མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྨིས་མ་མྱོང་བའི་རྨི་ལམ་ཞིག་གི་ཟིན་ཐོ།

བོད་ཀྱི་དུས་བབ།
༢༠༡༣/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

སྐྱིད་བྱམས་བསྟན་འཛིན་དགའ་བ།

དུས་རབས་འདིའི་དཔལ་འབྱོར་གྱི་འཁྲུག་ཆའི་རྗེས་སུ་སྙེག་བཞིན་པའི་སོག་ཡུལ་གྱི་རྒྱལ་ས་ཨོ་ལན་པཱ་ཐུར་དུ་འཚོགས་བཞིན་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་རྒྱལ་ཁབ་མི་འདྲ་བ་སུམ་ཅུ་ལྷག་ཙམ་ནས་ཕེབས་པའི་ཚོགས་ཞུགས་པ་མི་གྲངས་བརྒྱ་ཕྲག་བཞི་ཙམ་བརྒལ་བ་དང་ལྷན་དུ་མཉམ་ཞུགས་བྱ་རྒྱུའི་སྐལ་བཟང་གི་གོ་སྐབས་བསོད་ནམས་ཀྱི་གོ་སྐལ་དུ་སྨིན་པ་འདི་ནི་ང་ལ་མཚོན་ན་དེ་སྔོན་རྨིས་མ་མྱོང་བའི་རྨི་ལམ་ཞིག་ལ་རོལ་མྱོང་བྱ་རྒྱུ་བྱུང་བ་དང་གཉིས་སུ་མ་མཆིས་པས་དགའ་བ་ལྷག་པར་མི་འཕེལ་བ་ག་ལ་སྲིད།

འོན་ཀྱང་རོལ་ཆ་དཀྲོལ་རྒྱུར་དེ་ཙམ་བྱང་གོམས་མི་ལྡན་པའི་མི་ཞིག་ལ་མཚོན་ན། མི་ཚོགས་ཁྲི་སྟོང་མང་པོའི་མདུན་སར་རོལ་ཆ་མ་དཀྲོལ་བའི་སྔ་རོལ་དུ། བློ་ངོར་ད་རེས་རོལ་མོ་འདི་དག་གིས་སྐད་གང་འདྲ་ཞིག་བརྒྱབ་ཡོང་ངམ། གལ་སྲིད་ཡག་པོ་ཞིག་མ་བརྒྱབ་ན། ཞབས་འདྲེན་ཞུས་སོང་སྙམ་ནས་ཐ་ན་དཀོན་མཆོག་ལ་ལམ་ལྷོང་ཡོང་བའི་གསོལ་འདེབས་ཀྱང་ཞུ་ཡི་ཡོད་པ་བཞིན། ང་ཡང་བྱང་གོམས་དེ་ཙམ་མི་ལྡན་པའི་རོལ་ཆ་པ་དེ་དང་མཚུངས་པས། དེ་རིང་གི་དགའ་སྤོབས་འདིའི་སྔ་རོལ་དུ་སེམས་འཚབ་མི་ཉུང་བ་ཞིག་གི་ལྕགས་ཚན་གྱིས་ལན་མང་བྲབས་ཏེ་ང་རང་ལྕགས་ཚ་བའི་སྒང་གི་གྲོག་མ་བཞིན་བག་ཡངས་ཀྱི་འཚོ་བར་རོལ་སྐལ་ཞིག་ག་ལ་མཆིས།

དེའི་རྒྱུ་མཚན་ཡང་ཤེས་སླ་སྟེ་གཅིག་ནས་ཚོགས་འདུ་འདི་སྤྱིར་བཏང་གི་ཚོགས་འདུ་ཞིག་མིན་པ་དང་། གཉིས་ནས་ཚོགས་ཞུགས་པའི་ཁྲོད་དུ་དགེ་བའི་བཤེས་གཉེན་མི་ཉུང་བ་ཞིག་ཕེབས་ཞུགས་གནང་གི་ཡོད་པ་མ་ཟད། བོད་ནང་ནས་ཀྱང་མཁས་དབང་མི་ཉུང་བ་ཞིག་ཚོགས་ཞུགས་གནང་གི་ཡོད་པ་གོ་ཐོས་བྱུང་བས། ཁོ་ཚོའི་སྙན་པ་འཕེལ་བའི་གྲོགས་སུ་འགྱུར་དཀའ་རུང་། ཞབས་འདྲེན་པའི་བྱེད་པོར་མི་འགྱུར་བ་ཞིག་ཅིས་ཀྱང་བྱ་དགོས་སྙམ་སྟེ། དཔེ་ཀློག་གི་བྱ་བར་སྔར་ལས་ཀྱང་དུས་ཚོད་མང་དུ་བཏང་བ་མ་ཟད། སྔར་ལས་ཞིབ་ཚགས་ཀྱིས་ལྟ་ཀློག་མི་བྱེད་ཀ་མེད་དུ་གྱུར་བ་དེ་ནི་ད་གཟོད་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་དཔེ་ཟླར་མཐོང་།

དུས་ཡུན་སྐར་མ་སུམ་ཅུ་ཙམ་ལས་མེད་པའི་གཏམ་བཤད་དེས་ཉན་པ་པོས་བརྗོད་དོན་ཆ་ཚང་བ་ཞིག་གོ་མིན་ཆ་མ་འཚལ་བས། ཞིབ་འཇུག་གི་གྲུབ་དོན་དུ་གྱུར་བའི་རྩོམ་ཤོག་དེ་ནི་གཏམ་བཤད་གྲུབ་རྗེས་ཙམ་དུ་མ་ཟད། དུས་ནམ་གྱི་ཚེ་ཡང་ལྟ་ཀློག་བྱེད་པོ་མཆིས་སོ་ཅིག་གིས་མིག་ལམ་དུ་རེག་ཐུབ་པ་ཞིག་ཡིན་པར་བརྟེན། ངས་གཏམ་བཤད་ལས་ཀྱང་རྩོམ་ཤོག་དེ་གལ་ཆེ་བར་བཟུང་སྟེ་ནུས་ཤུགས་འདང་ངེས་ཤིག་རྩོམ་ཤོག་དེའི་ཐོག་སྤུངས་པ་མ་ཟད། རྩོམ་ཤོག་དེ་རྒྱལ་སྤྱིའི་བོད་རིག་པའི་དུས་དེབ་སྟེང་དུ་འགོད་ཐུབ་ན་མང་པོ་ཞིག་ལ་ཕན་ཐོགས་ཡོང་ངེས་པ་མ་ཟད། དེ་ནི་ལམ་གྲོན་གྱི་རིན་དོད་དུ་ཡང་བསམས་ཏེ་ཡིད་ཆེས་དང་སྤོབས་པའི་ངང་ནས་དེ་རིང་གི་སོག་ཡུལ་ན་འཚོགས་བཞིན་པའི་ཚོགས་འདུར་མཉམ་ཞུགས་བྱས།

དེ་ལྟར་ནའང་རྒྱུན་པར་རྒྱང་ནས་བལྟས་པ་དང་ཉེ་སར་བཅར་ནས་བལྟས་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་བཞིན་དངོས་སུ་ཚོགས་འདུར་ཞུགས་དུས་ཀྱི་ངའི་སེམས་ཁམས་ནི་ཚོགས་འདུར་མ་ཞུགས་གོང་གི་སེམས་ཁམས་ལས། ཡིད་ཆེས་ཇེ་བརྟན་དུ་གྱུར་བ་མ་ཟད། གཏམ་བཤད་ཀྱི་བློ་སྤོབས་ཀྱང་སྔར་ལས་གོམ་པ་ཁ་ཤས་ཤིག་གི་མདུན་ན་སླེབས་ཡོད་པ་ཚོར། དེའི་རྒྱུ་མཚན་ཡང་སྣང་ངོར་རྫིག་ཉམས་དང་མཛེས་ཉམས་དོད་པའི་ཕྱི་གླིང་པ་དེ་དག་གིས་ངག་ནས་བརྗོད་རྒྱུ་དེ་བོད་པའི་ཆོས་དང་རིག་གཞུང་ཡིན་པས་རེད།

འོན་ཀྱང་ངོ་མཚར་སྐྱེ་འོས་པ་ཞིག་ལ་ཚོགས་འདུར་མཉམ་ཞུགས་གནང་མཁན་གྱི་ཕྱི་གླིང་པ་མང་ཆེ་བས་བོད་སྐད་ཤེས་པ་མ་ཟད། འགའ་ཞིག་གིས་བོད་སྐད་ཆུ་རྒྱུག་ཆུ་རྒྱུག་བཞིན་ཐོགས་མེད་དུ་སྐྱོན་གྱི་ཡོད་པས། ཁོ་ཚོའི་མདུན་སར་བོད་པ་ཞིག་གིས་བོད་སྐད་དང་བོད་ཡིག་ཡག་པོ་ཞིག་མི་ཤེས་ཟེར་ན་ངོ་མ་ངོ་ཚའི་འཁུར་གྱི་བཞིན་རས་ཀུ་ཤུ་ལྟར་མི་འགྱུར་བའི་རང་དབང་ཞིག་གཏན་ནས་མི་འདུག་སྙམ།

ལྷག་པར་དུ་ཕྱི་གླིང་པ་དེ་ཚོ་མང་ཆེ་བར་ཉམས་ཞིབ་ཀྱི་ཁྱད་ཆོས་ཤིག་ཡོད་པ་ནི་གཅིག་ནས་ས་གནས་ས་ཐོག་ལ་དངོས་སུ་བཅར་ནས་ཉམས་ཞིབ་གནང་ཡོད་པ་མ་ཟད། ཉམས་ཞིབ་བྱེད་སྟངས་ཀྱི་རྣམ་པ་ཡང་ཧ་ཅང་ཞིབ་ཚགས་ཀྱི་རང་བཞིན་དང་། གཤིབ་བསྡུར་གྱི་རང་བཞིན། བཅར་འདྲིའི་རང་བཞིན་སོགས་མདོར་ན་གྲུབ་དོན་དཔྱད་ཐབས་ཀྱི་འཇུག་སྒོ་མི་འདྲ་བ་སྣ་ཚོགས་ཤིག་ཡོད་པ་དེ་རེད།

དེ་ལྟ་བུའི་ཡུལ་ལ་དཔྱད་ཐབས་ཀྱི་རིག་པ་དེ་དག་ནི་མིག་དཔེར་འོས་པ་མ་ཟད། ཁོ་ཚོའི་སྐད་ཆ་བཤད་རྩལ་གྱི་ནུས་པ་དེ་དག་ཀྱང་ལྷན་སྐྱེས་ནས་རང་ཆས་སུ་ཡོད་པའི་སྣང་བ་ཞིག་སྟེར་འོང་བ་ལས་གློ་བུར་དུ་གྲ་སྒྲིག་བྱས་པའི་སྣང་བ་ཞིག་གཏན་ནས་མི་སྟེར་བས། སྐད་ཆ་བཤད་རྩལ་གྱི་བྱང་ཆའི་ཐད་ང་ནི་ཁོ་ཚོའི་མདུན་སར་ད་དུང་བྱིས་པ་ཆུང་ཆུང་ཞིག་ཡིན་པའི་སྣང་བ་འགོག་མེད་དུ་འཆར།

དེ་ལས་ཡ་མཚན་པ་ཞིག་ལ་ཚོགས་འདུ་འདིར་ཚོགས་ཐོག་ཏུ་བོད་རྒྱའི་གནད་དོན་སྐོར་གླེང་སློང་བྱས་ཚེ་རྒྱ་རིགས་ཚོགས་ཞུགས་པ་དེ་དག་ལ་སེམས་ཆུང་གང་ཞིག་གིས་བསྐུལ་བ་མ་ཤེས་པར་ཁོ་ཚོའི་ངོ་གདོང་ལ་དམར་མདངས་ཀྱིས་ཁྱབ་འགྲོ་བ་མ་ཟད། མཚམས་རེ་གཏམ་བཤད་ལ་མི་ཉན་པའམ། ཡང་ན་ཕྱི་གཡོལ་བྱེད་པ། དེ་མིན་བོད་རྒྱའི་སྐོར་གླེང་སློང་བྱ་རྒྱུ་ཡིན་པ་ཤེས་ཚེ་ཐོག་མ་ཉིད་ནས་མཉམ་ཞུགས་མི་བྱེད་པའི་རྣམ་འགྱུར་དེ་ནི་ཟུར་བལྟས་ལེབ་མཐོང་གི་དཔེ་ལྟར་གྱུར་འདུག

འོན་ཀྱང་དེ་ནི་ལྐུགས་པས་ལྷ་མཐོང་བ་ལྟར་ཧ་ལས་དགོས་པའི་རྒྱུ་རྐྱེན་ཞིག་གང་ཡང་མིན་ཏེ། དཔེར་ན་རྒྱལ་ཞེན་གྱི་སློབ་གསོའི་ཆར་ཆུ་མ་ཕོག་པའི་མི་སྣས་ཀྱང་རྒྱལ་ཞེན་གྱི་དབྱར་རྔ་སྒྲོག་དུས། ཆུང་དུས་ནས་མི་རིགས་རིང་ལུགས་ཀྱི་རྒྱལ་ཞེན་སློབ་གསོའི་ཆར་ཆུའི་འོག་ནས་འཚར་ལོངས་བྱུང་བའི་བྱིས་པ་དེ་དག་གི་རྣམ་འགྱུར་ལ་ཧ་ལས་དོན་གང་ཡང་མེད་ལ་དེ་ནི་བཟོད་བསྒོམ་བྱེད་ཐུབ་པ་ཞིག་ཀྱང་རེད། འོན་ཀྱང་གནད་དོན་ཞིག་ཤེས་དགོས་པ་དེ་ནི་བདག་ཉིད་ཆེན་པོ་གྷན་དྷིས་རྫ་མ་མདེའུ་ལས་སྲུང་སྐྱོབ་བྱ་རྒྱུ་དེ། རྫ་མ་མདེའུ་ལས་རྒྱང་རིང་དུ་འཇོག་རྒྱུ་དེ་མིན་པར། དེ་ནི་རྫ་མ་བསྲེགས་ནས་བརྟན་པོར་བཟོ་དགོས་པར་གསུངས་ཡོད།

དཔེ་འདི་བཞིན་དུ་བོད་རྒྱའི་གནད་དོན་ཡང་དེ་དང་མཚུངས་པས་ཕན་ཚུན་གླེང་སློང་གི་ལམ་ནས་བདེན་དོན་གང་ཡིན་དབྱེ་ཞིབ་ཀྱིས་འགལ་ཟླ་ཡོད་པ་ནས་མེད་པར་བཟོ་དགོས་པ་ལས། བགྲོ་གླེང་གི་བྱ་བར་མ་ཞུགས་པའི་གཡོལ་ཐབས་དེས་དུས་ནམ་གྱི་ཚེ་ཡང་སེམས་ནང་གི་ངོ་གནོང་དེ་དག་དབྱར་མཚོའི་རླབས་བཞིན་འཇགས་ཐབས་བྲལ་བས་དཀའ་ངལ་དེ་ལས་དུས་ནམ་ཡང་གྲོལ་མི་ཐུབ།

དེ་བས་ན་དོན་དངོས་ལ་གཡོལ་ཐབས་བྱེད་པ་ནི་དཀའ་ངལ་གཙང་སེལ་ཐུབ་བྱེད་ཀྱི་ཐབས་ལམ་ཞིག་མིན་པར་དེ་ལས་ལྡོག་སྟེ་ཕན་ཚུན་དབར་གྱི་འབྲེལ་ལམ་བཟང་ས་ནས་ཛ་དྲག་ཏུ་གཏོང་བྱེད་ཀྱི་ལམ་ནོར་ཞིག་རེད་སྙམ། གནད་དོན་འདི་ཚོར་བསམ་ཚེ་ཚོགས་འདུ་འདི་ནི་ངོ་མ་བློ་བསྐྱེད་དང་འཁྲུག་ཆ་གཉིས་ཀ་ཡོད་པ་ཞིག་རེད།

ཚོགས་འདུ་འདིར་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་དེ་སྔོན་ལོ་རྒྱུས་ལ་སློབ་སྦྱོང་བྱེད་མྱོང་ཡང་། དངོས་སུ་མཐོང་མ་མྱོང་བའི་ཆིངས་ཡིག་གི་མ་ཟིན་ཡིག་ཆ་མང་པོ་ཞིག་མཐོང་ཐུབ་པ་མ་ཟད། མ་ཟིན་ཡིག་ཆ་དེ་དག་ས་གནས་གང་ཞིག་ན་ཉར་ཚགས་བྱས་མིན་དང་། བརྒྱུད་ལམ་གང་ཞིག་ནས་རག་མིན།  དེ་མིན་ས་ཁྲ་མི་འདྲ་བའི་པར་རིགས་དང་། ལྷག་པར་དུ་ས་འོག་ནས་གསར་རྙེད་བྱུང་བའི་དངོས་རྫས་དང་དཔེ་ཆའི་རིགས་སོགས་མི་འདྲ་བ་མང་པོའི་འདྲ་པར་ཡང་མཐོང་ཐུབ། མཐོང་ཐོས་གསར་པ་དེ་དག་ནི་འབྱུང་འགྱུར་གྱི་ཉམས་ཞིབ་ཀྱི་རྒྱུ་ཆའི་ཁ་ཕྱོགས་ལ་སྒོ་མོ་ཞིག་གསར་དུ་ཕྱེ་བ་དང་འདྲ་བས་དམིགས་བསལ་གྱི་ཁེ་ཕན་དང་ཁྱད་ཆོས་སུ་མཐོང་།

འོན་ཀྱང་བློ་ཕམ་སྐྱེ་འོས་པ་ཞིག་ལ་མི་རྒྱུ་གཉིས་ཀྱི་བགྲོ་གྲོན་བཏང་བའི་ཉམས་ཞིབ་ཀྱི་གྲུབ་དོན་དུ་གྱུར་བའི་རྩོམ་ཤོག་ཡོངས་རྫོགས་མཉམ་ཞུགས་བྱེད་མཁན་གྱི་མི་སྣའི་ར་བ་ལས་བརྒལ་ཏེ་ལྟ་ཀློག་ལ་དགའ་བའི་སྐྱེ་བོ་ཡོད་དོ་ཅོག་གི་མིག་ལམ་དུ་བཤམས་སྟོན་མ་ཐུབ་པའི་གྱོང་གུད་དེ་ཧིན་སྒོར་གྱི་དབང་དུ་བྱས་ཚེ་ཧིན་སྒོར་ས་ཡ་མང་པོ་གྱོང་གུད་ཅིག་རེད་སྙམ། ལྷག་པར་དུ་བློ་མིག་ཁབ་རྩེ་ལས་རྣོ་བའི་ཕྱི་གླིང་པ་དེ་དག་གིས་བྲིས་པའི་ཉམས་ཞིབ་ཀྱི་གྲུབ་དོན་དེ་དག་བསྡུ་རུབ་ཀྱི་ལམ་ནས་ཉར་ཚགས་མི་ཐུབ་པ་དེ་ནི་དེ་བས་ཀྱང་ཕངས་སེམས་སྐྱེ་འོས་པ་ཞིག་རེད།

ཨ་ཅང་ཅང་གནད་དོན་འདིའི་ཐོག་ཚོགས་འདུ་གོ་སྒྲིག་པས་ཉ་མོ་མ་ཟིན་པ་མ་གཏོགས། མཚོ་མཐའ་མ་བསྐོར་བ་ཡིན་གྱི་མ་རེད། གང་ལགས་ཤེས་ན་ཚོགས་འདུ་གོ་སྒྲིིག་པར་དཔལ་འབྱོར་གྱི་དཀའ་ངལ་ཡོད་པ་ཕྱི་གསལ་ནང་གསལ་ཡིན་པ་མ་ཟད། རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་རྩོམ་ཤོག་གི་ནང་ནས་ཀྱང་དྲག་འདེམས་ཀྱིས་ཕྱག་དེབ་གཅིག་ཙམ་ལས་འདོན་ལམ་མེད་པའི་རྒྱབ་ལྗོངས་ཡང་དཔལ་འབྱོར་རང་ལ་ཐུག་ཡོད་པ་ནམ་ལངས་ཉི་ཤར་གྱི་དཔེ་ལྟར་རེད།

འོན་ཀྱང་གནད་དོན་འདི་ནི་མུ་མཐུད་ནས་སྣང་མེད་དུ་གཏན་ནས་བསྐྱུར་མི་རུང་བ་ཞིག་སྟེ། དཔེར་ན་ཞིང་པས་དཔྱིད་དུས་ཚ་དྲོད་འཕེལ་དུས་སུ་ཞིང་ཁ་རྨོས་ཤིང་། དབྱར་མགོ་ཚུགས་དུས་ཞིང་ཁ་བཏབ་སྟེ། རིམ་བཞིན་ཆར་ཆུའི་རབ་འདེགས་ཀྱི་འོག་ནས་གཅེས་སྐྱོང་ལེགས་པར་བྱས་ཏེ། སྟོན་དུས་སུ་འབྲས་བུ་ལེན་ཆོག་ཆོག་བཟོས་པ་དང་གཉིས་སུ་མ་མཆིས་པས། གནད་དོན་འདི་ལ་སྣང་ཆུང་བྱས་པ་ནི་རྣམ་དཔྱོད་ཅན་གྱི་སྐྱེས་བུའི་དགོངས་པ་བཞེས་སྟངས་ཤིག་མིན་པར་སྙམ།

དེ་བས་ན་ཚོགས་འདུ་གོ་སྒྲིག་པས་རྩོམ་ཡིག་ཡོངས་རྫོགས་བསྡུ་རུབ་ཀྱིས་དུས་དེབ་ཀྱི་ངོ་བོར་འདོན་སྤེལ་དང་ཉར་ཚགས་དཀའ་རུང་། རྩོམ་ཡིག་འདི་དག་བོད་པའི་ཆོས་དང་རིག་གཞུང་དང་འབྲེལ་བའི་གནད་དོན་ཤ་སྟག་ཡིན་སྟབས། བཙན་བྱོལ་གཞུང་གི་ཚན་པ་གང་རུང་ཞིག་ནས་འགན་ཁུར་བཞེས་ཏེ་ཉར་ཚགས་ཐུབ་ན་རྩོམ་ཡིག་འདི་དག་བསམ་ཚུལ་ཙམ་དང་ལྟ་ཚུལ་ཙམ་ལས་བརྒལ་ཏེ། ཞིབ་འཇུག་གི་གྲུབ་དོན་ཞིག་ཡིན་པས། རྩོམ་ཡིག་འདི་དག་ལ་ལྟ་ཀློག་བྱས་པ་ནི་འཆར་སྣང་ཙམ་དང་རྟོགས་སྒྲུང་གི་ངོ་བོར་གནས་པའི་རྩོམ་ཡིག་བརྒྱ་ཕྲག་ཀློག་པ་ལས་ཀྱང་རིན་ཐང་ཆེ་ལ་བློ་བསྐྱེད་ཆེ་བས། སྤྱིར་བཏང་གི་དེབ་རིགས་པར་སྐྲུན་བྱེད་པ་ལས་རིན་ཐང་བླ་ལྷག་ཏུ་ལྡན་ཡོད།

ལྷག་པར་དུ་རྩོམ་ཡིག་དེ་དག་ལས་རིགས་འགའ་ཞིག་ནི་རྒྱུ་ཆ་ཧ་ཅང་འཚོལ་རྙེད་དཀའ་བའི་རིགས་ཡིན་པས་གནད་དོན་དེ་ཚོའི་ཐོག་བོད་པ་ཞིག་གིས་ཉམས་ཞིབ་བྱ་དགོས་ཚེ་ཕྱི་རྒྱལ་པ་དེ་དག་གིས་རྒྱུ་ཆ་རྐང་གཅིག་གི་དོན་དུ་ལ་ལུང་མང་པོའི་དཀའ་སྤྱད་སྡུག་རུས་བསྟེན་ཐུབ་པ་བཞིན་ང་ཚོའི་སྡུག་རུས་ཀྱི་འཁྱོལ་མིན་ནི་ད་དུང་དོགས་པའི་གནས་ཤིག་རེད།

དེ་བས་ན་དཀའ་ལས་རྒྱག་མི་དགོས་པར་སྟོན་འབྲས་ལ་ལོངས་སྤྱོད་བྱེད་རྒྱུ་དེ་ནི་ས་པཎ་གྱིས་མཁས་པ་ཡོན་ཏན་དཔག་མེད་ཀྱང་ཞེས་པའི་སློབ་གསོ་དང་མཐུན་པ་མ་ཟད། དོན་དངོས་རྣམ་དཔྱོད་ལྡན་པའི་སྐྱེས་བུའི་སྤྱོད་ཡུལ་ཞིག་ཀྱང་ཡིན་པས་གནད་དོན་འདིའི་ཐོག་དགོངས་བཞེས་དང་བགྲོ་གླེང་གནང་གལ་ཆེ་བར་མཐོང་། དེ་ལྟར་མཐོང་ཚུལ་དང་བསམ་ཚུལ་ཞིག་གི་ཀློང་ནས་ཚོགས་འདུ་འདི་ཇི་ལྟར་མགོ་ཚུགས་པ་དང་། མཇུག་བསྒྲིལ་བ་ཡང་མི་ཤེས་པའི་དེ་རིང་ངས་སླར་ཡང་རྨིས་མ་མྱོང་བའི་རྨི་ལམ་གཞན་ཞིག་ལ་རེ་སྒུག་བྱེད་བཞིན་མཆིས་སོ།།

སོག་ཡུལ་གྱི་རྒྱལ་ས་ཨོ་ལན་པཱ་ཐུར་ནས་ཕྱི་ལོ་ ༢༠༡༣ ཟླ་བ་ ༧ ཚེས་ ༢༧

ཉིན་ཤར་མར་བྲིས་པ་དགེའོ།།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༢༠ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༠ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༤ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 1

  1. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    མྱོང་ཚོར་དངོས་བྲིས་འདི་ཧ་ཅང་ཡག་པོ་འདུག ཚོགས་བཅར་པའི་རྩོམ་ཡིག་གམ་གཏམ་བཤད་མ་ཟིན་རེག་ཐབས་ངས་ཀྱང་མང་པོ་བྱས་པ་ཡིན། རྗེས་ནས་མི་མང་པོར་དེའི་སྐོར་སྐད་དྲིས་པ་ཡིན། དེ་བྱེད་སྟངས་ཤིག་ཡིན་ས་མ་རེད། ཚོགས་གཙོ་རྙིང་པས་ཟེར་ན། ཐེངས་འདིའི་ཚོགས་བཅར་བའི་རྩོམ་ཡིག་དེབ་གཟུགས་སུ་སྐྲུན་རྒྱུ་དང་། ཚོགས་བཅར་པ་ཚོར་མུ་མཐུད་ནས་འབྲེལ་བ་བྱས་ཏེ་ཁོང་ཚོའི་རྩོམ་ཡིག་རྣམས་ཁ་འཐོར་དུ་མི་འགྲོ་བར་སྙིང་བསྡུས་རེལམ་དེབ་གཟུགས་སུ་སྐྲུན་རྒྱུ་དང་། དེ་མིན་དྲ་རྒྱ་གསར་གསར་བཟོས་ཀྱིས་དེའི་ཐོག་ཏུ་འགོར་པར་འབད་བརྩོན་བྱ་རྒྱུ་དང་། སྔར་ཡོད་དྲ་རྒྱ་ལས་གཞན་པ་ཞིག་བཟོས་གྲུབ་ཡོད་སྐོར་བརྗོད་སོང་སྙམ།
    བོད་རིག་པའི་ཞིབ་འཇུག་གི་དེབ་ཕྲེངས་བོད་དབྱིན་རྒྱ་ཡིག་ཧྥ་ཡིན། འཇར་མན་སོགས་སུ་དཔར་དུ་བཏབ་ཡོད་ཅིང་། གངས་སྐྱིད་དཔེ་མཛོད་དུའང་དབྱིན་ཡིག་སྡེ་ཙན་དུ་མང་པོ་འདུག་པ་ངས་ཉིས་༢༠༠༦ ལོར་འགའ་རེར་མཇལ་མྱོང་།

    ཚོགས་བཅར་བའི་རྩོམ་ཡིག་རྣམས་ཕལ་ཆེར་ཚོགས་པར་དབང་བ་ཡིན་ནམ་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese