མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྦེལ་ཀོབ་དང་མོན་གྷོའི་རྒན་མགོ་ཚོར་དམིཊ་བསལ་མཇལ་ཁ་བཀའ་སློབ་བསྩལ།

བོད་ཀྱི་དུས་བབ།
༢༠༡༣/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༥ ཉིན་ནས་བཟུང་༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆིབས་བསྒྱུར་བསྐྱངས་ཏེ། སྦེལ་ཀོབ་བོད་མིའི་གཞིས་སྒར་དང་སེ་ར་བྱེས་སྨད་གཉིས། རྣམ་གྲོལ་གླིང་། བཀྲ་ཤིས་ལྷུན་པོ། རྫོང་དཀར་ཆོས་སྡེ། རྒྱུད་སྨད་གྲྭ་ཚང་། དེ་བཞིན། མོན་གྷོ་འདོད་དགུ་གླིང་བོད་མིའི་གཞིས་སྒར་དང་། དགའ་འབྲས་གཉིས་བཅས་སུ་བཀའ་ཆོས་དང་གཞིས་མི་རྒན་རབས་པ་དག་ལ་དམིགས་བསལ་མཇལ་ཁ་བཀའ་སློབ་བསྩལ་འདུག

ཕྱི་ཚེས་ ༡༧ ཉིན་༧གོང་ས་མཆོག་མོན་གྷོ་འདོད་དགུ་གླིང་དུ་ཞབས་སོར་བཀོད་ཡོད་པ་དང་། ཕྱི་ཚེས་ ༡༨ ཉིན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་ ༣༢༦ དང་།  འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དགེ་འདུན་པ་ ༢༧༣། དགའ་ལྡན་ཤར་རྩེ་གྲྭ་ཚང་གི་དགེ་འདུན་པ་ ༥༨། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་འདུན་པ་ ༡༩༥ བཅས་ཁྱོན་དགེ་འདུན་པ་ ༨༥༢ ལ་བསྙེན་རྫོགས་བསྒྲུབས་ཡོད་འདུག

ཚེས་ ༡༩ འབྲས་སྤུངས་བླ་སྤྱིའི་འདུ་ཁང་དུ། མོན་གྷོ་འདོད་དགུ་གླིང་གཞིས་གྲོང་དྲུག་པ་དང་བདུན་པ། བརྒྱད་པ་བཞི་པ་བཅས་ཀྱི་རྒན་མགོ་རྣམས་ལ་དམིགས་བསལ་མཇལ་ཁ་བསྩལ་ཏེ། ཁྱེད་རང་ཚོ་མི་ཚེ་རིང་པོར་བསྡད་པ་རེད། སྐྱེས་པའི་མཐའ་མ་འཆི་བ་ཆོས་ཉིད་ཡིན་ཡང་། ང་ཚོར་ཚེ་རབས་དང་སྐྱེས་རབས་འགྲོ་རྒྱུ་ཡོད་སྟབས། སྐྱེས་པ་ཕྱི་མར་མི་ལུས་འཐོབ་རྒྱུ་དང་བོད་པའི་སྤྱི་ཚོགས་ནང་སྐྱེས་ཏེ་སངས་རྒྱས་བསྟན་པ་དང་བོད་སྤྱི་བར་ཞབས་འདེགས་བསྒྲུབ་ཐུབ་རྒྱུར་ཁྱེད་རང་ཚོས་སྨོན་ལམ་རྒྱོབས། ངས་ཀྱང་སྨོན་ལམ་རྒྱག་དགོས་ཞེས་གསུངས་ཡོད་འདུག གཞིས་གྲོང་དང་པོ་དང་གཉིས་པ། གསུམ་པ་དང་ལྔ་པ། དགུ་བ་བཅས་ཀྱི་རྒན་མགོ་ཚོར་དགའ་ལྡན་དགོན་དུ་དམིགས་བསལ་མཇལ་ཁ་གནང་རྒྱུ་ཡིན་འདུག

ཕྱི་ཚེས་ ༢༡ ཉིན་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་འདུ་ཁང་འོག་ཤོད་དུ། ༧གོང་ས་མཆོག་གིས་སྐྱ་སེར་ཆིག་ཁྲི་བརྒལ་བར་སྒྲོལ་མའི་ཚེ་དབང་གནང་ཡོད་ཅིང་། ཐོག་མར་ནང་ཆོས་ངོ་སྤྲོད་དང་འབྲེལ་ཐོག་མ་བཙན་བྱོལ་དུ་འབྱོར་སྐབས་ཀྱི་ཕོ་གསར་མོ་གསར་དེ་ཚོ་ད་ལྟ་རྒན་མགོ་ཆགས་ཏེ། སོ་སོའི་ཕྲུ་གུ་དང་དེའི་ཕྲུ་གུ་སོགས་འཚར་ལོངས་བྱུང་ཡོད་ཅིང་། མི་སྒེར་ཞིག་གི་མི་ཚེའི་ཐད་ནས་ལོ་ལྔ་བཅུ་ཟེར་བ་ཅུང་རིང་པོ་ཡིན་ཡང་། མི་རིགས་ཤིག་གི་འཐབ་རྩོད་ཀྱི་ཐད་ནས་བཤད་ན་ལོ་ལྔ་བཅུ་དེ་ཐུང་ཐུང་ཡིན་པ། གཞིས་ལུས་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་ལྷག་བསམ་གཡོ་བ་མེད་པར་གནས་བསྡད་ཡོད་པ་འཛམ་གླིང་ཀུན་གསལ་ཆགས་ཡོད་སྟབས། བོད་མི་ཚོར་ཆོས་དང་སྐད་ཡིག་ལོགས་སུ་ཡོད་པ་དེར་བདག་པོ་རྒྱག་བཙན་བྱོལ་ནང་གི་བོད་མི་ཚོར་ལས་འགན་ཡོད་པ། དེ་རྒྱ་གར་ཙམ་མ་ཡིན་པར་ནུབ་ཕྱོགས་ཡུལ་ཁག་ཏུ་སྡོད་མཁན་ཚོར་ཡང་བོད་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་ཡོད་དགོས་སྐོར་སོགས་གསུངས་འདུག  

གཞན། ཉེ་ལམ་ཟླ་འདིའི་ཚེས་ ༦ ཉིན་སྦེལ་ཀོབ་སེར་བྱེས་གྲྭ་ཚང་གི་འདུ་ཁང་དུ། ༧གོང་ས་མཆོག་དགུང་གྲངས་ ༧༨ ལ་ཕེབས་པའི་སྐུ་འཁྲུངས་སྐར་མཛད་སྒོའི་ཚོགས་དགོན་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཚེས་ ༧ ཉིན་སེར་བྱེས་གྲྭ་ཚང་གི་ཚན་རིག་བསྟི་གནས་ཁང་གསར་པ་དབུ་འབྱེད་རབ་གནས་དང་འབྲེལ། ཚན་རིག་སློབ་སྦྱོང་གནང་མཁན་གྱི་དགེ་འདུན་ ༡༢༠ ཙམ་ལ་བཀའ་སློབ་བསྩལ་དོན། “ ཁྱེད་རང་ཚོས་ཚན་རིག་ལ་སློབ་སྦྱོང་བྱེད་རྒྱུ་དེ་སོ་སོའི་ཤེས་བྱའི་གནས་གཅིག་པུ་མིན། སངས་རྒྱས་ཀྱི་བསྟན་པ་དུས་རབས་ཉེར་གཅིག་པ་འདིིའི་ནང་ཚན་རིག་པས་འཛམ་གླིང་འདིའི་ཐོག་བདེན་དོན་རྩོད་ཀྱི་ཡོད་པ་རྩོད་མེད་ཡོངས་གྲགས་རེད། སངས་རྒྱས་པའི་ཆོས་དེ་ཚན་རིག་པ་དང་མཉམ་དུ་འགྲེལ་བཤད་རྒྱག་ཐུབ་པ་དང་ལག་སྦྲེལ་གཏོང་ཐུབ་པ་ཞིག་བྱུང་ན། དེ་ཡང་ངོས་ཀྱིས་སངས་རྒྱས་པའི་ཆོས་སྤེལ་རྒྱུའི་དོན་དག་མིན་པར། འཛམ་གླིང་འདིའི་ཐོག་མིའི་རྣམ་དཔྱོད་སྤེལ་རྒྱུར་ངོས་ཀྱིས་འབད་བརྩོན་བྱེད་བཞིན་ཡོད།” ཅེས་སོགས་གསུངས་འདུག

ཕྱི་ཚེས་ ༨ ཉིན་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཕེབས་ཏེ་སེར་སྨད་གཙུག་ལག་ཁང་དུ་གནས་གཟིགས་དང་། སེར་སྨད་གྲྭ་ཚང་དང་དགའ་ལྡན་ཤར་རྩེ་གྲྭ་ཚང་གཉིས་ཀྱིས་བསམ་བློ་རྒྱ་ཆེ་ས་ནས་བཏང་སྟེ་དཀའ་ངལ་ལ་གདོང་ལེན་གྱིས་དད་པ་དམ་ཚིག་གཙང་མ་བཟོས་པར་བསྔགས་བརྗོད་དང་། དགེ་འདུན་པ་ ༥༠༠ ཙམ་ལ་བསྙེན་རྫོགས་ཀྱི་སྡོམ་པ་འབོགས་གནང་ཡོད་པ་དང་། ཉིན་དེའི་ཉིན་རྒྱབ་ཆུ་ཚོད་ ༢ ཙམ་ལ། རྒྱ་གར་གྲོང་ཁྱེར་བྷིང་ལོར་ཁུལ་དུ་མཐོ་སློབ་འགྲིམ་བཞིན་པའི་འབྲུག་པའི་སློབ་ཕྲུག་ ༡༠༠ ལྷག་ལ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་འདུག

ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོར་སྦེལ་ཀོབ་ལུགས་བསམ་བསམ་གྲུབ་གླིང་གཞིས་ཆགས་ཀྱི་མཉམ་འབྲེལ་ཚོགས་ཁང་ཆེན་མོ་དབུ་འབྱེད་རབ་གནས་དང་། སྦེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་ཀྱི་ལོ་ ༦༠ བརྒལ་བའི་རྒན་རྒོན་ ༡༠༠༠ ལྷག་ལ་མཇལ་ཁ་དང་ཁོ་ཚོའི་མི་ཚེ་དོན་དང་ལྡན་པ་ཞིག་བྱུང་ཡོད་སྐོར་དང་། རང་གི་ལུས་པོས་དཀའ་ལས་བརྒྱབ་སྟེ་བོད་བསྟན་སྲིད་ལ་ཞབས་འདེགས་བསྒྲུབས་པ་དེ་བསོད་ནམས་ཆེན་པོ་བསགས་ཡོད་པ་དེའི་མཐུ་ལ་བརྟེན་ནས་ཚེ་རབས་ནས་ཚེ་རབས་མི་ལུས་ཐོབ་ཐུབ་རྒྱུ་དང་། མི་ལུས་ཀྱི་ནང་ནས་ཀྱང་བོད་པའི་མི་རིགས་ཤིག་ཐོབ་རྒྱུའི་སྨོན་ལམ་རྒྱོབས་དང་སྨོན་ལམ་དེ་བསྒྲུབ་ངེས་རེད། ཅེས་སོགས་ཀྱི་བཀའ་སློབ་གནང་ཡོད་འདུག

གཞན། གཞིས་གྲོང་དང་པོའི་བྱང་ཆུབ་མཆོད་རྟེན་ལ་རབ་གནས་དང་། སྔ་འགྱུར་རྙིང་མའི་གདན་ས་རྣམ་གྲོལ་གླིང་དུ་ཆིབས་བསྒྱུར་བསྐྱངས་ཏེ། དགོན་པ་དེའི་གྲྭ་བཙུན་ ༣༠༠༠ ཉེ་བར་སངས་རྒྱས་ཀྱི་བསྟན་པ་ནི་ལུང་རྟོགས་ཀྱི་བསྟན་པར་ཐུག་ཡོད་པ་ལྟར། ཐོས་བསམ་སྒོམ་གསུམ་གནང་བའི་ཐོག་ནས་རང་རྒྱུད་ལ་ལུང་རྟོགས་གཉིས་ཀྱི་ཡོན་ཏན་གྱི་ཕྱུག་པ་ཞིག་བྱེད་རྒྱུ་དང་། ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་གལ་ཆེ་བས་དེའི་ཐད་ཚང་མས་ཧུར་སྐྱེད་གནང་དགོས་པ། བོད་ཀྱི་སངས་རྒྱས་བསྟན་པ་དང་སྐད་ཡིག་དེ་བོད་ཀྱི་ཆབ་སྲིད་དང་འབྲེལ་བ་ཆགས་ཡོད་པ་མ་ཟད། བོད་མི་རིགས་ཀྱི་བླ་སྲོག་དེ་ཡང་སངས་རྒྱས་ཀྱི་བསྟན་པ་དང་བོད་ཀྱི་སྐད་ཡིག་གིས་བཟུང་ཡོད་སྐོར་བཀའ་སློབ་དང་། དགེ་འདུན་པ་ ༢༠ ཙམ་ལ་བསྙེན་རྫོགས་བསྒྲུབས་ཏེ་ཞག་བཞུགས་གནང་ཡོད་འདུག

ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོར་བཀྲ་ཤིས་ལྷུན་པོར་ཆིབས་བསྒྱུར་གྱིས་ཆོས་རྭ་གསར་པ་དབུ་འབྱེད་རབ་གནས་དང་དགེ་འདུན་པ་རྣམས་ལ་བཀའ་སློབ་གནང་རྗེས་རྫོང་དཀར་ཆོས་སྡེ་གྲྭ་ཚང་དུ་ཆིབས་བསྒྱུར་བསྐྱངས་ཏེ། ཆོས་ཞུ་བ་ཆིག་ཁྲི་བརྒལ་བར་དགྲ་ནག་བཅུ་གསུམ་མའི་བཀའ་དབང་དང་བསྩལ་ཡོད།  

ཕྱི་ཚེས་ ༡༤ ཉིན་རྒྱུད་སྨད་གྲྭ་ཚང་དུ་༸པཎ་ཆེན་བློ་བཟང་ཆོས་རྒྱན་མཆོག་གིས་མཛད་པའི་ཕྱག་རྒྱ་ཆེན་པོའི་རྩ་འགྲེལ་དབྱངས་གསལ་སྒྲོན་མེའི་བཀའ་ཁྲིད་གནང་ཡོད་པ་དང་ཕྱི་ཚེས་ ༡༥ ཉིན་མི་མང་ལ་བཀའ་སློབ་བསྩལ་ཡོད། ཁོང་གིས་མུ་མཐུད་དུ། “བཙན་བྱོལ་དུ་ང་ཚོ་བོད་མི་འབུམ་གཅིག་དང་ཕྱེད་ཀ་ལྷག་ཡོད། དེའི་ནང་ནས་དངོས་གནས་སངས་རྒྱས་ཀྱི་བསྟན་པར་ཕྲན་བུ་གོ་བ་ཆགས་ཏེ་ཡོང་མཁན་ཉུང་ཉུང་རེད། སངས་རྒྱས་ཀྱི་བསྟན་པ་དཔལ་ན་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་ཁ་ཡོད་ལག་ཡོད་ཀྱིས་འཛིན་རྒྱུའི་གོ་སྐབས་ཡོད་པ་དེ་ཕལ་ཆེར་ང་ཚོ་འདི་གར་ཡོད་པའི་ཉུང་ཤས་དེ་དག་རེད། ང་ཚོས་ཕྲན་བུ་གཟབ་ནན་དང་རིག་པ་མ་སྒྲིམ་ན་གཞན་དག་གིས་བྱེད་མཁན་ཡོད་པ་མ་རེད། བསྟན་པ་འཛིན་ཞེས་པ་ནི་གཙོ་བོ་ང་ཚོའི་རྒྱུད་ཀྱི་སེམས་མ་དུལ་བ་དེ་དག་འདུལ་བ་དང་མ་ཞི་བ་དེ་ཞི་བར་བྱེད་རྒྱུའི་ཐོག་ནས་འཛིན་དགོས་ཀྱི་ཡོད། སེམས་མ་དུལ་བ་འདུལ་བ་དང་མ་ཞི་བ་དེ་ཞི་བར་བྱེད་རྒྱུ་དེ་ཡང་ཡིད་ཆེས་དང་། སྨོན་ལམ། གཟུངས་སྔགས་བགྲངས་པ་ཁོ་ན་མིན། མ་དུལ་བ་བྱེད་མཁན་དེའི་མཚང་རྟོལ་ནས་ནུས་མེད་གཏོང་དགོས། མཚང་བརྟོལ་རྒྱུ་དེ་ཡང་དབང་ཡོད་ཤོད་རྒྱུ་མེད་སྟབས། རྒྱུ་མཚན་དྲངས་ནས་མཚང་བརྟོལ་དགོས་པར་བརྟེན་ཆོས་རབ་ཏུ་འབྱེད་པའི་རྣམ་དཔྱོད་ཀྱི་ཤེས་རབ་ཐོག་ནས་ཡོང་དགོས་པ་ཞིག་རེད།”ཅེས་བཀའ་སློབ་གནང་ཡོད་འདུག

ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོར་རྒྱུད་སྨད་གྲྭ་ཚང་དུ་ཆོས་ཞུ་བ་རྣམས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གནང་བ་དང་འབྲེལ་བཀའ་སློབ་གནང་དོན། “་སྤྱིར་བཏང་ང་ཚོ་བོད་པའི་གནས་ཚུལ་ཕྱོགས་གཅིག་ནས་གཉན་འཕྲང་གི་དུས་ཚོད་ཐོག་བསླེབས་ཡོད། ང་ཚོ་བཙན་བྱོལ་དུ་ཡོད་མཁན་རྣམས་རང་དབང་གི་ལུང་པར་གནས་ཡོད། ང་ཚོའི་ལས་འགན་ནི་སོ་སོ་རང་ཉིད་འཚོ་གནས་ཁོ་ནའི་སྐད་ཆ་མིན། ང་ཚོ་བོད་མི་རིགས་ཀྱི་རིག་གཞུང་དང་བཅས་པའི་ཆེད་དུ་ཡིན་སྟབས། ང་ཚོ་རང་དབང་ལུང་པའི་ནང་གང་ལྟར་སོ་སོའི་དམིགས་ཡུལ་བཟུང་སྟེ་འགན་འཁྱེར་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གལ་ཆེ་ཤོས་གཞོན་སྐྱེས་ཁྱེད་རང་ཚོ་རྒྱ་གར་དུ་སྐྱེས་ནས་འདི་གར་སློབ་སྦྱོང་བྱས་པ་དང་ཆབས་ཅིག་འཚར་ལོངས་ཡོང་བཞིན་ཡོད། ང་ཚོ་བོད་པ་དང་བོད་པའི་ཆོས་ཞེས་པ་འདི་གང་འདྲ་ཞིག་ཡིན་པ་དོ་སྣང་བྱས་ཐོག་སློབ་སྦྱོང་བྱས་ཏེ་ཤེས་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྩ་བ་བོད་ཡིག་ཡིན་པར་བརྟེན་ཚང་མས་བོད་ཡིག་ལ་དོ་སྣང་བྱེད་རོགས” ཞེས་སོགས་བཀའ་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།

༢༠༢༦/༠༥/༢༣
བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༦/༠༥/༢༢
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

༢༠༢༦/༠༥/༢༢
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡

མཆན། 3

  1. བསྟན་འཛིན་ཐོག་མེད། says:
    ལོ་ 13 སྔོན།

    “སེར་སྨད་གྲྭ་ཚང་དང་དགའ་ལྡན་ཤར་རྩེ་གྲྭ་ཚང་གཉིས་ཀྱིས་བསམ་བློ་རྒྱ་ཆེ་ས་ནས་བཏང་སྟེ་དཀའ་ངལ་ལ་གདོང་ལེན་གྱིས་དད་པ་དམ་ཚིག་གཙང་མ་བཟོས་པར་བསྔགས་བརྗོད་དང་།” ཞེས་གསུངས་པ་དེའི་ནང་དོན་ག་རེ་ཡིན་ནམ། དོལ་རྒྱལ་སྐོར་ལ་གསུང་གི་ཡོད་པ་རེད་དམ་ཡང་ན་ལོ་རྒྱུས་ཐཽག་ནས་གསུང་གི་ཡོད་པ་རེད་དེ་གཅིག་ཤཻས་འདོད་བྱུང་སོང་། དེ་ནས་༧གོང་ས་མཆོག་གིས་ད་རེས་སྦེལ་ལ་ཀོབ་པེ་དང་མོན་སྒོ་ཊི་གཉིས་ཀྱི་བོད་མིའི་གཞིས་གྲོང་ཁག་གི་རྒན་འཁོགས་ཚོར་དམིགས་བསལ་མཇལ་ཁ་དང་བཀའ་སློབ་གསུང་བཤད་གནང་བ་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད། སྤྱིར་བཏང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཚང་མའི་ནང་དུ་ལྷག་ཡོད་པ་ནི་སྔོན་མ་བཙན་བྱོལ་ལ་ཐོག་མར་ཡོང་མཁན་གྲས་ཀྱི་རྒན་མགོ་ཚོ་ཆགས་བསྡད་ཡོད་པ་རེད། ཁོང་ཚོ་ང་ཚོའི་བཙན་བྱོལ་སྤྱི་ཚོགས་གསར་འཛུགས་དང་དེ་རིང་གི་གནས་སྟངས་འདི་ལྟ་བུར་འཕེལ་རྒྱས་གཏོང་མཁན་གྱི་དཀའ་སྡུག་ཉེན་ཕྲེང་དུས་ཀྱི་འཐབ་མོ་བ་དག་རེད། དེའི་རྗེས་ཀྱི་གཞོན་པ་དག་ནི་སློབ་གྲྭ་དང་ཚོང་ལ་ཕྱིན་པ་དང་མང་ཤས་ཤིག་ཕྱི་རྒྱལ་ཁག་ཏུ་ཕྱིན་ཏེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཕན་ཐོགས་པ་ཕར་ཞོགས་གཞིས་ཆགས་ཁག་གི་ཁང་པ་སང་ཞང་ས་སྲུང་ནས་སྡོད་མཁན་ཡང་ཐུབ་ཀྱི་ཡོད་པ་མ་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    རྒན་མགོ་ལས། རྒན་རྒོན་འདི་དག་པ་འདུག་སྙམ་ལགས།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ ཁྱེད་རང་ཚོ་མི་ཚེ་རིང་པོར་བསྡད་པ་རེད། སྐྱེས་པའི་མཐའ་མ་འཆི་བ་ཆོས་ཉིད་ཡིན་ཡང་། ང་ཚོར་ཚེ་རབས་དང་སྐྱེས་རབས་འགྲོ་རྒྱུ་ཡོད་སྟབས། སྐྱེས་པ་ཕྱི་མར་མི་ལུས་འཐོབ་རྒྱུ་དང་བོད་པའི་སྤྱི་ཚོགས་ནང་སྐྱེས་ཏེ་སངས་རྒྱས་བསྟན་པ་དང་བོད་སྤྱི་བར་ཞབས་འདེགས་བསྒྲུབ་ཐུབ་རྒྱུར་ཁྱེད་རང་ཚོས་སྨོན་ལམ་རྒྱོབས། ངས་ཀྱང་སྨོན་ལམ་རྒྱག་དགོས་ཞེས་གསུངས་ཡོད་འདུག ་་་་
    ་་་་་་ བཙན་བྱོལ་དུ་ང་ཚོ་བོད་མི་འབུམ་གཅིག་དང་ཕྱེད་ཀ་ལྷག་ཡོད། དེའི་ནང་ནས་དངོས་གནས་སངས་རྒྱས་ཀྱི་བསྟན་པར་ཕྲན་བུ་གོ་བ་ཆགས་ཏེ་ཡོང་མཁན་ཉུང་ཉུང་རེད། སངས་རྒྱས་ཀྱི་བསྟན་པ་དཔལ་ན་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་དེ་ཁ་ཡོད་ལག་ཡོད་ཀྱིས་འཛིན་རྒྱུའི་གོ་སྐབས་ཡོད་པ་དེ་ཕལ་ཆེར་ང་ཚོ་འདི་གར་ཡོད་པའི་ཉུང་ཤས་དེ་དག་རེད། ང་ཚོས་ཕྲན་བུ་གཟབ་ནན་དང་རིག་པ་མ་སྒྲིམ་ན་གཞན་དག་གིས་བྱེད་མཁན་ཡོད་པ་མ་རེད། ་་་་་་་
    ་་་་་་་ གལ་ཆེ་ཤོས་གཞོན་སྐྱེས་ཁྱེད་རང་ཚོ་རྒྱ་གར་དུ་སྐྱེས་ནས་འདི་གར་སློབ་སྦྱོང་བྱས་པ་དང་ཆབས་ཅིག་འཚར་ལོངས་ཡོང་བཞིན་ཡོད། ང་ཚོ་བོད་པ་དང་བོད་པའི་ཆོས་ཞེས་པ་འདི་གང་འདྲ་ཞིག་ཡིན་པ་དོ་སྣང་བྱས་ཐོག་སློབ་སྦྱོང་བྱས་ཏེ་ཤེས་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྩ་བ་བོད་ཡིག་ཡིན་པར་བརྟེན་ཚང་མས་བོད་ཡིག་ལ་དོ་སྣང་བྱེད་རོགས། ་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese