ་དྲིས་ཏེ་ཁ་པར་ཨང་གྲངས་ཤིག་རག་སོང་ཡང་དེ་ལེན་མཁན་མི་འདུག དེ་ནས་ངྷ་རམ་ས་ལའི་རོགས་པ་སྐུ་ཤོག་ཅིག་ལ་ཁ་པར་བཏང་སྟེ་བདེ་སྲུང་ལས་ཁུངས་ལ་མངགས་པ་ཡིན། ཉི་མ་དེའི་ཕྱི་ཉིན་འཕྱི་བོ་ཙམ་ལ་གཞི་ནས་བདེ་སྲུང་དྲུང་ཆེ་དངོས་གྲུབ་རྡོ་རྗེ་དང་ཀརྨ་རིན་ཆེན་གཉིས་འབྱོར་སོང་། ངས་གནས་ཚུལ་ཆ་ཚང་ཞུས་ཏེ་ད་ཁྱེད་རང་ཚོར་རྩིས་སྤྲོད་བྱས་པ་ཡིན། ཁྱོད་ཚོས་ལས་ཀ་ཡག་པོ་བྱས་ན་གསང་མྱུལ་བ་གཉིས་པ་ཞིག་ཀྱང་འཇུ་ཐུབ་ས་རེད་ལབ་ཡིན། ཀརྨ་རིན་ཆེན་གྱིས། ཞེ་དྲག་ཞེ་དྲག་བྱེད་ཡ་ཡོད་པ་མ་རེད། བོད་ནང་དང་འདི་གཉིས་འདྲ་གི་མ་རེད་ལབ་སོང་། ང་སེམས་པ་ཞེ་དྲག་ཕམ་སོང་། དེ་ནས་ངས་ཀརྨ་རིན་ཆེན་ལ། ང་ཁྱོད་ལ་ཡིད་ཆེས་མེད། ང་ཐོག་མ་རྒྱ་གར་ནང་འབྱོར་སྐབས། ང་ལ་ཚིག་ཐོ་ལེན་མཁན་ཀརྨ་རིན་ཆེན་རེད། ང་ཡོང་ལུགས་ཡོང་སྟངས་ཆ་ཚང་དྲང་མོར་བཤད་སྐབས། ཁོས་ང་ལ་ཁྱོད་ཀྱིས་སྙན་ཞུ་ཞིག་ཕྲིས་ཤོག་དང་། ཁྱོད་ཆབ་སྲིད་བཙོན་པའི་ནང་གཏོང་ཐབས་བྱེད་དགོས་ལབ་སོང་། ངས་རྗེས་སུ་སྙན་ཞུ་ཞིག་བྲིས་ཀྱང་ལན་གང་ཡང་འབྱོར་མ་སོང་།
སྐབས་དེར་ངའི་རོཊ་པ་ཀརྨས་བརྙན་(video)ལེན་རྒྱུ་ཡིན་ལབ་སྐབས། ཀརྨ་རིན་ཆེན་གྱིས་བརྙན་མ་ལེན་ལབ་སོང་། ང་ཚོས་བརྙན་ལེན་དང་མི་ལེན་གྱི་རྙོག་དྲ་ཞིག་བྱུང་སྐབས་ངའི་རོགས་པ་ཁོང་ཁྲོ་ལངས་ཏེ་ཅོག་ཙེ་སྒང་ལ་ཁུ་ཚུར་ཞིག་གཞུས་སོང་། ངས་ཁོ་རང་གི་ལག་པར་འཇུས་ཡིན། དེ་ལྟར་ཟ་ངེ་ཟེང་ངེ་ཞིག་ཆཊ་པའི་བར་ནས་ཀརྨ་རིན་ཆེན་དང་དངོས་གྲུབ་རྡོ་རྗེ་གཉིས་བྲོས་ཚར་འདུག སྒོ་ཕྱི་ལོགས་ནས་བརྒྱབ་འདུག ཀརྨ་རིན་ཆེན་གྱི་བདེ་སྲུང་ལས་བྱེད་ཀྱི་ངོས་འཛིན་ལག་ཁྱེར་ཡང་གཡུགས་ཏེ་བྲོས་འདུག དགོང་མོ་དེའི་ཆུ་ཚོད་ ༡༢ ཙམ་ལ་ངའི་རོགས་པ་ཀརྨ་ཡེ་ཤེས་ཡུ་རོབ་ལ་འགྲོ་དགོས་ཀྱི་ཡོད་པ་རེད། སྐབས་དེར་ཆུ་ཚོད་ ༡༠ ཙམ་ཟིན་འདུག དེ་ནས་ངས་ཡར་མར་ལ་ཁ་པར་བཏང་སྟེ་སྒོ་ཕྱེ་ཐུབ་པ་བྱུང་སོང་། མ་གཞི་ངས་ཁོ་རང་གནམ་ཐང་ལ་སྐྱེལ་དགོས་དྲན་ཡོད་ཀྱང་གནས་ཚུལ་དེའི་དབང་གིས་སྐྱེལ་ཐུབ་མ་སོང་། ང་ལ་མིག་ཆུ་ཤོར་སོང་། ཀརྨ་ངེད་གཉིས་མི་ཚེའི་ནང་གི་གྲོགས་པོ་ཡག་ཤོས་ཡིན། ཡིན་ནའང་དོ་ནུབ་ཀརྨ་འགྲོ་ཐུབ་མིན་དོགས་པ་རེད། གང་ཡིན་ཟེར་ན། ཀརྨ་ཡུ་རོབ་ལ་འགྲོ་རྒྱུར་ཡིག་ཆ་བཟོ་རོགས་བྱེད་མཁན་སྤེན་པ་རེད།
ཕྱི་ཉིན་ཀརྨ་རིན་ཆེན་གྱིས་ཁ་པར་བསླེབས་ཏེ། ང་ཚོས་ཇུས་གཏོགས་བྱེད་ཐུབ་ཀི་མ་རེད་ལབ་སོང་། ད་ང་ལ་ཐབས་ཤེས་མི་འདུག རྒྱ་གར་ཉེན་རྟོག་པར་སྤྲོད་དགོས་བསམ་སོང་། ཡིན་ནའང་ངས་རྒྱ་གར་སྐད་ཤེས་ཀྱི་ཡོད་པ་མ་རེད། དེ་ནས་ངས་གཞོན་ནུ་ཚོགས་པར་རྩིས་སྤྲོད་དགོས་བསམ་སྟེ། གྲོགས་པོ་ཞིག་ལ་ཁ་པར་བཏང་བ་ཡིན། མཚམས་ཤིག་ལ་གཞོན་ནུའི་རིག་གཞུང་འགན་འཛིན་དཀོན་མཆོག་ཡར་འཕེལ་བསླེབས་སོང་། ངས་ཁོ་ལ་རྒྱུ་མཚན་ཆ་ཚང་བཤད་སྐབས་བདེ་སྲུང་ལ་ཞུས་ཚར་ཡོད་ན་ང་ཚོས་ཉར་ཆོག་གི་མ་རེད་ལབ་སོང་། དེ་ནས་ཡང་བསྐྱར་བདེ་སྲུང་བཀའ་བློན་ལ་འབྲེལ་བ་མི་བྱེད་ཐབས་མེད་རེད། མཐའ་མར་བདེ་སྲུང་གིས་མངགས་བཀོད་ལྟར་དཀོན་མཆོག་ཡར་འཕེལ་ཕྱིར་ཡོང་སྟེ། ངས་སྤེན་པའི་ཅ་ལག་ཚང་མ་ཁོ་ལ་རྩིས་སྤྲོད་བྱས་པ་ཡིན། དེ་ནས་སྤེན་པ་ཀློད་གྲོལ་བཏང་སྟེ་ཁོ་རང་གི་ཉལ་ཁང་ལ་ལོག་སོང་། སྤྱིར་བཏང་ང་ལྡི་ལིའི་ལས་འགུན་ནང་འགྲོ་དགོས་བསམ་ཡང་། གཅིག་བྱས་ན་གནས་ཚུལ་ཆེན་པོ་ལྷག་སྲིད་པ་རེད་སྙམ་ནས་ང་ཕྱིར་ངྷ་རམ་ས་ལར་ལོག་ཡོང་བ་ཡིན། རྗེས་སུ་བཀའ་བློན་གྱིས་ང་སྐད་བཏང་སྟེ་ཁྱོད་རང་གིས་ལས་ཀ་ཡག་པོ་བྱས་འདུག་ལབ་སོང་།
དྲི་བ། སྤེན་པ་ཚེ་རིང་གིས་ཁྱེད་གཉིས་གསོད་དགོས་པའི་རྒྱུ་མཚན་གཙོ་བོ་ག་རེ་རེད་དམ།
ལན། སྤེན་པས་ངེད་གཉིས་གསོད་དགོས་པ་དེ་ཁོ་རང་གི་ཞོར་ལས་ཤིག་རེད། ཁོ་ལ་ད་དུང་ལས་འགན་མང་པོ་ཡོད་རྒྱུ་རེད། ཕྱི་ཟླ་ ༤ ཚེས་ ༡ ཉིན་ང་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁར་བཏང་སོང་། ངས་ཡི་གེ་ཤོག་ལྷེ་གསུམ་ཅན་ཞིག་༧གོང་ས་མཆོག་ལ་ཕུལ་བའི་ནང་། ངས་བདེ་སྲུང་ལས་ཁུངས་ཀྱི་མི་སྣ་གསང་མྱུལ་བ་ཞིག་འཇུས་ཡིན་ཞེས་བཀོད་ཡོད། དེ་ལ་༧གོང་ས་མཆོག་གིས་འདི་ག་རེ་རེད་གསུངས་སོང་། ངས་རྒྱུ་མཚན་ཚང་མ་ཞུས་ཡིན། བྲེ་སང་ལ་ཁོ་ལ་སྲུང་སྐྱོབ་བྱོས་ཨ་གསུངས་སོང་། གནས་སྐབས་སློབ་གྲྭ་ཞིག་ལ་སོང་ན་གསུངས་སོང་། རྗེས་སུ་ངས་བདེ་སྲུང་ལ་སྙན་ཞུ་བྲིས་ཏེ་སྤེན་པའི་གནས་ཚུལ་ཐག་གཅོད་མ་བྱུང་བར་ང་སློབ་གྲྭར་འགྲོ་རྒྱུ་མིན་ལབ་ཡིན།
དྲི་བ། ༧གོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུ་དེ་བདེ་སྲུང་གིས་གོ་སྒྲིག་བྱས་པ་རེད་དམ། ཁྱོད་རང་གིས་ལམ་ཁ་འཚོལ་བ་ཡིན།
ལན། ངས་སྔོན་མ་བདེ་སྲུང་བཀའ་བློན་ལ་ཞུས་པ་ཡིན། ང་རང་ལ་མཚོན་ན་མི་ཚེ་ནང་༧གོང་ས་མཆོག་ལ་མཇལ་ཁ་ཞིག་རག་རྒྱུ་དེ་རེ་བ་ཆེ་ཤོས་ཡིན་ཞེས་ཞུས་པ་ཡིན། དེ་ལས་སླ་བོ་ཡོད་པ་མ་རེད་གསུངས་སོང་། ལས་སླ་བོ་མེད་རྒྱུ་ག་རེ་ཡོད། སྤེན་པ་རྒྱ་མིའི་གསང་མྱུལ་བ་ཞིག་མཇལ་ཁར་གཏོང་མཆོག་ན་ང་གཏོང་མི་ཆོག་པ་ག་རེ་ཡིན་ཞེས་ལབ་ཡིན། དེའི་རྗེས་སུ་ངའི་རོགས་པ་ཀརྨ་དང་ངེད་གཉིས་ལ་མཇལ་ཁ་ཡོད་ཟེར་ནས་ལན་བསྐྱལ་སོང་། སྐབས་དེར་ཀརྨ་ཧྥ་རན་སི་ལ་ཕྱིན་ཚར་ཡོད་པ་རེད། སྤྱིར་བཏང་ངས་སྔོན་མ་བདེ་སྲུང་ལ་དྲི་བ་ཁ་ཤས་བཏང་མྱོང་ཡོད། སྤེན་པར་སྔོན་མ་ནས་དོགས་པ་ཡོད་བཞིན་དུ་༧རྒྱལ་བ་རིན་པོ་ཆེ་ལ་མཇལ་ཁ་ཅིའི་ཕྱིར་བཏང་བ་ཡིན་ཞེས་དྲིས་པར། དེ་ང་ཚོས་ཧ་གོ་མ་སོང་ལས་བྱེད་སྔོན་མ་ཚོས་བཏང་བ་རེད་ལབ་སོང་། ཁ་ཉིན་སྤེན་པ་འཇུས་པ་གོ་རྗེས་ང་བདེ་སྲུང་ལ་ཕྱིན་ཡིན། ཡན་ནའང་ང་མ་འབྱོར་སྔོན་ནས་གསལ་བསྒྲགས་སྤེལ་ཚར་འདུག
དྲི་བ། ཁྱོད་རང་གིས་སྤེན་པ་བདེ་སྲུང་གི་ལས་བྱེད་རེད་ཟེར་བ་དེ་ལ་བདེན་དཔང་ག་རེ་ཡོད།
ལན། ང་གསོག་སྒར་ལ་འབྱོར་དུས་ཁོ་རང་གིས་བདེ་སྲུང་གི་ལས་ཀ་བྱེད་ཀྱི་ཡོད་པ་རེད་ཟེར་ནས་ཉལ་ཁང་ནང་གི་མི་དེ་ཚོས་ལབ་སོང་། ད་དུང་ཁོ་༧སྐྱབས་མགོན་རིན་པོ་ཆེའི་སྐུ་སྲུང་རེད་ཟེར། ཁོས་སྣེ་ལེན་ཁང་སོགས་སུ་ཚིག་ཐོ་བླངས་བཞག་པའི་མི་ངས་ངོ་ཤེས་པ་གཉིས་ད་ལྟ་ངྷ་རམ་ས་ལར་ཡོད་པ་རེད། དེ་ནས་སྐྱབས་བཅོལ་ལག་དེབ་RC དུས་ཚོད་རྫོགས་ཟིན་པ་དེ་འདྲ་ཁ་ཤས་ལ་ཁོས་རོགས་པ་བྱས་འདུག ངའི་རླངས་འཁོར་ཉོ་རྒྱུ་ཚང་མ་ཁོ་རང་གིས་རོགས་པ་བྱས་པ་ཡིན། ད་དུང་ཁོས་བོད་ནང་ལོག་མཁན་ཁ་ཤས་ལ་རོགས་པ་བྱས་ཏེ་བཏང་བ་རེད་ལབ་ཀྱི་འདུག སྤེན་པའི་ནང་དུ་ཁོ་རང་རྒྱལ་བ་རིན་པོ་ཆེ་དང་མཉམ་དུ་པར་བརྒྱབ་པ་དང་། ཀརྨ་པ་དང་མཉམ་དུ་པར་བརྒྱབ་པ་སོགས་བཤམ་འདུག ཁོ་རང་གིས་བཤད་སྟངས་བྱས་ན། ཁོ་རང་གིས་སྔོན་མ་བོད་ནང་བོད་པའི་དོན་ལ་སྐད་འབོད་བརྒྱབ་སྟེ་བཙོན་ཁང་དུ་ཚུད་པ་དང་། རྗེས་སུ་སྒོར་ཁྲི་ཁ་ཤས་སྤྲད་དེ་ཕྱི་ལོགས་སུ་བཏང་རྗེས་བྲོས་ཡོང་བ་ཡིན་ཟེར།
དྲི་བ། སྤེན་པ་ཁྱོད་གཉིས་ཡུན་རིང་འགྲོག་པའི་བརྒྱུད་རིམ་ཁྲོད། ཁྱོད་ཀྱིས་ཁོ་རང་མི་ག་འདྲ་ཞིག་ཏུ་མཐོང་སོང་།
ལན། ང་སྔོན་མ་ཁོ་ལ་དོགས་པ་ཟོས་མྱོང་ཡོད། གང་ཡིན་ཟེར་ན་སྔོན་མ་ངེད་གཉིས་ངོ་ཤེས་ཡག་པོ་དེ་འདྲ་གང་ཡང་མིན། ཉིན་ཞིག་ངེད་གཉིས་ལྡི་ལི་ནས་ཐུག་སོང་། ཁོ་རང་གིས་ངེད་གཉིས་མཉམ་དུ་པར་ཞིག་རྒྱག་དགོས་ལབ་སོང་། པར་བརྒྱབ་ནས་ག་རེ་བྱེད་རྒྱུ་ཡིན་ཞེས་དྲིས་པར་ངའི་གྲོགས་པོ་ཞིག་གིས་བསྐུར་ཤོག་ལབ་སོང་ཟེར། ངེད་གཉིས་པར་བརྒྱབ་རྗེས་གྲོགས་པོ་སུ་རེད་ཅེས་ཡང་ཡང་དྲིས་ཀྱང་བཤད་མ་སོང་། ཡང་ཐེངས་ཤིག་ང་ལྡི་ལིར་རླངས་འཁོར་བཟོ་རུ་ཕྱིན་སྐབས་ང་ཚོ་མཉམ་དུ་བསྡད་པ་ཡིན། ངའི་རླངས་འཁོར་བཟོས་ཚར་ཡང་ཁོ་རང་གིས་ལས་ཀ་ཞིག་ཡོད་ཉི་མ་གཅིག་བསྒུགས། གཉིས་བསྒུགས་ཟེར་ནས་ཉིན་ཁ་ཤས་ཕྱིན་སོང་། རྗེས་སུ་ཁོས་བཤད་ན་སྐབས་དེར་ཁོས་བལ་ཡུལ་དུ་འབྲེལ་བ་བྱེད་ཀྱི་ཡོད་ས་རེད། རྒྱ་མི་དེས་ཁོ་ལྡི་ལི་ནས་བཀྲ་ཤིས་རྒྱལ་མཚན་ཉི་མ་ཁ་ཤས་ལ་འགོག་རོགས་ཞེས་ལབ་ཡོད་ས་རེད། སྤེན་པས་དབྱིན་སྐད་དང་རྒྱ་གར་སྐད་གོ་བརྡ་འཕྲོད་ཙམ་རེ་བཤད་ཤེས་ཀྱི་འདུག
༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽
མི་འདི་གསུམ་ཀ་རྒྱའི་གསང་ཉུལ་ཡིན་ཤས་ཆེ། ངས་བལྟས་ན་ངོ་མ་དེ་འདྲ་མཐོང་གི། གསར་ཤོག་ནང་དེ་འདྲ་ཁོ་པས་རྒྱ་གྲགས་བོད་གྲགས་བཟོ་དགོས་དོན་ཅི་ཞིག་ཡིན་ནམ། ཁེ་ཕན་དེ་སུ་ཡོད་ཀྱི་རེད། མི་འདི་ནི་བདེ་སྲུང་ལ་རྒྱུན་རིང་ནས་མི་དགའ་བ་ཞིག་ཡོད་པར་མཐོང། གཅིག་བྱས་ན་རྒྱུ་མཚན་འདྲ་ཡོད་སྲིད། གཅིག་བྱས་ན་སྤྱི་ཚོགས་ནང་ཆེད་དུ་ཟང་ཟིང་བཟོ་ཐབས་བྱེད་ཀྱི་ཡོད་ན། གང་ལྟར་མི་དེ་བོད་ནང་བྱས་རྗེས་ཅན་ཞིག་ནི་ཡིན་ས་མ་རེད། ད་ཚང་མས་འདང་ཡག་པོ་ཞིག་རྒྱབ་དགོས་ནི་རེད་ཨ།
འདི་འདྲ་ཞིག་དྲ་བར་བཀོད་རྒྱུ་ངོའང་ཚ། བདེ་སྲུང་གིས་མ་འབྱོན་པ་བཤད་ཡོད་བསམ་ན་ཐང་ར། གང་ཡང་ཡོང་མི་འདུག ཇི་འདྲའི་ནང་འགལ་མང་པོ་ཞིག
༼ང་ལས་འགུལ་ནང་ཞུགས་རྒྱུ་དང་ཀརྨ་ཡེ་ཤེས་སྐྱེལ་རྒྱུ་བཅས་ལ་ལྡི་ལིར་ཡོང་གི་ཡིན་ལབ་ཡིན། སྤེན་པས་ཀརྨ་ཡེ་ཤེས་ག་དུས་ཕར་འགྲོ་གི་ཡོད་ཅེས་དྲིས་སོང་། སྟབས་ཡག་པ་ཞིག་ལ་ངས་ཁོ་ལ་ད་དུང་ཟླ་བ་གཅིག་ཙམ་འགོར་ས་རེད། ལྡི་ལིར་ཡོང་ནས་ཡིག་ཆ་ཞིག་བཟོ་དགོས་ཀྱི་འདུག་ལབ་ཡིན། ………………………………………………………………………………………….
ཡིན་ནའང་དོ་ནུབ་ཀརྨ་འགྲོ་ཐུབ་མིན་དོགས་པ་རེད། གང་ཡིན་ཟེར་ན། ཀརྨ་ཡུ་རོབ་ལ་འགྲོ་རྒྱུར་ཡིག་ཆ་བཟོ་རོགས་བྱེད་མཁན་སྤེན་པ་རེད། …………………༽ འདིའ་ནང་འགལ་གཅིག་པོར་ཅིག་སོམ་དང་།
༼མི་འདི་གསུམ་རྒྱ་གཞུང་གི་གསང་མྱུལ་བ་རེད། དེ་བས། ཁོ་ཚོ་གསུམ་ཆ་སུ་ཡིན་ཡང་དངུལ་ལ་ལག་ཐོགས་ཡ་ཡོག་མ་རེད། རྒྱ་མིས་ཀྱང་ཁོ་ཚོ་དངུལ་ལ་དད་འདུན་ཡོད་པ་དང་ཕྱི་རྒྱལ་ལ་འགྲོ་འདུན་ཡོད་པ་དེ་བེད་སྤྱོད་བཏང་ཡོག་རེད། ལས་འགན་བོད་པ་ནང་ཁུལ་དུ་དྲག་སྤྱོད་པ་ཡོད་པའི་གསར་འགྱུར་བཟོ་རྒྱུ་དེ་རེད། དེ་བས། དུག་སོགས་ལག་པར་ཡོད་ཤག་རེད་ལ། དེ་ནི་འཛམ་གླིང་མི་མང་ལ་མགོ་བསྐོར་གཏོང་ཐབས་ཤིག་རེད། བདེ་སྲུང་ཡང་བེད་སྤྱོད་གཏོང་ཐུབ་ཡོག་རེད། དེ་ནི་གཞན་མ་ཡིན་པར་དུག་ཡོད་པ་དེ་གཞིར་བཟུང་བས་རེད། འདི་ནི་སྒྲུང་ཞིག་རྫོགས་སོང་བ་རེད། མི་འགྱངས་པར་སྒྲུང་གཞན་ཞིག་བྱུང་སྲིད་པ་རེད་ལ། སྐབས་དེའི་ཁ་གཏད་ས་སྐུ་མདུན་རེད། དེའང་ཡང་སྲིད་ཐག་གཅོད་ཀྱི་དབང་ཆར་དམིགས་ཡོད་པ་ཞིག་ཡིན་སྲིད། ༽ཟེར་བ་འདི་རྒྱུ་མཚན་ཁ་ཤས་ཀྱི་སྒོ་ནས་གནས་ལུགས་འདུག་སྙམ། དོན་དག་འདིའི་མགོ་མཇུག་ཚང་མར་བལྟས་ན།
༡ ཁོང་ཚོར་ཕན་ཚུན་རྒྱུན་ལོན་དང་གྲོགས་པོ་ཡིན་པ།
༢ ཕན་ཚུན་ལ་ཡིད་ཆེས་ཀྱི་ནང་ཁུལ་གསང་བ་མེད་པ།
༣ མིང་མི་བཤད་པའི་མི་ཞིག་ཡོད་ཟེར་བ་དེར་ཁོང་ཚོ་ཚང་མས་ཡིད་ཆེས་བྱེད་པ།
༤ གྲོགས་པོ་གཅིགསྐབས་དེར་བསྟུན་ནས་ཕྱི་རྒྱལ་དུ་འགྲོ་དགོས་པ།
༥་སྤེན་ཚེ་ཡིས་ནན་བཙུར་སོགས་དཀའ་ངལ་ཅི་ཡང་མེད་པའི་སྒོ་ནས་སོ་ཉུལ་བ་ཡིན་པ་ངོས་ལེན་བྱེད་ཁུལ་གྱིས་གཞན་གཉིས་དཀར་བོ་ཡིན་མདོག་བསྟན་པ་སོགས་ལྐུག་པས་དཔྱད་ནའང་མི་དེ་གསུམ་ཆ་སོ་ཉུལ་བས་བྱེད་ལས་ཚང་ཤེས་ཀྱི་མི་འདུག་གམ།
བོད་མི་ཚོ་འདིལྟར་མགོ་སྐོར་ལས་སླ་པོས་གཏོང་ཐུབ་པ་དང་མགོ་སྐོར་ཐེབས་ཆོག་ཆོག་ཡིན་པར་དངོས་གནས་ཧམ་སངས་པ་དང་ཧོན་ཐོར་གྱིས་འདུག རྒྱ་ནག་གིས་ལོ་མང་སྦྱོང་བརྡ་སྤྲད་པའི་མྱུལ་བ་ཞིག་གིས་བྱེད་སྟངས་འདི་ལྟར་ཡིན་མི་སྲིད་ལ། དེ་བས་རང་ཉིད་ཀྱི་མཆར་གཞི་དང་དམིགས་ཡུལ། ལས་འགན་སོགས་གང་བྱུང་གིས་མི་ལ་ལབ་པ་དང་། གང་བྱུང་གིས་མི་ལ་བསྟན་པ་སོགས་བྱེད་རྒྱུ་ནི་ལྐུགས་པས་མ་གཏོགས་སུས་ཀྱང་ཡིད་ཆེས་ཀྱིས་མ་རེད། གནས་དོན་འདིའི་རྒྱབ་ལྗོངས་ལ་ངེས་པར་ཏུ་སྒྲུང་ཞིག་དང་མཆར་གཞི་ཞིག་ཡོད་ངེས་རེད་་་་་་གྲོགས་པོ་ཚོ་་་་་་ལམ་སེང་མིའི་མགོ་སྐོར་འོག་མ་ཚོད་པར་གྱིས།།།
སྤེན་པ་ཚེ་རིང་གིས་སྐད་ཆ་བཤད་སྟངས་ལ་བལྟོས་པ་ཡིན་ན་བདེ་སྲུང་ལས་བྱེད་ཀརྨ་རིན་ཆེན་ལ་དོགས་པ་ཟ་དགོས་པ་འདྲ་བོ་ཞིག་བཟོས་འདུག་ལ།ཁས་ད་དུང་བདེ་སྲུང་གིས་ལས་ཀ་ཡག་པོ་བྱས་པ་ཡིན་ན་གསང་ཉུལ་བ་གཉིས་པ་ཞིག་འཛིན་ཐུབ་ས་རེད་ཅེས་བཤད་པ་ཡིན་ཟེར།དེས་ན་མི་གཉིས་པ་དེ་སུ་མིན་སོགས་ཀྱི་སྐོར་དང་ད་དུང་ཁོའི་སྐད་ཆར་ཞིབ་འདྲི་བྱེད་ས་མང་པོ་འདུག་བསམ་གྱི་འདུག མ་ཟད་ངེས་པར་དུ་གསར་འགོད་པའི་བདེ་སྲུང་ལས་བྱེད་ཀརྨ་རིན་ཆེན་ལ་དེའི་སྐོར་གཅར་འདྲི་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། གལ་ཏེ་ཁོ་ལ་གཅར་འདྲི་བྱས་ཏེ་དེའི་སྐབས་ཀྱི་གནས་སྟངས་སོགས་གསལ་བཤད་བྱེད་པའི་གོ་སྐབས་མ་སྤྲད་ཚེ་ཀརྨ་རིན་ཆེན་རང་ཞིག་གིས་བོད་པའི་སྤྱི་ཚོགས་ནང་མི་ནག་པོ་ནག་རྐྱང་ཞིག་ཆགས་ཡིན་པ་གཏན་ཁེལ་རེད།དེ་ཕྱིར་གང་མགྱོགས་ཀརྨ་རིན་ཆེན་ལ་གཅར་འདྲི་བྱས་པ་ཀློག་ཐུབ་པའི་རེ་བ་ཡོད།
ང་རང་གི་བསམ་ཚུལ་མདོ་བསྡུས་ཤིག་ཞུ་ཆོག་པ་བྱོས། སྤེན་པ་ཚེ་རིང་ཟེར་བ་དེ་རྒྱ་ནག་གི་གསང་མྱུལ་བ་ཡིན་དང་མིན། ཁོ་རང་གིས་བཀྲ་ཤིས་རྒྱལ་མཚན་དང་ཀརྨ་ཡེ་ཤེས་ཟེར་བ་དེ་གཉིས་ལྐོག་གསོད་བྱེད་འཆར་ཡོད་མེད་དང་། རྒྱུ་མཚན་ཅིའི་ཕྱིར་གསོད་དགོས་པ་སོགས་ཀྱི་སྐོར་ད་མ་སྔོག་ན་ཡག་པོ་མེད་འགྲོ་སྙམ། མ་གཞི་སྔོག་དགོས་པ་ཞིག་དང་། འདིའི་ནང་ནོར་འཛོལ་ཆེན་པོ་ཤོར་ཡོད་པ་ཞིག་ཏན་ཏན་ཡིན་ན་ཡང་། གནས་ཚུལ་འདི་སྔོག་གི་སྔོག་གི་ཁྱད་མཚར་ཆགས་ས་རེད།
ང་ཚོས་སེམས་འཚབ་བྱེད་ཡུལ་གཙོ་བོ་དེ་གང་རེད་ཟེར་ན། སྤེན་པ་ཚེ་རིང་ཟེར་བ་དེ་རྒྱལ་བ་རིན་པོ་ཆེ་ལ་མཇལ་ཁར་སུ་ཞིག་གིས་བཏང་བ་དང་གཏོང་དོན་གང་ཞིག་ཡིན་པ་དེ་རེད། རྡ་རམ་ས་ལའི་གསར་འགོད་པ་ཚོར་ནུས་པ་ཡོད་ན་གནད་དོན་འདིའི་སྐོར་ལ་ཐོག་མ་བོད་གཞུང་བདེ་སྲུང་ལས་ཁུངས་དང་། དེ་ནས་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་རྣམ་པ་བཅས་ལ་ཚ་འདེད་བྱེད་དགོས་པའི་གནས་དོན་གལ་ཆེན་ཞིག་རེད་དྲན་གྱི་ཡོད། སྤེན་པ་ཟེར་བ་དེ་རྒྱ་ནག་གི་གསང་མྱུལ་བ་ཡིན་རུང་མིན་རུང་དོགས་གཞི་ཅན་གྱི་མི་ཞིག་སྐུ་མདུན་ལ་མཇལ་ཁར་གཏོང་དོན་གང་ཡིན་ནམ། སྤེན་པ་ཚེར་བ་དེ་དང་སྐུ་མདུན་ལྷན་དུ་བསྒྲོན་ཡོད་པའི་པར་ངོ་དེབ་སོགས་སུ་འགྲོ་བཞིན་ཡོད་པའི་མང་ཚས་མཁྱེན་གསལ་རེད། ད་རེས་ཀྱི་བཅར་འདྲིའི་ནང་དུ་བདེ་སྲུང་གིས་ཀྱང་ངོས་ལེན་བྱས་ཡོད་ཚོད་འདུག དེ་ཡ་མཚན་པོ་ཞིག་དང་། སེམས་འཚབ་སྐྱེ་གཞི་ཞིག་ཆགས་འདུག
དགོད་བྲོ་བའི་གནས་ཚུལ་གསུམ།
(1) “དེ་ནས་ངས་ཀརྨ་རིན་ཆེན་ལ། ང་ཁྱོད་ལ་ཡིད་ཆེས་མེད། ང་ཐོག་མ་རྒྱ་གར་ནང་འབྱོར་སྐབས། ང་ལ་ཚིག་ཐོ་ལེན་མཁན་ཀརྨ་རིན་ཆེན་རེད། ང་ཡོང་ལུགས་ཡོང་སྟངས་ཆ་ཚང་དྲང་མོར་བཤད་སྐབས། ཁོས་ང་ལ་ཁྱོད་ཀྱིས་སྙན་ཞུ་ཞིག་ཕྲིས་ཤོག་དང་། ཁྱོད་ཆབ་སྲིད་བཙོན་པའི་ནང་གཏོང་ཐབས་བྱེད་དགོས་ལབ་སོང་།”
(2) “ང་ཚོས་བརྙན་ལེན་དང་མི་ལེན་གྱི་རྙོག་དྲ་ཞིག་བྱུང་སྐབས་ངའི་རོགས་པ་ཁོང་ཁྲོ་ལངས་ཏེ་ཅོག་ཙེ་སྒང་ལ་ཁུ་ཚུར་ཞིག་གཞུས་སོང་། ངས་ཁོ་རང་གི་ལག་པར་འཇུས་ཡིན། དེ་ལྟར་ཟ་ངེ་ཟེང་ངེ་ཞིག་ཆཊ་པའི་བར་ནས་ཀརྨ་རིན་ཆེན་དང་དངོས་གྲུབ་རྡོ་རྗེ་གཉིས་བྲོས་ཚར་འདུག སྒོ་ཕྱི་ལོགས་ནས་བརྒྱབ་འདུག ཀརྨ་རིན་ཆེན་གྱི་བདེ་སྲུང་ལས་བྱེད་ཀྱི་ངོས་འཛིན་ལག་ཁྱེར་ཡང་གཡུགས་ཏེ་བྲོས་འདུག”
(2) “ངས་སྔོན་མ་བདེ་སྲུང་ལ་དྲི་བ་ཁ་ཤས་བཏང་མྱོང་ཡོད། སྤེན་པར་སྔོན་མ་ནས་དོགས་པ་ཡོད་བཞིན་དུ་༧རྒྱལ་བ་རིན་པོ་ཆེ་ལ་མཇལ་ཁ་ཅིའི་ཕྱིར་བཏང་བ་ཡིན་ཞེས་དྲིས་པར། དེ་ང་ཚོས་ཧ་གོ་མ་སོང་ལས་བྱེད་སྔོན་མ་ཚོས་བཏང་བ་རེད་ལབ་སོང་།”
གོང་གི་ཚིག་རྐང་དེ་གསུམ་ན་གསར་འགོད་པའི་དྲི་བའི་ལན་དུ་བཀྲ་ཤིས་རྒྱལ་མཚན་གྱིས་བཤད་པ་རེད།
ཐོག་མར་ཚང་མ་ལོས་དྲི་བ་གཉིས་ལ་བསམ་བློ་ཐོངས། ༡ བོད་པའི་ནང་ཁུལ་དུ་བོད་པ་གསང་ཉུལ་བ་བྱུང་བའི་གསར་འགྱུར་གྱིས་སུ་ལ་ཕན་གྱི་ཡོད་དམ། ༢ ཉིན་ཞིག་སྐུ་མདུན་ལ་བར་ཆད་ཅིག་བྱུང་བ་ཡིན་ན། སྐབས་དེར་དོགས་པ་བོད་རིགས་ནང་ཁུལ་ལ་ཟའམ་གཞན་ལ་དོགས་པ་ཟ།
དེ་ནས་ཚོད་རྩིས་རིམ་པའི་སྒྲུང་ཐུང་ཞིག་བཟོ་ཀི་ཡིན། བསམ་བློ་ལྷོད་ལྷོད་བྱས་ནས་གཏོང་རོགས།
མི་འདི་གསུམ་རྒྱ་གཞུང་གི་གསང་མྱུལ་བ་རེད། དེ་བས། ཁོ་ཚོ་གསུམ་ཆ་སུ་ཡིན་ཡང་དངུལ་ལ་ལག་ཐོགས་ཡ་ཡོག་མ་རེད། རྒྱ་མིས་ཀྱང་ཁོ་ཚོ་དངུལ་ལ་དད་འདུན་ཡོད་པ་དང་ཕྱི་རྒྱལ་ལ་འགྲོ་འདུན་ཡོད་པ་དེ་བེད་སྤྱོད་བཏང་ཡོག་རེད། ལས་འགན་བོད་པ་ནང་ཁུལ་དུ་དྲག་སྤྱོད་པ་ཡོད་པའི་གསར་འགྱུར་བཟོ་རྒྱུ་དེ་རེད། དེ་བས། དུག་སོགས་ལག་པར་ཡོད་ཤག་རེད་ལ། དེ་ནི་འཛམ་གླིང་མི་མང་ལ་མགོ་བསྐོར་གཏོང་ཐབས་ཤིག་རེད། བདེ་སྲུང་ཡང་བེད་སྤྱོད་གཏོང་ཐུབ་ཡོག་རེད། དེ་ནི་གཞན་མ་ཡིན་པར་དུག་ཡོད་པ་དེ་གཞིར་བཟུང་བས་རེད། འདི་ནི་སྒྲུང་ཞིག་རྫོགས་སོང་བ་རེད། མི་འགྱངས་པར་སྒྲུང་གཞན་ཞིག་བྱུང་སྲིད་པ་རེད་ལ། སྐབས་དེའི་ཁ་གཏད་ས་སྐུ་མདུན་རེད། དེའང་ཡང་སྲིད་ཐག་གཅོད་ཀྱི་དབང་ཆར་དམིགས་ཡོད་པ་ཞིག་ཡིན་སྲིད།
༡ ང་སྔོན་མ་ཁོ་ལ་དོགས་པ་ཟོས་མྱོང་ཡོད། གང་ཡིན་ཟེར་ན་སྔོན་མ་ངེད་གཉིས་ངོ་ཤེས་ཡག་པོ་དེ་འདྲ་གང་ཡང་མིན། ཉིན་ཞིག་ངེད་གཉིས་ལྡི་ལི་ནས་ཐུག་སོང་། ཁོ་རང་གིས་ངེད་གཉིས་མཉམ་དུ་པར་ཞིག་རྒྱག་དགོས་ལབ་སོང་། པར་བརྒྱབ་ནས་ག་རེ་བྱེད་རྒྱུ་ཡིན་ཞེས་དྲིས་པར་ངའི་གྲོགས་པོ་ཞིག་གིས་བསྐུར་ཤོག་ལབ་སོང་ཟེར། ངེད་གཉིས་པར་བརྒྱབ་རྗེས་གྲོགས་པོ་སུ་རེད་ཅེས་ཡང་ཡང་དྲིས་ཀྱང་བཤད་མ་སོང་། ཡང་ཐེངས་ཤིག་ང་ལྡི་ལིར་རླངས་འཁོར་བཟོ་རུ་ཕྱིན་སྐབས་ང་ཚོ་མཉམ་དུ་བསྡད་པ་ཡིན།
༢ ཁོས་སྣེ་ལེན་ཁང་སོགས་སུ་ཚིག་ཐོ་བླངས་བཞག་པའི་མི་ངས་ངོ་ཤེས་པ་གཉིས་ད་ལྟ་ངྷ་རམ་ས་ལར་ཡོད་པ་རེད། དེ་ནས་སྐྱབས་བཅོལ་ལག་དེབ་RC དུས་ཚོད་རྫོགས་ཟིན་པ་དེ་འདྲ་ཁ་ཤས་ལ་ཁོས་རོགས་པ་བྱས་འདུག ངའི་རླངས་འཁོར་ཉོ་རྒྱུ་ཚང་མ་ཁོ་རང་གིས་རོགས་པ་བྱས་པ་ཡིན། ད་དུང་ཁོས་བོད་ནང་ལོག་མཁན་ཁ་ཤས་ལ་རོགས་པ་བྱས་ཏེ་བཏང་བ་རེད་ལབ་ཀྱི་འདུག
སྐད་ཆ་འདི་གཉིས་ལ་སྔོན་གཞུགས་ཀྱི་དུས་ཚོད་ལ་འགལ་ཟླ་འདུག་ལ། སྐད་ཆ་བཤད་མི་ཤེས་པའི་མི་ཞིག་གིས་རྒྱ་མིའི་སོ་བ་ཅི་ལྟར་བཟུང་བ་ཡིན་ནམ། གསར་འགོད་པའི་རྙོག་གཞི་ཆེ་ཤོས་དེ་ལག་པས་འཇུས་མེད་དོན་ཅི་ཡིན་ནམ། གལ་སྲིད་ཁོང་གིས་སྤེན་པ་ཟེར་བ་དེ་ངོ་མི་ཡག་པོ་མི་ཤེས་པ་ཡིན་ན་སྤེན་པའི་ངའི་རླངས་འཁོར་ཉོ་དུས་རོགས་པ་བྱེད་སྲིད་ཀྱི་རེད་དམ། ངས་བསམ་ན་དོན་དག་འདི་ལས་སླ་བོ་དེ་འདྲ་ཅིག་རྩ་བ་ཉིད་ནས་མ་རེད། གང་ལྟར་བདེ་སྲུང་ལས་ཁུངས་ཀྱིས་བྱེད་ལས་ལ་སྔོན་མ་ནས་ཡིད་མུག་ནས་ཡོད།
་༼ཀརྨ་ཡེ་ཤེས་ཡུ་རོབ་ལ་འགྲོ་རྒྱུར་ཡིག་ཆ་བཟོ་རོགས་བྱེད་མཁན་སྤེན་པ་ཚེ་རིང་རེད།༽
སྐད་ཆ་འདི་བཤད་པ་ཙམ་གྱི་མི་གང་འདྲ་ཡིན་མིན་ཅུང་ཤེས་ཐུབ། གལ་སྲིད་སྤེན་པ་ཚེ་རིང་གིས་ཀརྨ་ཡེ་ཤེས་དང་བཀྲ་ཤིས་རྒྱལ་མཚན་ཁོ་གཉིས་གསོད་རྒྱུར་སྔོན་ནས་འཆར་གཞི་ཡོད་ན་ཀརྨ་ཡེ་ཤེས་ཡུ་རོབ་ལ་འགྲོ་རྒྱུར་རོགས་རམ་བྱེད་དགོས་དོན་ཅི་ཡིན་ནམ། ཡིག་ཆ་བཟོ་རོགས་བྱེད་སྐབས་ཁོ་མི་གསོད་པའི་རྒྱུ་མཚན་ག་རེ་རེད་དམ།
གཞུང་ཚབ་ག་པར་ཡིན་ན་ཡིག་ཆ་བཟོ་སྐབས་དུས་ཚོད་མང་པོ་གོར་གིན་ཡོད་པ་ཀུན་གྱི་ཤེས་གསལ་རེད། ཀརྨ་ཡེ་ཤེས་ལ་དམིགས་གསལ་གྱི་གཞུང་ཚབ་ནས་ཡུ་རོབ་འགྲོ་རྒྱུའི་མགྲོན་འབོད་བཏང་བ་ཡིན་ན་གནས་ཚུལ་ཁག་ཁག་རེད་དེ་མ་གཏོགས་བོད་མི་ཕྱི་རྒྱལ་འགྲོ་མཁན་གཅིག་མཚུངས་ཡིན་ན་ཡིག་ཆ་ལས་སླ་པོ་རྩ་བ་བཟོ་ཐུབ་ཀྱིན་མེད།
ཆབ་བཙོན་ཐོབ་ཐང་ལེན་རྒྱུའི་ཆེད་དུ་བཙན་བྱོལ་སྤྱི་ཚོགས་ནང་རང་དོན་གྲུབ་ལ་ཆ་ལུགས་ངན་ན་ངན་དཔེར་ལྟར་རང་ཉིད་བོད་ནས་བལ་ཡུལ་དུ་འབྱོར་སྐབས་རོགས་པ་གཅིག་གིས་ཁྱེད་རང་ཆབ་སྲིད་བཙོན་པ་ཡིན་ཟེར་ནས་རྫུན་ཤོད་ཆབ་བཙོན་གྱི་རྒྱན་ནང་འཇུལ་ནས་ཕྱི་རྒྱལ་ལ་འགྲོ་རྒྱུའི་གོ་སྐབས་རག་གི་རེད་ཟེར་བཤད་བྱུང་། རང་ཉིད་རྒྱ་གར་ཡོང་དོན་གཙོ་བོ་༧གོང་ས་མཆོག་མཇལ་རྒྱུ་མ་གཏོགས་གཞན་དམིགས་ཡུལ་གང་ཡང་མེད་དྲང་བདེན་ཐོག་ནས་གནས་སྐོར་ལག་འཁྱེར་ནས་ཡོང་བར་ཡིན།
གནས་ཚུལ་འདི་རིགས་བཤད་ན་སྐྱག་པ་ལག་འཆང་བ་ལྟ་བུར་རེད་དྲི་མ་བྲོ་བ་མ་གཏོགས་མེད།
ངས་བལྟས་ན་བདེ་སྲུང་ལས་ཁུངས་ཀྱིས་ཕུང་གསུམ་པ་ཀརྨ་ཡེ་ཤེས་དང་བཀྲ་ཤིས་རྒྱལ་མཚན་གཉིས་ལ་འདྲི་བ་ནན་པོ་གཏོང་དགོས།
གཡས་སྐོར་གཡོན་སྐོར་གང་ལ་བརྒྱབ་ཀྱང་ནག་ཉེས་ཡོངས་རྫོགས་བདེ་སྲུང་ལས་ཁུངས་ཐོག་བབས་ཡོང་གི་འདུག སྤེན་པ་ཟེར་བ་དེ་རྒྱ་ནག་གི་གསང་མྱུལ་བ་ཡིན་ན་ལོ་གཉིས་ལྷག་གི་རིང་ལ་ཁོ་བོ་གང་འདོད་དུ་འཇོག་དོན་ཅི་ཡིན་ནམ། དོགས་གཞི་ཡོད་པ་ཤེས་བཞིན་དུ་༧སྐུ་མདུན་ལ་མཇལ་ཁར་ཅིའི་ཕྱིར་བཏང་བ་རེད། ལས་ཀ་དང་ཟླ་ཕོགས་སྒོར་གསུམ་སྟོང་ཅིའི་ཕྱིར་སྤྲད་པ་རེད།
སྤེན་པ་གསང་མྱུལ་བ་མིན་ན་རྒྱ་གར་ཉེན་རྟོག་པར་ཅིའི་ཕྱིར་རྩིས་སྤྲོད་བྱས་པ་རེད། རྩིས་སྤྲོད་བྱས་པའི་རྗེས་སུ་ཡོངས་ཁྱབ་ཐོག་ཁོ་བ་གསང་མྱུལ་དྲག་སྤྱོད་སྤེལ་མཁན་རེད་ཟེར་ནས་རྒྱ་བསྒྲགས་བོད་བསྒྲགས་ཅིའི་ཕྱིར་བྱས་པ་རེད། གལ་ཏེ་བཀྲ་ཤིས་རྒྱལ་མཚན་དང་སྤེན་པ་སོགས་ཀྱི་བར་དུ་རྙོད་དྲ་འདྲ་ཡོད་ན་བདེ་སྲུང་གིས་ནང་ཁུལ་ནས་སེལ་ཐབས་ཅིའི་ཕྱིར་མ་གནང་བ་རེད།
ད་ང་རང་གི་རེ་བ་བྱས་ན་གནས་ཚུལ་འདི་མ་སྔོག་ན་བཟང་གི། ད་རེས་བོད་ཀྱི་དུས་བབ་གསར་ཤོག་གིས་ཐེར་འདོན་ཡག་པོ་གནང་འདུག ཉེན་བརྡ་བཏང་འདུག མ་འོངས་པར་བདེ་སྲུང་གིས་ལས་ཀ་བྱེད་ཕྱོགས་ལ་གཟབ་ནན་གནང་རྒྱུ་གལ་ཆེན་རེད།
ངའི་བསམ་ཚུལ་བྱས་ན། བཀྲ་ཤིས་རྒྱལ་མཚན་གྱིས་ལན་འདེབས་བྱས་པའི་ནང་ཧ་ཅང་གསལ་བོ་རེད། འདི་ལས་ལྷག་གི་དོགས་གཞི་དག་ལ་སྤེན་པ་ཁོ་རང་གཅིག་པོ་མ་གཏོགས་ལན་རྒྱག་ཐུབ་མཁན་མི་འདུག་དྲན་གྱི་འདུག བཀྲ་ཤིས་རྒྱལ་མཚན་དང་བདེ་སྲུང་ལས་ཁུངས་གཉིས་ནས་ཀྱང་ལན་རྒྱག་ཐུབ་ཀི་མ་རེད། གནས་ཚུལ་འདིའི་མགོ་མཇུག་བར་གསུམ་དུ་བདེ་སྲུང་ལ་ནོར་འཁྲུལ་མང་པོ་ཞིག་ཤོར་ཡོད་པ་དངོས་ཡོད་རེད། དེ་མ་གཏོགས་ཁ་ཧ་ཅང་གསལ་བོ་རེད།
རྭ་རྒྱ་བློ་དབང་་དང་། བསྟན་འཛིན་ཚེ་འཚོ་གཉིས་ཀྱིས་དྲིས་ལན་ནང་། “ང་ལས་འགུལ་ནང་ཞུགས་རྒྱུ་དང་ཀརྨ་ཡེ་ཤེས་སྐྱེལ་རྒྱུ་བཅས་ལ་ལྡི་ལིར་ཡོང་གི་ཡིན་ལབ་ཡིན། སྤེན་པས་ཀརྨ་ཡེ་ཤེས་ག་དུས་ཕར་འགྲོ་གི་ཡོད་ཅེས་དྲིས་སོང་། སྟབས་ཡག་པ་ཞིག་ལ་ངས་ཁོ་ལ་ད་དུང་ཟླ་བ་གཅིག་ཙམ་འགོར་ས་རེད། ལྡི་ལིར་ཡོང་ནས་ཡིག་ཆ་ཞིག་བཟོ་དགོས་ཀྱི་འདུག་ལབ་ཡིན།
ཡིན་ནའང་དོ་ནུབ་ཀརྨ་འགྲོ་ཐུབ་མིན་དོགས་པ་རེད། གང་ཡིན་ཟེར་ན། ཀརྨ་ཡུ་རོབ་ལ་འགྲོ་རྒྱུར་ཡིག་ཆ་བཟོ་རོགས་བྱེད་མཁན་སྤེན་པ་རེད། .” ཞཻས་བརྗོད་པར་དོགས་སློང་བྱས་འདུག་ཀྱང་། ངས་བསམ་ན། ཀརྨ་ཞེར་བ་དེ་ཐོག་མ་ཡུ་རོབ་ལ་ཡིག་ཆ་ཞུ་རོགས་བྱེད་མཁན་ཡིན་ན། རྗེས་མ་ཁོ་ཕར་ག་དུས་འགྲོ་བཞིན་ཡོད་མེད་ཧ་མ་གོ་བ་ཡོང་སྲིད་པ་རེད་དྲན་གྱི་འདུག
ང་རང་དོགས་གཞི་ཆེ་ཤོས་དེ་ད་ལོའི་སྤྱི་ཟླ་དང་པོའི་ནང་རྙོག་དྲ་རི་འདྲ་ཞིག་བྱུང་འདུག དེའི་རྗེས་སུ་བཟུང་སྤེན་པ་ཟེར་བ་དེ་རང་དབང་རང་འདོད་ལྟར་སྤྱི་ཟླ་ལྔ་པའི་ཚེས་ 20 བར་བཞག་འདུག བཀྲ་ཤིས་རྒྱལ་མཚན་ཟེར་བ་ཁོ་ཡང་ལྡི་ལི་དང་རྡ་རམ་ས་ལ་སོགས་སུ་བསྡད་པ་ཡིན་རྒྱུ་རེད། དུས་ཡུན་འདིའི་རིང་སྤེན་པ་དང་བཀྲ་ཤིས་རྒྱལ་མཚན་གཉིས་བར་ལ་རྙོག་དྲ་བྱུང་ཡོད་དང་མེད། བདེ་སྲུང་གིས་གསང་མྱུལ་བ་ཡིན་པ་ཤེས་བཞིན་དུ་ཟླ་བ་ལྔ་ཙམ་རིང་རང་འདོད་ལྟར་ཡ་མེད་བཏང་སྟེ་འཇོག་དོན་ག་རེ་ཡིན་ནམ། འདི་ང་རང་གིས་ཤེས་འདོད་ཆེ་ཤོས་དེ་རེད།
ཡིད་མི་འཚིམ་པའི་དྲིས་ལན་འདི་དག་གིས་གནད་དོན་ཅི་ཡང་ཐག་གིས་མི་ཆོད།
གོ་རྒྱུ་ཅིའང་མི་འདུག་ལགས།
འཛིན་མཁན་དང་བཟུང་རྒྱུ་རྩིས་སྤྲོད་ས་སོགས་སྤྲེའུ་རྐུ་ལག་དང་གཅིག་པ་རེད། ད་ཡིན་ན་ལས་ཀ་ཆ་ཚང་འདི་འདྲའི་འགྲོ་ཡོད་གསལ་ཁ་ཕྱི་ལོག་ཏུ་མངོོན་དང་མངོན་བཞིན་འདུག
ང་ལས་འགུལ་ནང་ཞུགས་རྒྱུ་དང་ཀརྨ་ཡེ་ཤེས་སྐྱེལ་རྒྱུ་བཅས་ལ་ལྡི་ལིར་ཡོང་གི་ཡིན་ལབ་ཡིན། སྤེན་པས་ཀརྨ་ཡེ་ཤེས་ག་དུས་ཕར་འགྲོ་གི་ཡོད་ཅེས་དྲིས་སོང་། སྟབས་ཡག་པ་ཞིག་ལ་ངས་ཁོ་ལ་ད་དུང་ཟླ་བ་གཅིག་ཙམ་འགོར་ས་རེད། ལྡི་ལིར་ཡོང་ནས་ཡིག་ཆ་ཞིག་བཟོ་དགོས་ཀྱི་འདུག་ལབ་ཡིན། ………………………………………………………………………………………….
ཡིན་ནའང་དོ་ནུབ་ཀརྨ་འགྲོ་ཐུབ་མིན་དོགས་པ་རེད། གང་ཡིན་ཟེར་ན། ཀརྨ་ཡུ་རོབ་ལ་འགྲོ་རྒྱུར་ཡིག་ཆ་བཟོ་རོགས་བྱེད་མཁན་སྤེན་པ་རེད། …………………
གསར་འབྱོར་མི་འདི་གསུམ་ནི་ལས་སླ་བོ་གསུམ་མིན་ཐག་ཆོད་རེད། རྒྱ་གར་ནང་སླེབས་ནས་ལོ་གཅིག་གམ། སྐད་བརྡ་འཕྲོད་མིན་སྐབས་ནས་མོ་ཊ་ཉོ་ཐུབ་པ་འདི་ལོ་རབས་བརྒྱད་ཅུ། དགུ་བཅུ། སྟོང་ལོ་བཅུ་བའི་ནང་གི་གསར་འབྱོར་ཁྲོད་ཁྱོན་ནས་བྱུང་མ་མྱོང་བ་ཞིག་རེད། སྟོང་ལོ་བཅུ་གཅིག་ནས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་བ་བྱུང་འདུག གནད་དོན་འདིར་ཚང་མ་ལོས་བགྲོ་གླེང་གནང་རོགས།
བརྗོད་ཚིག་ཞིག༼ལན། དེ་ནས་ངས་སྤེན་པ་ལ། ཁྱོད་བདེ་སྲུང་ལ་སྤྲོད་དགོས་སམ་རྒྱ་གར་ཉེན་རྟོག་པར་སྤྲོད་དགོས་ལབ་ཡིན། ཁོས་བདེ་སྲུང་ལ་སྤྲོད་རོགས་ལབ་སོང་།༽ འདྲི་དཔྱོད་པ་ཆེད་མཁས་ཤིག་གི་ཚ་འདྲི་ལས་མ་གཏོགས་ལས་སླ་བོའི་ལན་འདི་འདྲ་རག་མི་སྲིད།
ཚིག་བརྗོད་ཞིག་ལ་༼ཀརྨ་ངེད་གཉིས་མི་ཚེའི་ནང་གི་གྲོགས་པོ་ཡག་ཤོས་ཡིན། ཡིན་ནའང་དོ་ནུབ་ཀརྨ་འགྲོ་ཐུབ་མིན་དོགས་པ་རེད། གང་ཡིན་ཟེར་ན། ཀརྨ་ཡུ་རོབ་ལ་འགྲོ་རྒྱུར་ཡིག་ཆ་བཟོ་རོགས་བྱེད་མཁན་སྤེན་པ་རེད།༽དོན་དངོས་ཐོག་སྤེན་པས་ཀརྨ་གསོད་འདོད་ཡོད་དམ་རོགས་རམ་བྱས་ནས་ཕྱི་རྒྱལ་དུ་མངགས་འདོད་ཡོད་དམ།
མཆན་མཁན་བསྟན་འཛིན་ཐེག་པས། ༼ད་དུང་དྲི་བ་དང་དོགས་པ་མང་ཐག་ཆོད་ཅིག་ཡོད་ནའང་གནད་དོན་ཆེ་ཤོས་ནང་གི་ཆེ་ཤོས་དེ་གང་རེད་ཟེར་ན། བོད་མི་སྤྱི་བོ་གནམ་བསྟན་སུ་འདྲ་ཞིག་ཡིན་ན་ཡང་། རྒྱ་ནག་གིས་གལ་སྲིད་གསང་མྱུལ་བ་ཞིག་བཏང་ཡོད་པ་ཡིན་ན་གསར་འབྱོར་ཉམས་ཆུང་གཉིས་གསོད་པའི་ལས་འགན་མི་སྤྲོད་པ་གསལ་བོ་གསལ་རྐྱང་རེད། ༽ འདི་ནི་ཅི་འདྲའི་གནད་ལ་འཁེལ་བའི་དོགས་སློང་ཞིག་དང་ཡིད་གཟབ་གནང་དགོས་པའི་ལམ་སྟོན་ཞིག
རྒྱ་གར་ལྟ་བུའི་རང་དབང་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ན། ད་རེས་གསར་འགོད་པ་ཚོས་བདེ་སྲུང་ལས་ཁུངས་སྐྱེལ་ས་བཅོ་བརྒྱད་ལ་བསྐྱལ་ངེས་རེད། བོད་གཞུང་བདེ་སྲུང་ལས་ཁུངས་ཀྱིས་ནོར་འཁྲུལ་ཆེན་པོ་བཟོས་འདུག ཡིན་ནའང་བོད་པ་སྐྱབས་བཅོལ་གཞན་དབང་སྟབས་བསྟུན་ཡིན་པའི་དབང་གིས་མི་ཤེས་མ་མཐོང་མདོག་མདོག་གིས་གཡུག་བཞག་ན་ཡག་གི་རེད། ངས་བསམ་བློ་བཏང་བ་ཡིན་ན་གནས་ཚུལ་འདི་སྔོག་གི་སྔོག་གི་འབག་བཙོག་མང་པོ་འཐོན་ཡོང་ས་རེད།
དང་པོ། ངས་སྔོན་མ་ནས་སྤེན་ཚེ་རྒྱ་མིའི་གསང་མྱུལ་ཡིན་པའི་དཔང་རྟགས་ཁུངས་བཙན་ཞིག་མི་འདུག་ཞུས་ཚར་བ་ཡིན།
ད་ལན་བཅར་འདྲི་འདིའི་ནང་གི་བརྗོད་ཚིག་ཞིག་སྟེ།
“སྤྱིར་བཏང་ང་ལ་ཕ་ཡུལ་ནས་དོན་དག་ཆེན་པོ་བྱུང་མྱོང་ཡོད། ཡིན་ནའང་དངུལ་ཕོན་ཆེན་པོ་ཚབ་སྟེ་ནང་འགྲིག་བྱུང་ཚར་ཡོད་པ་རེད། གནས་ཚུལ་དེ་ལ་འབྲེལ་བ་ཡོད་པ་དེ་འདྲ་ཡིན་རྒྱུ་མ་རེད་བསམ་སོང་།”
ཟེར་བ་འདིས་དོན་ཅི་ཞིག་སྟོན་གྱིན་འདུག སྔོན་མ་རྡ་སའི་སྣེ་ལེན་ཁང་དུ་མི་ཞིག་ལ་སྒེར་གྱི་མི་གསད་དོན་རྐྱེན་ཞིག་གི་རྐྱེན་གྱིས་མེ་མདའ་བརྒྱབས་པ་རེད། མེ་མདའ་རྒྱག་མཁན་དེའང་ཆེད་དུ་བོད་ནས་མི་དེ་གསོད་མཁན་དུ་འགྲོ་སོང་ཆེན་པོ་བཏང་ནས་སླེབས་ཡོད་པ་འདྲ།
གཉིས་པ། བཅར་འདྲི་འདིའི་ནང་གི་བརྗོད་ཚིག་ཞིག་སྟེ།
“དེ་ལྟར་ཟ་ངེ་ཟེང་ངེ་ཞིག་ཆཊ་པའི་བར་ནས་ཀརྨ་རིན་ཆེན་དང་དངོས་གྲུབ་རྡོ་རྗེ་གཉིས་བྲོས་ཚར་འདུག སྒོ་ཕྱི་ལོགས་ནས་བརྒྱབ་འདུག ཀརྨ་རིན་ཆེན་གྱི་བདེ་སྲུང་ལས་བྱེད་ཀྱི་ངོས་འཛིན་ལག་ཁྱེར་ཡང་གཡུགས་ཏེ་བྲོས་འདུག” ཟེར།
བདེ་སྲུང་དྲུང་ཆེ་ཟེར་དུས་རྒྱལ་ཁབ་ཡོད་མཁན་ཞིག་གི་མི་རིགས་ཞིག་ཡིན་ན་གནས་ཚད་གང་ཞིག་ཡིན་མིན་ཕལ་ཆེར་ཚང་མས་མཁྱེན་གྱིན་རེད། སྐབས་དེའི་གནས་ཚུལ་དེ་དག་བདེན་པ་ཡིན་ཚེ་སྐད་ཆ་འདི་ཕྱི་ལོག་ལ་ཐོན་ཚར་བ་རེད་ལ་ཆེས་རྫབ་ཆེན་ཡང་རེད། ང་ཚོ་མང་གཙོ་ཡིན་ཟེར་གྱིན་ཡོད་པ་ལྟར་གསར་འགོད་པས་དེའི་ཐད་བདེ་སྲུང་དྲུང་ཆེ་དང་ལས་རོགས་ལ་བཅར་འདྲི་ངེས་པར་དུ་ཞུ་དགོས། དེ་མཚུངས་བདེ་སྲུང་དྲུང་ཆེ་དང་ལས་རོགས་དེ་གཉིས་ཀྱིས་འདིའི་ཐད་ཡིག་ངག་གང་རུང་ནས་གསལ་བཤད་མེད་ཚེ་སྐབས་དེའི་གནས་ཚུལ་ཚང་མ་གོང་གི་འདྲི་ཡུལ་པས་བཤད་པ་ལྟར་བདེན་པ་བདེན་རྐྱང་དུ་མི་མང་ནས་ངོས་འཛིན་ཞུ་རྒྱུ་རེད་ལ། འདི་ཚོ་ལ་བརྟེན་ནས་མུ་མཐུད་སྐུ་ཕྱྭ་དང་བདེ་སྲུང་གི་ཕྱག་ལས་ལ་དོ་ཕོག་ཆེན་པོ་འགྲོ་སྲིད།
རྡ་རམ་ས་ལའི་གསར་འགོད་པ་ཚོར་རེ་སྐུལ་ཞུ་རྒྱུ་ཞིག་ལ། ཁྱེད་ཅག་ངེས་པར་དུ་བདེ་སྲུང་ལས་ཁུངས་སུ་བཅར་ཏེ་དྲི་ཚིག་འདི་དག་འདྲི་རོགས།
( 1 ) གནས་ཚུལ་འདི་ཐོག་མ་བྱུང་སྐབས་བདེ་སྲུང་གིས་སྤེན་པ་ཚེ་རིང་བོད་ནང་གི་ལས་བྱེད་ཅིག་ཡིན་པའི་དབང་གིས་ཁོ་ལ་བདེ་སྲུང་ལས་ཁུངས་ནས་ཟླ་རེར་ཧིན་སྒོར་ ༣༠༠༠ ་རེ་སྤྲོད་བཞིན་ཡོད་ལབ་འདུག བོད་ནང་སྔོན་མ་ལས་བྱེད་ཡིན་མཁན་ད་ལྟ་བཙན་བྱོལ་ནང་ཡོད་མཁན་ཡོངས་རྫོགས་ལ་བདེ་སྲུང་གིས་ཧིན་སྒོར་ ༣༠༠༠ ་རེ་སྤྲོད་ཀྱིན་ཡོད་དམ།
( 2 ) སྤེན་པ་ཚེ་རིང་ཟེར་བའི་མི་འདི་སྐུ་མདུན་ལ་མཇལ་ཁར་བཏང་བའི་གནས་ཚུལ་དེའི་ཐོག་ད་དུང་གཏིང་འདྲི་བྱེད་དགོས་པའི་དོགས་གཞི་མང་པོ་ཞིག་འདུག བདེ་སྲུང་གི་ལས་བྱེད་སྔོན་མ་ཚོས་བཏང་རབས་བཤད་འདུག ལོ་གཉིས་གསུམ་ནང་ལ་བདེ་སྲུང་བཀའ་བློན་དང་དྲུང་ཆེ་སོགས་སྒང་གི་ལས་བྱེད་ཚང་མ་རང་འཇགས་ཡིན་པ་ཚང་མས་ཤེས་གསལ་རེད། དེའི་འོག་ཏུ་སྐུ་མདུན་ལ་མཇལ་ཁར་གཏོང་བའི་དབང་ཚད་ཡོད་མཁན་གྱི་ལས་བྱེད་ཡོད་དམ།
( 3 ) བདེ་སྲུང་གིས་སྤེལ་པར་ཡིད་ཆེས་བློས་འཁེལ་གྱིས་ལས་ཀ་སྤྲད་མེད་པ་ཡིན་ན་གསར་འབྱོར་བ་ཚོར་ཚིག་ཐོ་བསྡུ་བ་དང་། སྐྱབས་བཅོལ་ལག་དེབ་འཕར་འགྱངས་སོགས་ལ་རོགས་རམ་གྱི་དབང་ཚད་དང་ནུས་པ་དེ་འདྲ་ཞིག་གང་ནས་ཡོང་བ་རེད། རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་སྐབས་སུ་སྤེན་པ་ཟེར་བ་དེ་བདེ་སྲུང་ལས་བྱེད་ཚོ་དང་མཉམ་དུ་འགྲོ་འདུག་བྱེད་ཀྱི་ཡོད་པ་ཡོངས་གྲགས་རེད། ལྷག་པར་དུ་ཁོ་རྒྱ་གར་ནང་འབྱོར་ཏེ་ལོ་གཉིས་ལྷག་ལས་ཕྱིན་མེད་མཁན་ཞིག་ལ་འཇོན་ནུས་འདི་འདྲ་ཞིག་གང་ནས་བྱུང་བ་རེད།
( 4 ) བདེ་སྲུང་ལས་ཁུངས་ཀྱིས་མཐའ་མ་སྤེན་པ་རྒྱ་གར་ཉེན་རྟོག་པར་རྩིས་སྤྲོད་བྱེད་སྐབས། ཁོ་གསང་མྱུལ་བ་ཡིན་པའི་བདེན་དབང་ཁུངས་སྐྱེལ་དཔང་རྟགས་ག་ཚད་ཅིག་རེག་ཡོད་དམ། ཐོག་མ་བཀྲ་ཤིས་རྒྱལ་མཚན་དང་ཀརྨ་ཡེ་ཤེས་གཉིས་ཀྱིས་ལབ་པ་དང་རྗེས་སུ་སྤེན་པ་ཁོ་རང་གིས་ཡིན་ལབ་པ་ཙམ་ཞིག་བདེན་དཔང་དུ་འགྲོ་འམ། བཀྲ་ཤིས་རྒྱལ་མཚན་སོགས་ཁོང་གསུམ་གྱི་བར་ལ་རྩོད་རྙོག་ཆེན་པོ་བྱུང་བ་ཡིན་ན་སྐད་ཆ་འདྲ་མིན་བཤད་སྲིད་པ་རེད།
( 5 ) སྤེན་པ་ཚེ་རིང་ཟེར་བ་དེ་རྒྱ་ནག་གི་གསང་མྱུལ་བ་ཡིན་པའི་བདེན་དཔང་ཁུངས་སྐྱེལ་འདང་ངེས་ཅན་ཞིག་མེད་པར་བདེ་སྲུང་གིས་ཅིའི་ཕྱིར་བོད་ནས་ཡོང་སྟེ་ལོ་གཉིས་གསུམ་ལས་ཕྱིན་མེད་མཁན་ཞིག་རྒྱ་གར་ཉེན་རྟོག་པའི་ལག་ཏུ་རྩིས་སྤྲོད་བྱས་པ་རེད་དམ།
( 6 ) བདེ་སྲུང་གིས་སྔོན་མ་ནས་ཁོ་རང་དོགས་གཞིའི་འོག་བཞག་ཡོད་མདོག་བཤད་འདུག དེས་ན་ད་ལོའི་སྤྱི་ཟླ་དང་པོའི་ནང་བཀྲ་ཤིས་རྒྱལ་མཚན་དང་ཀརྨ་ཡེ་ཤེས་གཉིས་ཀྱིས་འཛིན་བཟུང་བྱེད་པའི་བར་གྱི་ལོ་གཉིས་ལྷག་རིང་བདེ་སྲུང་ལས་ཁུངས་ཀྱིས་སྤེན་པ་གསང་མྱུལ་བ་ཡིན་པའི་བདེན་དཔང་གཅིག་ཀྱང་མ་རྙེད་པ་རེད་དམ། གལ་སྲིད་རྙེད་ཡོད་ཚེ་ཅིའི་ཕྱིར་འཛིན་བཟུང་མ་བྱས་པར་བལ་ཡུལ་དང་ལྡི་ལི་སོགས་སུ་གང་འདོད་དུ་འགྲོ་རུ་བཅུག་ཏེ་རྒྱ་ཡན་ལ་བཏང་བཞག་པ་རེད།
( 7 ) སྤེན་པ་ཟེར་བ་དེ་རྒྱ་གཞུང་གིས་ཆེད་དུ་བཏང་བའི་གསང་མྱུལ་བ་ཞིག་ཡིན་ན་བོད་མི་གསར་འབྱོར་ཉམས་ཆུང་བཀྲ་ཤིས་རྒྱལ་མཚན་དང་ཀརྨ་ཡེ་ཤེས་གཉིས་གསོད་དགོས་དོན་ཅི་རེད། གཞན་སྐུ་མདུན་དང་བཙན་བྱོལ་བོད་མིའི་གནད་ཡོད་མི་སྣ་དེ་ཚོ་ཅི་ལ་ལྐོག་གསོད་བྱེད་ཐབས་མ་བྱས་པ་རེད། ༼དྲི་བ་འདི་བདེ་སྲུང་གིས་སྤེན་པར་ཅི་ལ་མ་དྲིས་པ་རེད།༽
( 8 ) བདེ་སྲུང་གིས་སྤེན་པ་ཚེ་རིང་ཟེར་བ་དེར་སྔོན་མ་ནས་དོགས་གཞིའི་འོག་བཞག་ཡོད་ཚུལ་དང་། འདི་ལོའི་སྤྱི་ཟླ་གཉིས་པའི་ནང་ལྡི་ལི་ནས་ཕོ་གསར་གཉིས་ཀྱིས་འཇུ་བཟུང་བྱས་ཏེ་གནས་ཚུལ་མང་པོ་ཞིག་གསལ་ཁ་བྱུང་བ། ད་དུང་སྐབས་དེར་སྤེན་པས་མི་གསོད་བྱེད་ཀྱི་དུག་ཉར་ཡོད་པ་བདེ་སྲུང་ལས་བྱེད་ཚོས་དངོས་སུ་མཐོང་བ་དང་སྤེན་པ་ཁོ་རང་གིས་ཀྱང་ཁེ་ལེན་བྱས་པ་བཅས་དཔང་རྟགས་གསུམ་ཚང་ཡོད་ཀྱང་། སྐབས་དེར་བདེ་སྲུང་གིས་ཁོ་རང་འཛིན་བཟུང་བྱེད་རྒྱུ་ཕར་ཞོགས། ད་དུང་བྲོས་འགྲོ་བ་དང་རྗེས་ནས་ཀྱང་ཡ་མེད་བཏང་སྟེ་སྤྱི་ཟླ་ལྔ་པའི་བར་རང་འགར་འཇོག་དོན་གང་ཡིན་ནམ།
( 9 ) བདེ་སྲུང་ལས་ཁུངས་ཀྱི་འགོ་བྱེད་ཚོས་སྤེན་པ་ཚེ་རིང་དང་བཀྲ་ཤིས་རྒྱལ་མཚན་སོགས་ཀྱི་བར་དུ་རྙོག་དྲ་དང་གནས་ཚུལ་ག་རེ་ཡོད་པ་དེ་ལ་རྩད་ཞིབ་དང་། གནད་དོན་གང་ཞིག་ཡོད་ན་དེ་སེལ་ཐབས་མི་བྱེད་པར་ཐད་ཀར་རྒྱ་གར་ཉེན་རྟོག་པར་རྩིས་སྤྲོད་བྱེད་དོན་གང་ཡིན་ནམ། སྐུ་མདུན་གྱི་སྐུ་ཕྱ་མ་ཡིན་པའི་བོད་པ་ནང་ཁུལ་དུ་གནས་ཚུལ་ཆེ་ཆུང་གང་ཞིག་ཡོད་ཀྱང་དེ་ལ་བདེ་སྲུང་གིས་ལག་པ་འཆང་མ་འདོད་མེད་པ་རེད་དམ།
( 10 ) སྤེན་པ་དང་ཕོ་གསར་དེ་གཉིས་ལས་སྤེན་པ་སྔོན་ལ་རྒྱ་གར་ནང་འབྱོར་བ་ཡིན་ཚོད་འདུག དེ་ན་སྐབས་དེར་སྤེན་པ་གསང་མྱུལ་བ་རེད་དམ། ཡིན་ན་ཁོས་གསང་བའི་ལས་ཅི་ཞིག་བྱེད་རྩིས་ཡོད་པ་རེད་དམ། སྐབས་དེར་ཁོ་གས་མྱུལ་མ་མིན་ན་བདེ་སྲུང་གི་ལག་འོག་ཏུ་ཡོད་བཞིན་དུ། ཅིའི་ཕྱིར་བདེ་སྲུང་གིས་ཁོ་ལ་གོ་སྐོན་སློབ་གསོ་དང་། འགྲོ་སྟངས་ཡག་པོ་ཞིག་གི་ཐོག་ལ་འཇོག་མ་ཐུབ་པ་རེད།
ད་དུང་དྲི་བ་དང་དོགས་པ་མང་ཐག་ཆོད་ཅིག་ཡོད་ནའང་གནད་དོན་ཆེ་ཤོས་ནང་གི་ཆེ་ཤོས་དེ་གང་རེད་ཟེར་ན། བོད་མི་སྤྱི་བོ་གནམ་བསྟན་སུ་འདྲ་ཞིག་ཡིན་ན་ཡང་། རྒྱ་ནག་གིས་གལ་སྲིད་གསང་མྱུལ་བ་ཞིག་བཏང་ཡོད་པ་ཡིན་ན་གསར་འབྱོར་ཉམས་ཆུང་གཉིས་གསོད་པའི་ལས་འགན་མི་སྤྲོད་པ་གསལ་བོ་གསལ་རྐྱང་རེད།
བདེ་སྲུང་གིས་ལས་ཀ་ཐབས་སྡུག་མང་པོ་བྱས་ཟིན་པ་རེད། ད་རེ་འདི་ཙམ་ཚད་ཀྱི་མ་རེད།
ཁོང་ཚོ་གསར་འགྱུར་དང་། ཉམས་ཆུང་ཐོག་ཏུ་རྒྱ་སྟག་ངར་མ་རང་རེད། དཔེར་མཚོན་ཙམ་ཞུས་ན། སྔོན་ཞིག་ལ། བདེ་སྲུང་དངོས་གྲུབ་ཀྱིས་སྤྱི་མཐུས་ལྷན་ཚོགས་ཐོག་ཏུ། ཨོའུ་སི་ཁྲོ་ལེ་ཡ། ལ་ཡོད་པའི་དཔལ་འབྱོར་ཚེ་རིང་བོད་ནང་ཐེངས་བཞི་་སོང་བ་དང་། རྒྱའི་གཞུང་ཚབ་ཁང་དུ་སོང་རབས་སོགས་ཀྱིས་རྒྱུ་མཚན་དུ་བྱེད་དེ། ཁ་སྤོབས་ཆེ་པོའི་ཐོག རྒྱའི་སོ་བ་ཡིན་པའི་ཁུངས་ལྡན་གང་ཡང་མེད་ནའང་། འུར་བསྒྲོགས་ལུང་གང་བྱས་པ་རེད། བོད་ནང་ཐེངས་བཞི་ལས་མང་བ་འགྲོ་མཁན་མང་པོ་ཡོད་པར་མ་ཚད། གཞུང་ཚབ་ཁང་དུ་ཐེངས་མང་འགྲོ་མཁན་དང་། གཞུང་ཚབ་ཀྱི་མི་སྣ་དང་། དངོན་གསལ་འབྲེལ་བ་ཡོད་མཁན་མང་པོ་ཡོད་རེད། དེ་ཚོ་ལ་བདེ་སྲུང་ནས་ཚིག་གཅིག་གསྲུངས་ཡོད་མ་རེད། སྒེར་གྱི་སྙིང་ནད་རྩོད་ཕྱིར་མི་ཉམས་ཆུང་མི་གྲལ་ནས་ཕུད་ཐབས་གནང་བཞིན་པའི་ངོ་མཚར་གྱི་རྒྱུད་རིམ་མང་པོ་ལས། བོད་རྩ་དོན་ལ་ཕན་པའི་ལོ་རྒྱུས་ཉུང་ཙམ་རེད། ད་མང་པོ་མི་བྲི།
བདེ་སྲུང་ཚང་གི་ལས་བྱེད་རེ་ཟུང་གིས་ཟོག་རྫུ་དང་རྫིག་པོ། སྦམ་མདོག་བསྟན་པའི་མཇུག་འབྲས་འདི་རེད། ཡར་ཡར་གསང་མྱུལ་བ་རེད། མར་མར་ལ་དོགས་གཞི་འདུག་ཟེར་ནས་རྗེས་འདེད་དང་འབོད་འགུག་བྱས་ཏེ་འདྲི་རྩད་སྣ་ཚོགས་བྱེད་ཀྱིན་ཡོད། འདིའི་སྐོར་མི་གཅིག་དང་གཉིས་མ་རེད། ང་རང་གི་གྲོགས་པོ་དང་ངོ་ཤེས་མཁན་གཉིས་གསུམ་ཞིག་ལ་གནས་ཚུལ་འདི་བྱུང་འདུག བློ་ཕམ་དང་ཁོང་ཁྲོ་ཆེན་པོ་བསླངས་འདུག
དངོས་གནས་བྱས་ན་བདེ་སྲུང་གིས་ད་བར་རྒྱ་ནག་གི་གསང་མྱུལ་བ་ངོ་མ་ག་ཚོད་ཅིག་འཛིན་ཐུབ་ཡོད་དམ། བཙན་བྱོལ་ནང་ལ་རྒྱ་མིའི་གསང་མྱུལ་བ་ལྔ་བརྒྱ་དང་དྲུག་བརྒྱ་བཏང་འདུག་ཟེར་ནས་མི་ཚང་མ་ཕན་ཚུན་ལ་དོགས་པ་སློང་པ་ལས། དཔང་རྟགས་ར་འཕྲོད་གསལ་བོ་བྱུང་བའི་གསང་མྱུལ་བ་ག་ཚོད་འཇུས་ཡོད་དམ། དོགས་འདྲི་བྱས་པ་དང་ནག་པོ་བཟོས་པ་ཉུང་ཉུང་ཞིག་གཏན་ནས་མིན་པ་ཚང་མས་མཁྱེན་གསལ་རེད།
སྤེན་པ་ཚེ་རིང་ཟེར་བ་འདི་གསང་མྱུལ་བ་ཞིག་ཡིན་མིན་མི་ཤེས་ཏེ། ཁོ་རང་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་རེག་པའི་པར་ཞིག་བརྒྱུད་ལམ་ཁག་ཏུ་འགྲོ་བཞིན་འདུག ཁོ་གསང་མྱུལ་བ་ཞིག་ཡིན་ན་གནས་ཚུལ་དེ་ཡ་མཚན་པོ་རེད། གལ་སྲིད་གསང་མྱུལ་མ་མིན་ཚེས་བདེ་སྲུང་གིས་ཅིའི་ཕྱིར་རྒྱ་གར་ཉེན་རྟོག་པར་རྩིས་སྤྲོད་བྱས་པ་རེད་དམ།
ཕྱོར་ཚང་གིས་བཤད་པ་ལ་རྒྱུ་མཚན་འདུག
བདེ་དོན་དང་བདེ་སྲུང་གི་ལས་བྱེད་དེ་ཚོ་གསར་འབྱོར་ཚོའི་ཐོག་རྒྱ་སྟག་འདྲ་པོ་ཡོད་རེད།
དྲང་པོ་བཤད་ན་ཁོང་ཚོའི་ཉིན་རེའི་ཟླ་ཕོགས་གང་ནས་ཡོང་པ་རེད།
དེ་ཚོ་བཙན་བྱོལ་བོད་མིའི་དང་བླང་དཔྱ་དངུལ་ལས་ཡོང་པ་རེད།
ཁོང་ཚོའི་ཟླ་ཕོགས་གང་ནས་འོངས་པ་བརྗེད་ནས་རྫིག་ཉམས་དོད་ཀྱི་ཡོད་རེད།
བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་ཚོ་༧གོང་ས་མཆོག་གི་སྐུའི་སྔ་རྗེས་སུ་ཁྱད་ཆོས་རྒྱག་རྒྱུ་དང་། གསར་འབྱོར་སྐྱོ་བོ་ཚོའི་སྒང་ལ་དཔོན་ཉམས་སྟོན་རྒྱུ་ལས། གནད་འགག་ལ་ཐུག་དུས་འགན་འཁུར་གྱི་མེད་པ་གསལ་བོར་བསྟན་འདུག